སྒྲུང་གཏམ་གྱི་དབྱེ་བ་གླེང་བའི་གཏམ།

བཀྲ་བྷ། (པེ་ཅིན།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


        སྒྲུང་གཏམ་གྱི་དབྱེ་བ་གླེང་སྐབས། འབྲེལ་ཡོད་མཁས་པ་རྣམས་ལ་གླེང་ལུགས་སྣ་ཚོགས་ཤིག་ཡོད་དེ། རྣམ་པ་དམིགས་སུ་བཟུང་ནས་དབྱེ་ན་ཟིན་བྲིས་སྒྲུང་གཏམ་དང༌། འཕྲིན་ཡིག་སྒྲུང་གཏམ། གཏམ་གླེང་སྒྲུང་གཏམ་སོགས་ཡོད་པ་དང༌། བརྗོད་བྱའི་ཆ་ནས་དབྱེ་ན་ཞིང་གྲོང་སྒྲུང་གཏམ། བརྩེ་དུང་སྒྲུང་གཏམ། འཇིགས་བསྐྱེད་སྒྲུང་གཏམ་སོགས་མང་པོ་ཞིག་ཡོད་མོད། གོང་ནས་གླེང་བའི་སྒྲུང་གཏམ་གྱི་རིགས་གང་ཞིག་ཡིན་རུང༌། ཡིག་ཚོགས་ཀྱི་ཡང་ལྕི། མི་སྣའི་མང་ཉུང༌། ནང་དོན་གྱི་ཤོང་ཚད། བྱུང་རིམ་རྙོག་དྲ་ཡིན་མིན་སོགས་ཀྱི་ཆ་ནས་སྒྲུང་ཐུང་ཡིག་བརྒྱ་མ་དང༌། སྒྲུང་ཐུང་༌། སྒྲུང་འབྲིང་༌། སྒྲུང་རིང་བཅས་བཞི་རུ་དབྱེ་བ་དང་། སྒྱུ་རྩལ་ཁྱད་ཆོས་ཀྱི་ཆ་ནས་བྱུང་རིམ་གཙིགས་སུ་བཟུང་བ་དང་། གཤིས་ཀ་གཙིགས་སུ་བཟུང་བ། སེམས་ཁམས་གཙིགས་སུ་བཟུང་བ་བཅས་སུ་དབྱེ་ཆོག

གཅིག བརྗོད་བྱའི་དོན་གྱི་ཤོང་ཚད་གཞིར་བཟུང་ནས་དབྱེ་བ།

        སྤྱིར་བཏང་དུ་སྒྲུང་གཏམ་གྱི་བརྗོད་བྱའི་དོན་གྱི་ཤོང་ཚད་ནི་མི་སྣ་མང་ངམ་ཉུང་བ། མི་སྣ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བ་རྙོག་དྲ་ཡིན་མིན། གཏམ་རྒྱུད་ཀྱི་ཁེབས་རྒྱའི་ཆེ་ཆུང་དང་བྱུང་རིམ་རྙོག་དྲ་ཅན་ཞིག་ཞིབ་ཅིང་ཕྲ་བའི་སྒོ་ནས་བསྟན་ཡོད་མེད་སོགས་གཞིར་བཟུང་ནས་བརྗོད་པ་ཡིན་མོད། གཞུང་ལུགས་སྨྲ་བ་ལ་ལས་སྒྲུང་གཏམ་ལ་སྟོང་ཆ་གཙོ་བར་འདོད་དེ། གལ་སྲིད་སྒྲུང་གཏམ་པས་སྒྲུང་གཏམ་གྱི་བརྗོད་བྱའི་ཆ་མང་པོ་ཞིག་དངོས་སུ་མ་བརྗོད་ཤུགས་སྟོན་གྱི་ཚུལ་དུ་སྟོང་བར་བསྐྱུར་བ་ན། ཀློག་མཁན་གྱིས་ལྟ་ཀློག་བརྒྱུད་ནས་སྟོང་ཆ་བསྐངས་པའི་ཁག་དེའང་བརྗོད་བྱའི་ཤོང་ཚད་ཀྱི་གྲས་ལ་འདྲེན་བཞིན་ཡོད་པས། སྐབས་འདིའི་ཤོང་ཚད་ལ་གོ་བ་སྣ་གཅིག་བླངས་ན་ཆེན་པོ་འབའ་ཞིག་གི་ཐུགས་དང་མཐུན་མི་སྲིད།

