སྐར་གྲངས་ཀྱིས་བསླངས་བའི་ཆག་སྒོ།

སྙིང་མོ་སྐྱིད། (ལྷ་ས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


        གློག་འོད་མག་མོག་གི་སློབ་ཁང་ནང་སློབ་མ་ཆུང་ཆུང་ཚེ་རིང་སྐྱིད་ནི་ཁབ་བཙུགས་པའི་སྒང་ལ་བསྡད་པ་ནང་བཞིན་རྐུབ་སྟེགས་སྟེང་འདུག་བཟོད་མི་བདེ་བའི་གནས་སུ་གྱུར་འདུགཁོ་མོའི་མགོ་བོ་དང་ཁར་སྨད་ཡོད་ཀྱང་དགེ་རྒན་དང་འཛིན་གྲྭ་ཡོངས་ཀྱི་སློབ་གྲོགས་ཚོའི་ཕྲ་ཆུང་མིག་གི་རྒྱལ་མོ་དྲུག་ཅུ་ཐམ་པས་ཁོ་མོ་གཅིག་པུར་བལྟས་བསྡད་ཡོད་པ་ཚོར་ཐུབ་པས། དེ་མ་ཉིད་དུ་ས་འོག་ཏུ་འཛུལ་སའི་ཁུང་བུ་ཞིག་ཡོད་ན་ཅི་མ་རུང་སྙམ།

        “ད་ཐེངས་ཀྱི་རྒྱུགས་འབྲས་ཨང་མཐའ་མ་དེ་སུ་ཡིན་པ་ཁྱོད་ཚོས་ཚོད་དཔག་ཅིག་བྱོས་དང་།”དགེ་རྒན་ཀླུ་མོས་མཐོང་ཆུང་གི་མིག་མདའ་ཞིག་ཚེ་རིང་ལ་སྐྱིད་ལ་འཕེན་བཞིན་སློབ་མ་ཡོངས་ལ་ཕྱོགས་ནས་བཤད།

        “ཚེ་རིང་སྐྱིད།”སློབ་གྲོགས་ཚོས་མ་བགྲོས་གཅིག་མཐུན་གྱིས་ལན་བཏབ།

        “ཁྱོད་ཚོ་སློབ་གྲོགས་འདི་ལྟ་བུ་ཞིག་དང་མཉམ་དུ་འཛིན་གྲྭ་གཅིག་གི་ནང་ནས་སློབ་སྦྱོང་བྱེད་འདོད་དམ།”

        “མི་འདོད།”

        མཐོང་ཆུང་དང་དམའ་འབེབས་ཀྱི་གཉའ་གནོན་འོག་བྱུང་བའི་ན་ཟུག་དྲག་པོ་ཞིག་གིས་ཚེ་རིང་སྐྱིད་ཀྱི་ལུས་ཡོངས་བཏུམས་པས་སེམས་ནས་མ་བཟོད་པར་ངུས། ཡིན་ནའང་ཁོ་མོར་ཁ་ཡ་བྱེད་མཁན་གཅིག་ཀྱང་མེད་ལ། སློབ་གྲོགས་ཚོའི་འཕྱ་དམོད་བྱེད་པའི་དགོད་སྒྲ་དང་འུར་སྒྲས་ཚེ་རིང་སྐྱིད་ཀྱི་ངུ་སྒྲ་བཀབ་སོང་།

        .......ཁོ་མོ་གློ་བུར་དུ་གཉིད་ལས་སད་པ་དང་དེ་ནི་རྨི་ལམ་ཞིག་ཡིན་པ་ཤེས། མ་གཞིར་རང་ཉིད་ཁྱིམ་གྱི་འཇམ་ཞིང་མཉེན་ལ་ཀོ་བས་བཏུམས་པའི་འབོལ་ཁྲི་གོང་ཆེན་དེའི་སྟེང་ཉལ་འདུའདི་ནི་རྨི་ལམ་རྐྱང་རྐྱང་ཞིག་ཀྱང་མ་ཡིན་ཏེ། ལོ་ངོ་ཉེར་ལྔའི་སྔོན་དུ་དངོས་སུ་བྱུང་བའི་དོན་དག་ཅིག་ཡིན། ཡིན་ནའང་དེ་ནི་ཁ་སང་བྱུང་བའི་དོན་དག་ཅིག་དང་འདྲ་བར་ཁོ་མོའི་ཀླད་པའི་ནང་གསལ་ལྷམ་མེར་ཡོད། ད་ལྟ་ཁོ་མོས་མོ་བརྒྱས་ཡིད་སྨོན་འཆོར་བའི་རྒྱས་སྤྲོས་ཀྱི་འཚོ་བ་རོལ་བཞིན་ཡོད་མོད། ལོངས་སྤྱོད་ཀླུ་དང་མཉམ་པའི་ད་ལྟའི་འཚོ་བ་འདིས་ཀྱང་ཆུང་དུས་སུ་བཞག་པའི་ཁོ་མོའི་སེམས་ཀྱི་རྨ་ཁ་དེ་སོས་མ་ཐུབ། སྡུག་བསྔལ་གྱིས་ཁེངས་བའི་ཕྱིར་དྲན་དེ་སྐབས་སྐབས་སུ་ཁོ་མོའི་ཡིད་ལ་འཆར་སྲིད།