ཀ སྒྲུང་གཏམ་ཡིག་བརྒྱ་མ།

        སྒྲུང་གཏམ་ཡིག་བརྒྱ་མ་ནི་སྒྲུང་ཐུང་ལས་ཀྱང་ཐུང་བའི་སྒྲུང་གཏམ་རིགས་ཤིག་ཡིན་ལ། རིག་གཞུང་སྨྲ་བ་ལ་ལས་འདི་ལ་སྐར་མ་གཅིག་གི་སྒྲུང་གཏམ་ཡང་ཟེར། སྒྲུང་གཏམ་འདིའི་རིགས་ནི་ཡིག་འབྲུ་ཉིས་སྟོང་ཡན་ལ་བརྒལ་མི་རུང་བ་ན། ཡིག་འབྲུ་ཉུང་ངུ་ཙམ་ལ་བརྟེན་ནས་གཏམ་རྒྱུད་ཆ་ཚང་ཞིག་བརྗོད་པ་དང་མི་སྣའི་སྣང་བརྙན་གསར་བཞེངས་བྱས་ཏེ། རྩོམ་མཁན་གྱི“མྱོང་ཚོར་ཞིག་གམ། བསམ་ཚུལ་ཞིག རེ་སྨོན་ཞིག ཕུགས་འདོད་ཅིག་མཚོན་པར་བྱ་དགོས་པས།” རྩོམ་པའི་ལས་ལ་འཇུག་སྐབས། རྩོམ་མཁན་གྱིས་རྙོག་དྲ་ཅན་གྱི་བརྗོད་བྱ་དང་བརྗོད་བྱའི་དོན་གྱི་རྙོག་དྲ་ཅན་གྱི་གོ་རིམ་ཡོངས་སུ་སྤངས་ཏེ། སྒྱུ་རྩལ་གྱི་རིན་ཐང་དང་དུས་རབས་ཀྱི་རྟགས་མཚན་གསལ་བའི་དོན་དག་ཕྲན་བུ་གཅིག་གམ་དུ་མ་ལ་བརྟེན་ནས་སྤྱི་ཚོགས་འཚོ་བའི་རྣམ་པ་དེ་མཚོན་དགོས།

        ཡིག་འབྲུ་ཉུང་ངུ་ཞིག་ལ་བརྟེན་ནས་བརྗོད་དོན་གསལ་ཞིང་མི་སྣར་གཤིས་ཀ་ཡོད་པའི་སྒྲུང་གཏམ་ཞིག་འབྲི་དགོས་ན། གཤམ་གྱི་དོན་ཚན་འགའ་ལ་ཡིད་འཇོག་བྱ་དགོས།

        གཅིག རྗོད་བྱེད་ཚིག་ལ་ཡིད་འཇོག་བྱས་ཏེ་ཡིག་འབྲུ་རེ་རེས་དོན་རེ་སྟོན་པར་འབད་དགོས། གཉིས། སྒྲུང་གཏམ་བློས་སློང་བྱེད་སྐབས། བརྗོད་བྱའི་དོན་དེ་ཡིག་འབྲུ་ཉུང་ཉུང་ཞིག་ལ་བརྟེན་ནས་བརྗོད་ཐུབ་མིན་ལ་བརྟག་དགོས། གསུམ། སྒྲུང་གཏམ་གྱི་བརྗོད་བྱར་གྱུར་པའི་བརྗོད་དོན་ཕྲན་བུ་དེ་དོན་དག་རྒྱ་ཆེན་པོ་ཞིག་གི་མཚོན་བྱེད་དུ་གྱུར་ཡོད་མེད་ལ་བརྟག་དགོས། བཞི། གསར་རྩོམ་དངོས་ལ་འཇུག་སྐབས། ཚིག་ཉུང་ཉུང་ཞིག་ལ་བརྟེན་ནས་བརྗོད་དོན་རྫོགས་པར་སྟོན་པར་འབད་དགོས། ལྔ། སྒྲིག་གཞི་ཚགས་དམ་པ་དང་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པ་ཐོན་པར་འབད་དགོས།

ཁ། སྒྲུང་ཐུང་།

        སྒྲུང་ཐུང་ནི་གྲངས་འབོར་ཆེས་མང་བའི་སྒྲུང་གཏམ་གྱི་རིགས་ཤིག་ཡིན་ལ། སྒྲུང་གཏམ་འདིའི་རིགས་རྩོམ་སྐབས། འཚོ་བ་ལས་དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་ཕྲན་བུ་ཁག་ཅིག་གམ་དུ་མ་གནད་དུ་བཟུང་སྟེ། སྣང་བརྙན་གསལ་བའི་ངང་ནས་མི་སྣའི་གཤིས་ཀ་མཚོན་པ་དང་གཟུགས་རིས་གསལ་བའི་སྒོ་ནས་འཚོ་བའི་རྣམ་པ་མཚོན་བཞིན་ཡོད། སྒྲུང་གཏམ་ལས་སྒྲུང་ཐུང་ལ་ཆ་མཚོན་ན་རྗོད་བྱེད་ནི་ཡིག་འབྲུ་སྟོང་འགའ་འམ་ཁྲི་གཉིས་ཡས་མས་སུ་ཚོད་འཛིན་བྱ་དགོས་པ་ན། མི་སྣ་ཉུང་ཉུང་ཞིག་ལས་མེད་པ་དང༌། མི་སྣ་གཙོ་བོའི་དཔེ་མཚོན་རང་བཞིན་ལྡན་པའི་འཚོ་བའི་ཆ་ཤས་ཤིག་དམིགས་སུ་བཟུང་ནས་གཏམ་རྒྱུད་ཀྱི་ལྷུ་ལག་བསྒྲིགས་ཏེ་བྱུང་རིམ་མཚམས་སྦྱོར་དང་ཁོར་ཡུག་བཀོད་འབྲི། མི་སྣའི་སྣང་བརྙན་གསར་སློང་བྱེད་བཞིན་ཡོད།

        སྒྲུང་ཐུང་ལ་ཁྱད་ཆོས་འདི་འདྲ་ཡོད་དེ། གཅིག སྒྲུང་གཏམ་ལས་དཔེ་མཚོན་རང་བཞིན་ལྡན་པའི་འཚོ་བའི་ཆ་ཤས་ཤིག་མཚོན་པ་ལས་རྙོག་དྲའི་རང་བཞིན་ལྡན་པའི་འཚོ་བའི་གོ་རིམ་རིང་མོ་ཞིག་མཚོན་མི་ནུས། གཉིས། སྒྲུང་ཐུང་ལ་མི་སྣ་ཉུང་བ་མ་ཟད། མི་སྣ་གཙོ་བོར་མ་གཏོགས་ཕལ་བ་རྣམས་ལ་སྣང་བརྙན་མེད། གསུམ། སྒྲུང་ཐུང་ལས་མི་སྣའི་གཤིས་ཀ་མཚོན་པ་མ་གཏོགས། གཤིས་ཀའི་འགྱུར་ལྡོག་དེ་གོ་རིམ་ཡོད་པའི་སྒོ་ནས་མཚོན་དཀའ།

ག སྒྲུང་འབྲིང་།

        སྒྲུང་གཏམ་རྩོམ་པའི་ལས་ལ་ཞུགས་སྐབས། བརྗོད་བྱ་ལ་ལ་ནི་སྒྲུང་ཐུང་བྲིས་ན་མི་ཤོང་བ་དང་སྒྲུང་རིང་བྲིས་ན་མི་ལྡང་བའི་གནས་ཚུལ་བྱུང་ན། བརྗོད་བྱ་དེ་རིགས་ནི་སྒྲུང་འབྲིང་གི་ལམ་ནས་འབྲི་དགོས། སྣང་ཚུལ་འདི་ལ་གཞིགས་ནས་བཤད་ན། སྒྲུང་འབྲིང་གིས་སྒྲུང་ཐུང་ལྟར་འཚོ་བའི་ཆ་ཤས་འབའ་ཞིག་བརྗོད་བྱར་བྱེད་མི་རུང་པ་དང༌། སྒྲུང་རིང་ལྟར་འཚོ་བའི་བརྒྱུད་རིམ་རིང་མོ་ཞིག་ཀྱང་བརྗོད་བྱར་མི་རུང་བས། ཡིག་འབྲུ་ཁྲི་ལྔ་ཡས་མས་ཙམ་ལ་བརྟེན་ནས་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་གཅིག་དུ་མ་གནད་དུ་བཟུང་སྟེ་གོ་རིམ་གསལ་བ་དང་རྙོག་དྲ་ལྡན་པའི་ངང་ནས་མཚམས་སྦྱོར་བྱ་དགོས།