        བུ་མོ་སློབ་གྲྭ་གྲོལ་བའི་དུས་ལ་བསླེབས་བྱུང་། ཚེ་རིང་སྐྱིད་ཀྱིས་ཚོང་རྟགས་གྲགས་ཅན་གྱི་ལྭ་བ་ཞིག་བརྗེས་པ་དང་གདོང་ལ་མཛེས་བཟོ་ཞིག་བྱས་རྗེས་ཐོག་སྐས་ལས་བབས་ཏེ་ན་ནིང་ཉོས་པའི་ནོར་རྟ་རྟགས་ཅན་གྱི་རླངས་འཁོར་བསྐོར་ནས་བུ་མོའི་སློབ་གྲྭའི་ཕྱོགས་སུ་སོང་། བུ་མོར་བདག་སྐྱོང་ལེགས་པོ་ཞིག་བྱེད་ཆེད་ལོ་གཉིས་ཀྱི་སྔོན་དུ་ཁོ་མོས་ཀུང་ཟིའི་ལས་དོན་རྣམས་ཁྱོ་གར་སྤྲད་དེ་བློ་གཅིག་སེམས་གཅིག་གིས་འཇིག་རྟེན་ཨ་མ་ཞིག་བྱེད་བཞིན་ཡོད།

        བུ་མོ་ཟླ་སྒྲོན་འཇིག་རྟེན་འདིར་བསླེབས་པ་ནས་བཟུང་བཟའ་མི་གང་བོས་ཁྱིམ་གྱི་ནོར་བུར་བརྩིས་ཏེ་ཧ་ཅང་གཅེས་ལ། བཟའ་ཟླ་གཉིས་ཀྱིས་ཀྱང་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གཅེས། བུ་མོ་སློབ་ལོ་རན་པ་ན་ཁོ་ཚོས་འབྲེལ་བ་གང་མང་བརྒྱུད་པ་དང་སྒོར་མོ་མི་ཉུང་བ་ཞིག་བཏང་ནས་གྲོང་ཁྱེར་དེའི་སྤྱིར་བཏང་གི་བྱིས་པ་རྣམས་ཚུད་དཀའ་བའི་སློབ་ཆུང་སྟེ་ཚོད་ལྟའི་སློབ་ཆུང་དུ་བཞགཁོ་ཚོས་རྒྱུ་ཤུགས་དང་དབང་ཤུགས་ཚང་མ་བཀོལ་དོན་ནི་བུ་མོར་མི་གཞན་གྱི་ཁ་ནས་བཤད་པའི་“ཆེས་བཟང་བའི་སློབ་གསོ་”དེ་འཐོབ་ཏུ་འཇུག་བསམ་པ་རེད། ཡིན་ནའང་ཁོ་ཚོས་བུ་མོའི་སློབ་སྦྱོང་གི་གནས་ཚུལ་ལ་སེམས་ཁུར་མི་བྱེད། ཁོ་ཚོར་དགོས་པ་ནི་རང་གི་བུ་མོ་ཡང་ཚོད་ལྟའི་སློབ་ཆུང་ནང་ན་ཡོད་ཅེས་པའི་“མཚན་སྙན”་དེ་ཡིན། གྲོང་ཁྱེར་འདིར་མཚོན་ནས་བཤད་ན་བྱིས་པ་ཚོད་ལྟའི་སློབ་ཆུང་ནང་འགྲོ་ཐུབ་པའི་ཕ་མ་ནི་རྒྱུ་དང་དབང་ཆ་ཡོད་པའི་མཚོན་རྟགས་ཤིག་ཡིན།