        འོ་ན་སྒྲུང་འབྲིང་ལ་ཁྱད་ཆོས་ཅི་ཞིག་ཡོད་ཅེ་ན། གཅིག སྒྲུང་འབྲིང་གི་བརྗོད་བྱ་སྒྲུང་ཐུང་ལས་ཅུང་རྙོག་དྲ་ཆེ་བ་དང་དོན་དག་ཅུང་ཟད་རྒྱ་ཆེན་པོ་ཞིག་ཀློག་མཁན་གྱི་ལྟད་མོར་བཤམས་ཐུབ། གཉིས། སྒྲུང་འབྲིང་གི་མི་སྣ་སྒྲུང་ཐུང་ལས་མང་བ་མ་ཟད། མི་དང་མི་དང་མི་བར་གྱི་འགལ་བ་དང་འབྲེལ་བའང་ཅུང་རྙོག་དྲ་ཅན་ཞིག་ཡིན། གསུམ། སྒྲུང་འབྲིང་གི་མི་སྣ་མང་པོ་ཞིག་ལ་རང་གཤིས་དོད་པོ་ལྡན་པ་མ་ཟད། མི་སྣའི་གཤིས་ཀའི་འགྱུར་ལྡོག་ཐད་ཀྱི་གོ་རིམ་དེའང་ཅུང་ཟད་བརྗོད་ཆོག

ང་། སྒྲུང་རིང་།

        སྒྲུང་རིང་ནི་དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་རིང་མོ་ཞིག་ཡིན་ལ། སྒྲུང་གཏམ་འདིའི་རིགས་རྩོམ་པའི་ལས་ལ་འཇུག་སྐབས། སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་ངེས་ཅན་ཞིག་ལ་དམིགས་པ་གཏད་དེ། བརྗོད་བྱ་རྒྱ་ཆེ་ཞིང་རྙོག་འཛིང་ལྡན་པ། མི་སྣ་མང་ཞིང་མི་སྣ་ཕལ་མོའི་སྣང་བརྙན་གསལ་བ། མི་སྣ་དང་མི་སྣ་བར་གྱི་འགལ་བ་དང་འབྲེལ་བ་དེ་བྱུང་རིམ་ཕྲ་མོའི་བཀོད་འབྲི་བརྒྱུད་ནས་བསྟན་ཏེ། ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོ་ཞིག་མགོ་འཇུག་ཚང་བ་དང༌། གོ་རིམ་གསལ་བ། གཟུགས་རིས་ཡོད་པའི་སྒོ་ནས་རྒྱས་བཤད་བྱེད་ཆོག

        སྒྲུང་རིང་མང་པོ་ཞིག་ནི་ཚེག་ཁྱིམ་ཆིག་འབུམ་ཡས་མས་ཀྱིས་གྲུབ་ཡོད་ལ། དེ་ལས་རིང་ན་མི་རུང་བའི་ཚོད་འཛིན་ནི་རྒྱལ་ཁབ་དང་མི་རིགས་ཀུན་ལ་མེད། གང་ལྟར་བརྩམས་ཆོས་ལ་ཁྱད་ཆོས་འདི་འདྲ་བྱུང་ན་སྒྲུང་རིང་ལ་རྩིས་ཆོག

གཅིག སྒྲུང་རིང་གི་བརྗོད་བྱ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་རིང་མོ་ཞིག་ཡིན་པ་དང༌། གོ་རིམ་དེ་ནི་གཟུགས་རིས་ལྡན་པའི་ངང་ནས་བརྗོད་དགོས།

གཉིས། སྒྲུང་རིང་དུ་མི་སྣ་མང་པོ་ཞིག་ཡོད་པ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བའང་ཧ་ཅང་རྙོག་དྲ་ཅན་ཞིག་ཡིན་པས། སྒྲུང་རིང་རྩོམ་པའི་ལས་ལ་འཇུག་སྐབས་བྱུང་རིམ་རྙོག་དྲ་སྣ་ཚོགས་ལ་བརྟེན་ནས་མི་སྣའི་སྣང་བརྙན་གསར་བཞེངས་བྱ་དགོས་པར་མ་ཟད། མི་སྣའི་དུས་ཡུན་རིང་པོའི་འཚོ་བའི་བརྒྱུད་རིམ་དེ་ཕྲ་ཞིང་ཞིབ་པའི་ངང་ནས་མཚམས་སྦྱོར་བྱེད་པའི་གོ་རིམ་ཁྲོད་དུ། མི་སྣའི་གཤིས་ཀའི་འགྱུར་ལྡོག་གོ་རིམ་ཡོད་པའི་སྒོ་ནས་བརྗོད་དགོས།

གསུམ། སྒྲུང་རིང་ཁྲོད་དུ་ཁོར་ཡུག་བཀོད་འབྲི་བྱེད་སྐབས། སྒྲུང་ཐུང་འདྲ་བར་དུས་རབས་ཀྱི་རྟགས་མཚན་དང་ཁོར་ཡུག་བྱེ་བྲག་པ་ཙམ་ཞིག་འབྲི་བ་ལས་རིང་དུ་བརྒལ་ཏེ། རང་བྱུང་ཁོར་ཡུག་བཀོད་འབྲི་བྱས་པ་བརྒྱུད་ནས་ཡུལ་གྲུ་ཆེན་པོ་ཞིག་གི་རྣམ་པ་གཟུགས་རིང་ཡོད་པའི་ངང་ནས་བརྗོད་པ་དང༌། སྤྱི་ཚོགས་ཁོར་ཡུག་བཀོད་འབྲི་བྱེད་སྐབས་དུས་ཡུན་ངེས་ཅན་ཞིག་གི་སྤྱི་ཚོགས་ཀྱི་རྣམ་པ་དེ་གཟུགས་རིས་ཡོད་པ་དང་བདེན་ཁ་མི་འཆོར་བའི་ངང་ནས་མཚམས་སྦྱོར་བྱེད་ཆོག

གཉིས། སྒྱུ་རྩལ་མཚོན་སྟངས་ལྟར་དབྱེ་བ།

        སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། རྩོམ་མཁན་གྱིས་རང་བཞིན་བརྗོད་པ་དང་། འུད་བརྗོད། སྒྲོ་འདོགས་དང་སྐུར་འདེབས། བསྡུས་བརྗོད་སོགས་ལ་བརྟེན་ནས་དངོས་ཡོད་འཚོ་བ་དེ་སྣང་བརྙན་གསལ་ཞིང་དཔེ་མཚོན་རང་བཞིན་ལྡན་པའི་སྒོ་ནས་བསྟན་པ་ལ་སྒྱུ་རྩལ་ཟེར་བ་དང་། བརྗོད་དོན་ལེགས་པར་སྟོན་པ་དང་། མི་སྣའི་སྣང་བརྙན་གསར་སློང་བྱེད་པ། རྩོམ་མཁན་གྱི་བསམ་བློ་དང་སྒྱུ་རྩལ་འདུན་མ་ལེགས་པར་མཚོན་ཆེད། བརྩམས་ཆོས་རེ་ལ་སྒྲིག་གཞི་དང་སྤྲོས་བརྗོད་བྱེད་སྟངས་ཐུན་མོང་མ་ཡིན་པ་རེ་བྱུང་བ་དེ་ལ་མཚོན་སྟངས་ཟེར་ཏེ། སྒྱུ་རྩལ་མཚོན་སྟངས་ནི་ལག་ལེན་དངོས་ལ་གཞིགས་ནས་དབྱེ་ན་བྱུང་རིམ་གཙིགས་སུ་བཟུང་བ་དང་། གཤིས་ཀ་གཙིགས་སུ་བཟུང་བ། སེམས་ཁམས་གཙིགས་སུ་བཟུང་བ་བཅས་གསུམ་ཡོད་པར་སྙམ།