        ཚེ་རིང་སྐྱིད་སློབ་འབྲིང་མཐར་ཕྱིན་པ་ནས་བཟུང་ཨ་མ་དང་མཉམ་དུ་ཚོང་ལས་ལ་ཞུགས་པ་དང་། གཉེན་སྒྲིག་རྗེས་བཟའ་ཟླ་གཉིས་ཀས་ཁ་གདན་ལས་སྣོན་བཟོ་གྲྭ་ཞིག་བཙུགས་པར་ཡོང་སྒོ་ཧ་ཅང་བཟང་། དངུལ་གྱི་ཕྱོགས་ནས་འདང་རྒྱག་མི་དགོས་པས་ཁོ་ཚོས་མ་འོངས་བར་རང་གི་བུ་མོར་ཕྱི་རྒྱལ་ལ་སློབ་སྦྱོང་དུ་མངགས་རྩིས་ཡོད་ལ། ད་ལྟ་ནས་བཟུང་རང་གི་གཅེས་ཕྲུག་མ་དེ་སྐར་གྲངས་དང་རྒྱུགས་ཤོག་བར་ན་དངངས་འདར་བྱེད་བཞིན་པའི་སློབ་མ་ཞིག་བྱེད་དུ་འཇུག་འདོད་མེད་པས། བུ་མོར་སློབ་སྦྱོང་གི་གནོན་ཤུགས་མི་སྤྲོད་པར་དགའ་དགའ་སྤྲོ་སྤྲོའི་ངང་ནར་སོན་རྒྱུ་དེ་གཙོ་བོ་རེད་བསམས་ནས་ནམ་རྒྱུན་རྒྱུགས་ཀྱི་སྐར་གྲངས་ལ་དང་དོད་བྱེད་ཀྱིན་མེད་ལ། ཕ་མའི་གཅེས་སྐྱོང་འོག་བུ་མོར་སྤྲོ་སྐྱིད་ལྡན་པའི་བྱིས་དུས་ཤིག་བསྐྲུན་རྒྱུ་དེ་ཁོ་ཚོའི་འགན་ཁུར་དུ་བསམ་ཡོད།

        སློབ་གྲྭའི་སྒོ་ཁར་བསླེབས་རག་བར་དུ་ཚེ་རིང་སྐྱིད་ཀྱི་ཀླད་པའི་ནང་རྨི་ལམ་དེ་མ་གཏོགས་མི་འདུགད་རེབ་དོན་ངན་དེ་དྲན་གསོས་སུ་འཇུག་པའི་རྒྱུ་རྐྱེན་གཉིས་ཡོད་དེ། གཅིག་ནི་ཆུ་ཚོད་གཅིག་གི་སྔོན་ལ་ཁོ་མོ་འབོལ་ཁྲིའི་སྟེང་ཉལ་ནས་བརྙན་འཕྲིན་ལ་བལྟ་དུས། དངོས་བྲིས་ལེ་ཚན་ཞིག་གཏོང་བཞིན་འདུགལེ་ཚན་དེའི་ནང་དུ་མིང་ལ་བཀྲ་ཤིས་སྒྲོལ་མ་ཟེར་བའི་སློབ་འབྲིང་སློབ་མ་ཞིག་གི་རྒྱུགས་འབྲས་ནམ་ཡང་ཨང་མཐའ་མ་ཡིན་པས་དགེ་རྒན་གཙོར་བྱས་འཛིན་གྲྭ་ཡོངས་ཀྱི་སློབ་གྲོགས་ཚོས་མཐོང་ཆུང་དམའ་འབེབས་བྱས་པ་དང་། ཕ་མས་ཀྱང་གཤེ་གཤེ་བཏང་བ་སོགས་རྐྱེན་དུ་མའི་དབང་གིས་ཁ་ཆེམས་ཡི་གེ་ཞིག་བཞག་རྗེས་གཙང་བོར་མཆོངས་ནས་རང་ཤི་བརྒྱབ་པའི་གནས་ཚུལ་རྣམས་ཕྲ་ཞིང་ཞིབ་པའི་སྒོ་ནས་བཤད་ཀྱིན་འདུགལང་ཚོ་དར་ལ་བབས་པའི་བུ་མོ་ལོ་ཆུང་ཞིག་འདི་ལྟར་མཐའ་འཁོར་གྱི་མི་རྣམས་ཀྱི་ཚ་འདེད་འོག་རྐྱེན་ལམ་དུ་ཤོར། ལེ་ཚན་དེར་བལྟ་བཞིན་ཁོ་མོས་བུ་མོ་ལོ་ཆུང་དེར་སྙིང་རྗེ་ཚད་མེད་སྐྱེས་ནས་མིག་ཆུ་འཕུད་ཅིང་། མཐའ་འཁོར་གྱི་ཧམ་པ་ཚ་བའི་མི་དེ་དག་གི་སྟེང་ལ་ཁོང་ཁྲོ་ལངས།

        རྒྱུ་རྐྱེན་ཅིག་ཤོས་ནི་ཁ་སང་བུ་མོ་སློབ་གྲྭ་གྲོལ་དུས་གདོང་ལ་སེམས་ཁུར་གྱིས་ཁེངས་འདུག་པ་དེ་རེད། ཁོ་མོས་བུ་མོར་རྒྱུ་མཚན་དྲིས་པ་ན། བུ་མོ་ཟླ་སྒྲོན་གྱིས་“སང་ཉིན་སློབ་སྐབས་འདིའི་མཇུག་རྒྱུགས་ཀྱི་སྐར་གྲངས་ཐོན་རྒྱུ་རེད། གལ་ཏེ་རྒྱུགས་འབྲས་མ་ལེགས་ཚེ་ཅི་བྱ་”ཞེས་ངུ་ངག་གིས་བཤད་བྱུང་།