ཀ བྱུང་རིམ་གཙིགས་སུ་བཟུང་བའི་སྒྲུང་གཏམ།

        བྱུང་རིམ་གཙིགས་སུ་བཟུང་སྟེ་བརྩམས་པའི་སྒྲུང་གཏམ་ལ་ཆ་མཚོན་ན། བྱུང་རིམ་ནི་བརྩམས་ཆོས་ཀྱི་སྲོག་ཤིང་དུ་གྱུར་པ་དང་། མི་སྣ་དང་ཁོར་ཡུག་ལ་བྱུང་རིམ་གྱིས་མངའ་དབང་སྒྱུར་བཞིན་ཡོད་པར་མ་ཟད། བྱུང་རིམ་གྱི་འགྱུར་ལྡོག་དང་བསྟུན་ནས་མི་སྣའི་ལས་དབང་ལ་འགྱུར་ལྡོག་འབྱུང་བ་དང་། མི་གཤིས་རྣལ་མ་དེ་དོན་དག་སྣ་ཚོགས་ལ་གདོང་གཏད་ལུགས་ལ་བརྟེན་ནས་མཚོན་བཞིན་ཡོད་ལ། སྲིད་པའི་ཁྱོན་གྱི་སྒྲུང་གཏམ་ཕལ་མོ་ཆེ་ནི་བྱུང་རིམ་གཙིགས་སུ་བཟུང་བའི་སྒྲུང་གཏམ་གྱི་གྲས་སུ་གཏོགས་པ་འདྲ།བྱུང་རིམ་གཙིགས་སུ་བཟུང་བའི་སྒྲུང་གཏམ་རྩོམ་པའི་ལས་ལ་འཇུག་ན། ཆ་རྐྱེན་འདི་འདྲ་ལྡན་དགོས་པ་འདྲ་སྟེ། གཅིག སྐབས་སུ་བབས་པའི་སྒྲུང་གཏམ་ཡིད་དབང་འཕྲོག་པ་ཞིག་ཡོད་དགོས་པར་མ་ཟད། གཏམ་རྒྱུད་ཀྱི་བྱུང་རིམ་མདུན་ལ་དེད་པའི་འགྲོས་དང་བསྟུན་ཏེ། མི་སྣའི་སྣང་བརྙན་དེ་མི་སྣའི་སྤྱོད་པ་ལ་བརྟེན་ནས་གསར་སློང་བྱེད་ཐུབ་དགོས། གཉིས། གཏམ་རྒྱུད་ཡིད་དབང་འཕྲོག་པ་དེ་ལ་བྱུང་རིམ་ཀྱག་ཀྱོག་ཅིག་ལྡན་པ་དང་། མི་སྣའི་ལས་དབང་དང་གཤིས་ཀར་འགྱུར་ལྡོག་བྱུང་བའི་རྒྱུ་རྐྱེན་སྟོན་ཐུབ་དགོས། གསུམ། སྒྲུང་གཏམ་ལ་བྱུང་རིམ་ཆ་ཚང་བ་ཞིག་ཡོད་དགོས་པ་དང་། མི་སྣ་གཙོ་བོ་ནི་བྱུང་རིམ་ཆ་ཚང་བ་དེ་ཉིད་ཀྱི་སྲོག་ཤིང་དུ་འགྱུར་དགོས།

ཁ། གཤིས་ཀ་གཙིགས་སུ་བཟུང་བའི་སྒྲུང་གཏམ།

        གཤིས་ཀ་གཙིགས་སུ་བཟུང་སྟེ་བརྩམས་པའི་སྒྲུང་གཏམ་ལ་ཆ་མཚོན་ན། གསོན་ཉམས་ལྡན་པའི་མི་སྣ་ནི་བརྩམས་ཀྱི་སྲོག་ཤིང་དུ་གྱུར་ཡོད་པ་དང་། བྱུང་རིམ་ནི་འཚོ་བའི་ཁྲོད་ཀྱི་དོན་དག་ཕྲན་བུའམ། སྔ་ཕྱིར་འབྲེལ་བ་དོན་དག་ཕྲན་བུ་སྐོར་ཞིག་ཡིན་པར་མ་ཟད། ཁོར་ཡུག་གི་རྣམ་པའང་མི་སྣའི་གཤིས་ཀ་དང་བསྟུན་ཏེ་བརྩམས་ཆོས་ཁྲོད་དུ་འདྲེན་བཞིན་ཡོད་ལ། སྐུ་ཞབས་ལུའུ་ཞུན་གྱི《 ཨQཡི་རྣམ་ཐར》དང《ཁུང་ཡི་ཅི》 ཚེ་རིང་དོན་གྲུབ་ཀྱི་《ར་ལོ》 སོགས་ནི་གཤིས་ཀ་གཙིགས་སུ་བཟུང་བའི་སྒྲུང་གཏམ་ཚད་ལྡན་འབའ་ཞིག་ཡིན་པར་བརྗོད།