        “ཟླ་སྒྲོན་རང་གིས་ནམ་རྒྱུན་སློབ་སྦྱོང་ལ་འབད་པ་བྱས་པས་འགྲིག་གི་རེད། རྒྱུགས་འབྲས་བཟང་རུང་ངན་རུང་སྐྱོན་ཅི་ཡང་མེད་པས་སེམས་ཁུར་མ་བྱེད་”ཅེས་ཁོ་མོས་བུ་མོར་སེམས་གསོ་བྱས།

        “ཡིན་ནའང་ང་རང་དགེ་རྒན་དང་སློབ་གྲོགས་ཚོས་འཕྱ་སྨོད་བྱེད་པར་སྐྲག་གི ”བུ་མོས་རང་གི་སེམས་ཁུར་བྱེད་ས་གཙོ་བོ་དེ་ཨ་མར་བཤད།



        ཚེ་རིང་སྐྱིད་ཀྱིས་ནོར་རྟ་རྟགས་ཅན་གྱི་རླངས་འཁོར་བཏང་ནས་སློབ་གྲྭ་དང་གྱེས་མ་ཐགམ་ཙི་ཏཱ་རྟགས་ཅན་གྱི་རླངས་འཁོར་ཞིག་སློབ་གྲྭའི་སྒོ་ཁ་ཁ་བཀག་བྱུང་། དགེ་རྒན་ཀླུ་མོའི་ཁྱོ་ག་རིག་འཛིན་རླངས་འཁོར་གྱི་ཁ་ལོ་བའི་འདུག་གནས་ལས་བབས་ཏེ་མྱུར་མོར་བརྒྱུགས་ཡོང་ནས་རླངས་འཁོར་གྱི་སྒོ་ཕྱེ་རྗེས་དགེ་རྒན་ཀླུ་མོ་སྐྱོར་ནས་རྒྱབ་ལོགས་ཀྱི་འདུག་གནས་སུ་བཀོད། ཁྱོ་གའི་ཚུགས་ཀ་དེར་བལྟ་བཞིན་དགེ་རྒན་ཀླུ་མོས་དགོད་ཞོར་དུ་“སྔོན་ཆད་ང་རང་མངལ་ཆགས་མེད་དུས་ཁྱོད་ཀྱིས་ང་ལ་ད་ལྟ་ནང་བཞིན་ཞབས་གཡོག་བརྒྱུགས་པ་མཐོང་མྱོང་མེད། བལྟས་ཡོང་ན་བྱིས་པའི་དྲིན་གྱིས་ངས་ཀྱང་མི་ཚེ་འདིར་རྒྱལ་མོ་ལྟ་བུའི་ལོངས་སྤྱོད་ཐེངས་ཤིག་བྱེད་ཐུབ་སོང་”ཞེས་བཤད།

        “དེ་འདྲ་ཞིག་ག་ལ་ཡིན། ཁྱེད་རང་ནམ་ཡང་ངེད་ཚང་གི་རྒྱལ་མོ་ཡིན།”རིག་འཛིན་གྱིས་ཆུང་མར་དགའ་རུ་འཇུག་ཆེད་འཛུམ་དང་བཅས་བཤད།

        རླངས་འཁོར་དལ་མོར་ལམ་དུ་ཆས་སོང་། རླངས་འཁོར་གྱི་རྒྱབ་ལོགས་སུ་ཚོད་ལྟའི་སློབ་ཆུང་ཞེས་པའི་གསེར་ཡིག་བཞི་བོ་དྲོད་འཇམ་ཉི་འོད་འོག་ཏུ་གསེར་འོད་ལམ་ལམ་འཕྲོ།

        “ཨ་མས་ཁྱོད་ལ་སློབ་སྐབས་འདི་མཇུག་རྫོགས་རྗེས་ངལ་གསོ་རྒྱུ་བྱས་ཟེར། ཁྱིམ་ནས་ལྷོད་ལ་བབས་ཏེ་ངལ་གསོས་ན་ཁོག་གི་བྱིས་པར་ཡང་བཟང་།”

        “དེ་ལྟར་བྱེད་དགོས་དོན་མེད། ང་རང་གིས་སེམས་ཆུང་བྱས་པས་འགྲིག་གི་རེད། ཡང་གཅིག་ཤད་ན་ངས་རང་གི་སློབ་མ་རྣམས་བསྐྱུར་མི་ཐུབ། ཁོ་ཚོའི་རྒྱུགས་འབྲས་ཡར་ཐོན་ཡོང་བཞིན་པའི་སྒང་དེར་ངས་ངལ་གསོས་ན་ག་ལ་འགྲིགད་ཐེངས་ཡིན་གཅིག་མིན་གཉིས་སྡོམ་སྐར་མཐོན་པོ་ཞིག་ལེན་ཐབས་བྱེད་དགོས།”

        “སློབ་སྐབས་འདིའི་རྒྱུགས་འབྲས་ཅི་འདྲ་རེད།”

        “བཤད་སྲོལ་མེད། སློབ་མ་བུ་མོ་དེའི་སྐར་གྲངས་དམའ་བས་འཛིན་གྲྭ་ཡོངས་ཀྱི་སྡོམ་སྐར་མར་འཐེན་སོང་། གསུམ་བཟང་འཛིན་གྲྭའི་མཚན་སྙན་ཡང་ལག་ནས་ཤོར་སོང་།”དགེ་རྒན་ཀླུ་མོས་དེ་ལྟར་བཤད་བཞིན་གདོང་ལ་ཡིད་ཕངས་བའི་ཉམས་ཞིག་མངོན་ལ། སློབ་མ་བུ་མོ་དེར་འཚིག་པ་གཏིང་ནས་ཟོས།

        “ཁྱོད་ཀྱིས་རང་གིས་རང་ལ་རེ་བ་འཛིན་རྒྱུ་མཐོ་དྲགས་འདུག”རིག་འཛིན་འུ་ཐུག་ནས་མགོ་བོ་གཡུག་ཙམ་བྱས།

        ནམ་རྒྱུན་ཕྱོགས་གང་གི་ཐད་ནས་ཡིན་ཡང་དགེ་རྒན་ཀླུ་མོས་རང་ཉིད་མི་གཞན་ལས་ཁྱད་དུ་འཕགས་པ་ཞིག་མ་བྱས་ན་བློ་མི་བདེ། ཁོ་མོ་མི་འདི་ལྟ་བུ་ཞིག་ཏུ་གྱུར་བ་ལ་ཡང་རྒྱུ་མཚན་ཡོད་དེ། ཁོ་མོའི་ཕ་མ་གཉིས་ཀ་ཡང་དགེ་རྒན་ཡིན་ཞིང་། སྐར་གྲངས་མ་གཏོགས་མི་བལྟ་བའི་ཕ་མ་གཉིས་ཀས་ཆུང་དུས་ནས་ཁོ་མོར་སྒྲིག་ལམ་གྱིས་གཅུན་ཏེ་རྒྱུགས་འབྲས་གཙིགས་སུ་བཟུང་ནས་སློབ་གསོ་བཏང་བས། སློབ་ཆུང་ནས་སློབ་ཆེན་ཐོན་རག་བར་དུ་ཁོ་མོའི་རྒྱུགས་འབྲས་ནམ་ཡང་འཛིན་གྲྭའི་ཨང་དང་པོ་ཡིན། མཚམས་ལ་རེར་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་ཨང་གཉིས་པར་ལྷུང་དུས་ཁོ་མོས་སེམས་སྡུག་བྱས་ནས་ཉིན་གང་བོར་ཟས་མི་ཟ། ཁོ་མོས་རང་ཉིད་ནམ་ཡང་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་དགོས་བསམ་ཡོད།

        དངོས་གཞི་མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་སློབ་མ་བཏོན་ནས་སློབ་ཆེན་འཚོ་བ་ལོ་བདུན་ལ་སྐྱེལ། རམ་འབྱམས་པའི་མཐར་ཕྱིན་འཛིན་ཡིག་ལག་ལ་རེག་དུས་ཁོ་མོ་མོ་ལོ་ཉེར་བརྒྱད་ལ་བསླེབས་ཟིན། སློབ་གྲོགས་ཚང་མ་སྔ་ནས་གཉེན་སྒྲིག་བྱས་ཟིན་པ་མ་ཟད་བྱིས་པ་ཡང་སྐྱེས་འདུགཁྱིམ་དུ་ལོག་ཐེངས་རེར་ཨ་མས་ཁ་ཡར་གྲག་ལ་གཉེན་སྒྲིག་བྱོས་དང་མར་གྲག་ལ་གཉེན་སྒྲིག་བྱོས་ཟེར་ནས་ཨམ་ཅོག་ཡང་བདེ་རུ་མི་འཇུགཁོ་མོར་མཚོན་ན་ཁྱོ་ག་ཡང་གཞན་ལས་ཁྱད་དུ་འཕགས་པ་ཞིག་བཙལ་རྒྱུ་ནི་སྨོས་མེད་རེད། ངོ་སྤྲོད་གང་མང་བརྒྱུད་ཀྱང་བློར་འབབ་པའི་སྐྱེས་པ་ཞིག་ལ་མ་ཐུགབཟའ་ཟླ་ངོ་སྤྲོད་བྱེད་པའི་བྱ་འགུལ་གང་མང་ལ་ཞུགས་ཀྱང་འབྲས་བུ་མ་བྱུང་། དེ་ལྟར་མོ་ལོ་སོ་གཅིག་ལ་བསླེབས་དུས་ད་ལྟའི་ཁྱོ་ག་རིག་འཛིན་དང་འཕྲད། རིག་འཛིན་དེ་དུས་ལོ་སོ་གཉིས་ཡིན་ལ། རང་གིས་ཀུང་ཟི་ཞིག་གཉེར་བཞིན་ཡོད། ལོ་གཅིག་གི་རྗེས་སུ་ཁོ་གཉིས་གཉེན་སྒྲིག་བྱས། གཞན་ལས་ཁྱད་དུ་འཕགས་འདོད་ཆེ་བའི་དགེ་རྒན་ཀླུ་མོས་བྱ་བའི་སྟེང་གྲུབ་འབྲས་ཤིག་མ་བླངས་བར་བྱིས་པ་སྐྱེས་འདོད་མེད། ཚོད་ལྟའི་སློབ་ཆུང་ནང་ལོ་གསུམ་ལ་རྩིས་རིག་དགེ་རྒན་བྱས་ཏེ་སློབ་མའི་རྒྱུགས་འབྲས་ཧ་ཅང་བཟང་བས་སློབ་གཙོས་མཐོང་ཆེན་བྱས་ཏེ་འཛིན་གྲྭའི་ཀྲུའུ་རིན་གྱི་འགན་ཁུར་དུ་བཅུག་པས་དགེ་རྒན་ཀླུ་མོས་ད་གཟོད་བྱིས་པ་སྐྱེ་རྒྱུར་གྲ་སྒྲིག་བྱས།