        སྒྲུང་གཏམ་འདིའི་རིགས་གསར་རྩོམ་བྱེད་ན། ཆ་རྐྱེན་འདི་འདྲ་ལྡན་དགོས་ཏེ། གཅིག སྐབས་སུ་བབས་པའི་སྒྲུང་གཏམ་གྱི་མི་སྣ་ལ་གཤིས་ཀ་ཐུན་མོང་མ་ཡིན་ཞིག་ལྡན་དགོས་པ་དང་། གཤིས་ཀ་ཐུན་མོང་མ་ཡིན་པ་དེ་ནི་མི་སྣའི་ལས་དབང་འགྱུར་ལྡོག་འབྱུང་རྐྱེན་གཙོ་བོ་ཡིན་དགོས། གཉིས། གཤིས་ཀ་ཐུན་མོང་མ་ཡིན་པ་ལྡན་པའི་མི་སྣ་དེ་ནི་ཚོགས་པ་ཞིག་གི་ལྡོག་ཟླར་ལངས་དགོས་པར་མ་ཟད། དེ་ཉིད་ཀྱི་སྤྱོད་ལམ་འདོད་བློས་ཚོགས་པ་དེ་ལ་སུན་སྣང་དང་བར་ཆད་བཟོ་དགོས། གསུམ། བརྩམས་ཆོས་ཀྱི་བྱུང་རིམ་ནི་མི་དང་མི་བར་གྱི་འགལ་བ་དང་འབྲེལ་བ། མི་དང་ཁོར་ཡུག་བར་གྱི་འགལ་བ་དང་འབྲེལ་བ། མི་སྣ་རང་སྟེང་གི་འགལ་བ་གནད་དུ་བཟུང་ནས་མདུན་ལ་འདེད་དགོས།

ག སེམས་ཁམས་གཙིགས་སུ་བཟུང་བའི་སྒྲུང་གཏམ།

        སེམས་ཁམས་གཙིགས་སུ་བཟུང་སྟེ་བརྩམས་པའི་སྒྲུང་གཏམ་ལ་ཆ་མཚོན་ན། བརྩམས་ཆོས་ཀྱི་སྲོག་ཤིང་ནི་མི་སྣའི་སེམས་ཁམས་ཡིན་ལ། སྒྲུང་གཏམ་འདིའི་རིགས་གསར་རྩོམ་བྱེད་སྐབས། ཁོར་ཡུག་ལ་བརྟེན་ནས་མི་སྣའི་སེམས་ཁམས་ལ་འགྱུར་ལྡོག་བྱུང་བ་དམིགས་སུ་བཀར་ནས་འབྲི་དགོས་པར་མ་ཟད། སེམས་ཁམས་བཀོད་འབྲི་བརྒྱུད་ནས་ཚོར་བ་ཐུན་མོང་མ་ཡིན་པ་རྣམས་ཞིབ་ཆ་ཡོད་པས་མཚམས་སྦྱོར་བྱ་དགོས། གསལ་བཤད་བྱ་དགོས་པ་ཞིག་ནི། སེམས་ཁམས་གཙིགས་སུ་བཟུང་བའི་སྒྲུང་གཏམ་གྱི་བྱུང་རིམ་མག་མོག་ཡིན་པར་མ་ཟད། ད་དུང་བྱུང་རིམ་འཕོ་བརྒལ་ཤིན་ཏུ་མང་བ་ན། ཐོག་མར་ཀློག་དུས་ཅི་ཞིག་བརྗོད་བཞིན་ཡོད་པ་མི་ཤེས་པའི་ཚོར་བ་སྟེར་མོད། འོན་ཏེ་ཞིབ་ཏུ་བཀླགས་ཤིང་དཔྱད་ན། བརྩམས་ཆོས་ཁྲོད་ཀྱི་མི་སྣའི་ཚོར་བ་གསར་བ་དག་ལ་བརྟེན་ནས་གནས་ལུགས་འབའ་ཞིག་རིམ་གྱིས་རྟོགས་སྲིད་པ་དང་། འཚོ་བའི་ཉམས་མྱོང་ཐད་ནས་བློ་སྒོ་འབྱེད་པའི་སྐབས་ཀྱང་ཡོད།

སེམས་ཁམས་གཙིགས་སུ་བཟུང་བའི་སྒྲུང་གཏམ་གསར་རྩོམ་བྱེད་ན་ཆ་རྐྱེན་འདི་འདྲ་ལྡན་དགོས་ཏེ།