        ཡིན་ནའང་བྱིས་པས་ཁོ་གཉིས་ལ་བརྙད་བརྐོ་བ་བཞིན་རེ་བ་ག་ཚོད་བྱས་ཀྱང་མངལ་མ་སྦྲུམ། རེ་ཐག་ཆད་ལ་ཉེ་དུས་དཀོན་མཆོག་གིས་མགོན་སྐྱབས་གནང་ནས་ཟླ་གཉིས་ཀྱི་སྔོན་དུ་མངལ་སྦྲུམ་བྱུང་། ད་སྐབས་ཁོ་མོ་མོ་ལོ་སོ་ལྔར་བུད་ཡོད་པས་ལོ་མཐོའི་སྦྲུམ་མ་ཡིན་ལ་ཁྱིམ་ཚང་གཉིས་ཀའི་སྲུང་སྐྱོབ་བྱེད་ཡུལ་དུ་གྱུར་ཡོད། སྒྱུག་མོས་ཁོ་མོ་སློབ་ཁྲིད་ལ་མི་འགྲོ་རྒྱུའི་རེ་བ་བཏོན་ཡང་། སློབ་གྲྭར་མ་སོང་བར་ཁྱིམ་ནས་ལས་རྒྱུ་ཅི་ཡང་མེད་པར་བསྡད་ན་ཧ་ཅང་ཉོབ་པ་དང་། ཡང་གཅིག་བཤད་ན་རང་གིས་ད་བར་བསྐྱེད་བསྲིང་བྱས་པའི་སློབ་མ་རྣམས་ཡང་བསྐྱུར་མི་ཐུབ་པས་ཁོ་མོས་ད་དུང་ཟླ་བ་ཁ་ཤས་ལས་ཚོགས་སུ་ཞུགས་འདོད་ཅེས་སྒྱུག་མོའི་འདོད་ཐོག་ཏུ་མ་བཞགསྒྱུག་མོ་ཡང་ཐབས་ཟད་དེ་རིག་འཛིན་ལ་ངེས་པར་དུ་ཉིན་རེར་ཡར་བསྐྱལ་མར་ལེན་བྱེད་དགོས་པའི་བཀའ་ཕབ། ད་ལྟ་ཁོ་མོའི་ཁོག་གི་བྱིས་པ་ཟླ་བ་གཉིས་ཙམ་ལོན་པས་མཉམ་འཇོག་དང་སེམས་ཆུང་བྱེད་དགོས་དུས་སུ་ཁེལ་ཡོད།



        ཚེ་རིང་སྐྱིད་ཀྱིས་སེམས་ཚེགས་བྱེད་བཞིན་པའི་དོན་དག་དེ་གཞི་ནས་བྱུང་སོང་། སློབ་གྲྭའི་སྒོ་ཁར་བུ་མོ་དང་འཕྲད་མ་ཐག་ཁོ་མོས་བུ་མོའི་རྒྱུགས་འབྲས་མི་ལེགས་པ་ཤེས་སོང་།

        “ཟླ་སྒྲོན་ལགས། གུང་གསེང་བཏང་རྗེས་ས་ཆ་གང་དུ་རྩེ་རུ་འགྲོ་འདོད།”བུ་མོས་མགོ་བོ་དང་ཁར་སྨད་པ་ལས་ལན་མི་འདེབས་ལ། མིག་ཟུང་མཆི་མས་གང་འདུག

        ཚེ་རིང་སྐྱིད་ཀྱིས་ཚུལ་དེ་མཐོང་བ་དང་སྙིང་ལ་ཙག་ཤེད་ཅིག་བརྒྱུགས་བྱུང་། བུ་མོ་སློབ་གྲྭ་ནས་བརྙས་བཅོས་ཐེབས་པ་ཤ་སྟག་རེད།

        “ཟླ་སྒྲོན་ཁྱོད་ཀྱིས་ཨ་མར་མ་གསང་དྲང་བོར་ཤོད་དང་། ཡང་སྙིང་དོན་དག་ག་རེ་རེད། སུས་ཁྱོད་ལ་བརྙས་བཅོས་བྱས་སོང་། ཨ་མས་ཁོ་བཙལ་ཆོག”

        སྐད་ཆ་དེ་དག་ཐོས་པ་དང་བུ་མོ་ངུས་བྱུང་། ཚེ་རིང་སྐྱིད་འཚབ་ནས་བུ་མོར་གཏིང་འདྲི་ལུང་འདྲི་བྱས་རྗེས། གཞི་ནས་སེམས་སྡུག་བྱེད་དོན་དེ་བཤད་བྱུང་།

        བུ་མོ་ཟླ་སྒྲོན་གྱི་འཛིན་གྲྭ་སྟེ་དགེ་རྒན་ཀླུ་མོས་ཁྲིད་པའི་འཛིན་གྲྭའི་རྒྱུགས་འབྲས་དེ་བསྟུད་མར་ལོ་གསུམ་ལ་ལོ་རིམ་ཡོངས་ཀྱི་རྩེ་མོ་ཡིན། ཡིན་ནའང་ད་ཐེངས་ཀྱི་སློབ་སྐབས་འདིར་ཟླ་སྒྲོན་གྱིས་སྒྱིད་ལུག་བུ་མོ་གྲོགས་སུ་བསྟེན་ནས་སློབ་སྦྱོང་ལ་དལ་འགོར་བྱས་པས་དཀྱིལ་རྒྱུགས་ཀྱི་སྐར་གྲངས་མར་ལྷུང་ནས་འཛིན་གྲྭ་ཡོངས་ཀྱི་སྡོམ་སྐར་མར་འཐེན་སོང་། དགེ་རྒན་ཀླུ་མོས་ཉིན་རྒྱུན་ཟླ་སྒྲོན་གྱི་མིང་ནས་བཟུང་སྟེ་ངེས་པར་དུ་སློབ་སྦྱོང་ལ་འབད་པ་བྱེད་དགོས་པ་ལས། འཛིན་གྲྭའི་སྡོམ་སྐར་མར་ལྷུང་དུ་འཇུག་མཁན་གྱི་ཞབས་འདྲེན་དེ་བྱེད་མི་རུང་ཞེས་གཤེ་གཤེ་གཏོང་། ད་ཐེངས་ཀྱི་མཇུག་རྒྱུགས་ལ་ཟླ་སྒྲོན་གྱི་སྐར་གྲངས་འཕར་རྒྱུ་ལྟ་ཞོག་སྔར་ལས་མར་ལྷུང་འདུག་པས། འཛིན་གྲྭའི་སྡོམ་སྐར་ལ་གནོད་པ་ཐེབས་ནས་ཁོ་ཚོ་གསུམ་བཟང་འཛིན་གྲྭར་ཚུད་མ་ཐུབ། གཞན་དང་ཁྱད་དུ་འཕགས་འདོད་ཆེ་བའི་དགེ་རྒན་ཀླུ་མོས་སྙིང་ཚིམ་བྱེད་ཆེད་སློབ་གྲོགས་ཡོངས་ཀྱི་མདུན་ནས་ཟླ་སྒྲོན་ལ་སྐྱོན་བརྗོད་བྱས།

        “སློབ་གྲོགས་ཟླ་སྒྲོན། ཁྱོད་འདི་གོ་བ་མེད་པའི་གླང་རྒན་དང་འདྲ་བ་ཅི་རེད། ངས་ཁྱོད་ལ་སྔོན་ནས་སློབ་སྦྱོང་ཡག་པོ་བྱོས་ཅེས་ཁ་ལྕེ་སྐམ་རག་བར་བཤད་པ་ཡིན། ད་ལྟོས་དང་། ཁྱོད་གཅིག་པུས་འཛིན་གྲྭ་ཡོངས་ཀྱི་མཚན་སྙན་བརླག་སོང་། ཞབས་འདྲེན་ཁྱོད།”

        སློབ་གྲོགས་ཚང་མས་ཤབ་ཤུབ་རེ་བཤད་གྱིན་འདུག་ལ། ལ་ལས་དགེ་རྒན་ཀླུ་མོར་བསྟུན་ཅི་ཐུབ་ཀྱིས“ཚང་མ་ཁོ་མོ་ལན་པ་རེད། ངོ་མ་ཞབས་འདྲེན་རེད། ང་ཚོ་དང་འཛིན་གྲྭ་གཅིག་མིན་ན་དགའ”ཟེར།