གཅིག མི་སྣའི་སེམས་ཁམས་ནི་རྙོག་དྲ་ལྡན་པ་དང་འགྱུར་ལྡོག་ཆེ་བ་ཞིག་ཡིན་དགོས་པར་མ་ཟད། སྒྲུང་གཏམ་གྱི་བྱུང་རིམ་ནི་རྙོག་དྲ་ལྡན་པ་དང་འགྱུར་ལྡོག་ཆེ་བའི་སེམས་ཁམས་ལ་བརྟེན་ནས་མདུན་ནས་མདུན་ལ་འདེད་ཐུབ་དགོས།

གཉིས། རང་ངོས་སུ་འབྲེལ་བ་མེད་པའི་དོན་དག་རབ་དང་རིམ་པ་ཞིག་ལ་བརྟེན་ནས་མི་སྣའི་སེམས་རྙོག་དྲ་ཅན་དེ་མཚོན་དགོས།

གསུམ། སེམས་ཁམས་ཀྱི་འགྱུར་ལྡོག་ལས་མི་སེམས་ནས་གཞན་ལ་བརྗོད་མི་རུང་བའི་གསང་བ་དང་བརྗོད་མི་ཕོད་པའི་ནོངས་པ་དེ་མངོན་དགོས།

བཞི། མི་སྣའི་སེམས་ཁམས་ཀྱི་འགྱུར་ལྡོག་དེ་གང་ཟག་ནད་མེད་རྣམས་ལས་རིང་དུ་བརྒལ་བ་བྱུང་ན། བརྩམས་ཆོས་བརྒྱུད་ནས་མི་གཤིས་མཚོན་པ་ལ་ཤིན་ཏུ་ཕན་པར་བརྗོད།

        མདོར་ན། སྒྲུང་གཏམ་གྱི་དབྱེ་བ་ལེགས་པར་ངེས་ན། ཞིབ་འཇུག་པ་རྣམས་ཀྱིས་རིག་གཞུང་གི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་པ་དང་། སྒྲུང་གཏམ་པ་རྣམས་ཀྱིས་སྐབས་སུ་བབས་པའི་སྒྲུང་གཏམ་དེ་བརྗོད་བྱ་དང་མི་སྣའི་གཤིས་ཀ་གནད་དུ་བཟུང་སྟེ། བརྗོད་བྱ་དང་། མི་སྣ། སྤྲོས་བརྗོད་བྱེད་སྟངས་གསུམ་ག་ཆ་འགྲིག་ལྷུ་འགྲིག་བྱུང་ཡོད་པའི་བརྩམས་ཆོས་ཡག་པོ་ཞིག་འབྲི་ཐུབ་པ་ན། སྒྲུང་གཏམ་ལ་དབྱེ་བ་འབྱེད་ལུགས་རྟོགས་པར་བྱེད་པ་ནི་རིག་གཞུང་ཞིབ་འཇུག་དང་རྩོམ་རིག་གསར་རྩོམ་གཉིས་ཀའི་ཐད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་ཞེས་བརྗོད་ཆོག་པར་སྙམ་མོ།།

〔 ནང་དོན་གནད་བསྡུས།〕 སྒྲུང་གཏམ་ལ་བརྗོད་བྱའི་དོན་གྱི་ཤོང་ཚད་ལྟར་དབྱེ་ན་སྒྲུང་ཐུང་ཡིག་བརྒྱ་མ་དང༌། སྒྲུང་ཐུང་། སྒྲུང་འབྲིང་། སྒྲུང་རིང་བཅས་བཞི་ཡོད་པ་དང་། སྒྱུ་རྩལ་མཚོན་སྟངས་གནད་དུ་བཟུང་སྟེ་དབྱེ་ན་བྱུང་རིམ་གཙིགས་སུ་བཟུང་བ་དང་། གཤིས་ཀ་གཙིགས་སུ་བཟུང་བ། སེམས་ཁམས་གཙིགས་སུ་བཟུང་བ་བཅས་གསུམ་ཡོད་དོ།།

〔 བརྡ་ཆད་གཙོ་བོ།〕 སྒྲུང་གཏམ། བརྗོད་བྱ། སྒྱུ་རྩལ་མཚོན་སྟངས། དབྱེ་བ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1