        ཟླ་སྒྲོན་གྱི་རྒྱབ་དུ་བསྡད་ཡོད་པའི་སློབ་གྲོགས་དེས་ཁོང་ཁྲོ་མ་ནོན་པར་ཁོ་མོར་ཁུ་ཚུར་ཅིག་གཞུས་བྱུང་། བུ་མོས་ངུ་ཞོར་བཤད་ཞོར་བྱེད་པ་མཐོང་དུས་ཚེ་རིང་སྐྱིད་ཡང་མིག་ཆུ་དབང་མེད་དུ་བཞུར་བྱུང་ལ། དགེ་རྒན་ཀླུ་མོའི་སྟེང་ལ་འཚིག་པ་གཏིང་ནས་ཟོས། དགེ་རྒན་ཞིག་གིས་རང་གི་བུ་མོར་འདི་ལྟར་དམའ་འབེབས་དང་བརྙས་བཅོས་བྱེད་སྲོལ་ཡོད་དམ། ད་དུང་དགེ་རྒན་གྱིས་མགོ་ཁྲིད་ནས་བརྙས་བཅོས་བྱས། ངོ་མ་སྡུག་ཅག་རེད།

        “སློབ་གྲོགས་གཞན་གྱིས་ལག་འགུལ་ནས་བརྙས་བཅོས་བྱས་ཀྱང་དགེ་རྒན་གྱིས་ཁ་ཡ་བྱས་མ་སོང་ངམ།”ཚེ་རིང་སྐྱིད་ཀྱིས་བུ་མོར་དྲིས།

        “བྱས་མ་སོང་།”

        ཚེ་རིང་སྐྱིད་ཁོང་ཁྲོས་ལུས་ཡང་འདར་གིན་འདུག “ཨ་མའི་ནོར་བུ། ད་མ་ངུ་། དེ་

        རིང་ནས་བཟུང་ང་ཚོ་སློབ་གྲྭ་སྐྱོ་བོ་དེར་མི་འགྲོ་བར་བྱ། ངས་དགེ་རྒན་ཀླུ་མོར་འཛིན་གྲྭ་ཡོངས་ཀྱི་སློབ་མའི་མདུན་ནས་ཁྱོད་ལ་དགོངས་དག་ཞུ་རུ་འཇུག་སྲིད།”

        ཚེ་རིང་སྐྱིད་ཀྱིས་ཐབས་ཤེས་གང་འདྲ་གཏོང་དགོས་རུང་རང་གི་བུ་མོར་རང་ཉིད་དང་འདྲ་བའི་སེམས་ཀྱི་རྨ་ཁ་ཞིག་བཟོ་རུ་མི་འཇུག་པའི་དམ་བཅས།

        ཕྱི་ཉིན། ཚེ་རིང་སྐྱིད་ཀྱིས་བུ་མོའི་ལག་མགོར་འཇུས་ནས་ཐད་ཀར་སློབ་གཙོའི་གཞུང་ལས་ཁང་དུ་སོང་སྟེ། བུ་མོར་ཐེབས་པའི་བརྙས་བཅོས་རྣམས་གཅིག་ཀྱང་མ་ལུས་པར་སློབ་གཙོར་བཤད། སློབ་གཙོས་མགོ་ནས་མཇུག་བར་གསལ་བོར་ཉན་རྗེས་ལམ་སེང་དགོངས་དག་ཞུས།

        “དགེ་རྒན་དང་སློབ་མར་སྐུལ་ལྕག་བྱེད་ཆེད་སློབ་སྐབས་རེའི་མཇུག་རྒྱུགས་སྐབས་གསུམ་བཟང་འཛིན་གྲྭ་གདམ་པའི་བྱ་འགུལ་ཞིག་ཡོད་པ་བདེན་མོད། གལ་སྲིད་ཁྱོད་ཀྱིས་བཤད་པ་ཐམས་ཅད་བདེན་པ་བདེན་དྲང་ཡིན་ན། དགེ་རྒན་ཀླུ་མོའི་བྱ་སྤྱོད་དེ་དག་གིས་བྱིས་པའི་སེམས་ལ་རྨ་ཁ་བཟོས་པས་ངོ་མ་སྡུག་ཅག་རེད། ངས་སློབ་གྲྭའི་ཚབ་བྱས་ནས་ཁྱོད་དང་ཁྱོད་ཀྱི་བྱིས་པར་དགོངས་དག་ཞུ།”

        ཁྱིམ་བདག་དང་དགེ་རྒན་དབར་གྱི་འགལ་བ་ཇེ་ཆུང་དུ་གཏོང་ཆེད་སློབ་གཙོས་དགེ་རྒན་ཀླུ་མོར་སྐད་ཆ་དྲིས་རྗེས་ཁྱིམ་བདག་ཚེ་རིང་སྐྱིད་ལ་ཡིད་ཚིམ་པའི་རྩིས་སྤྲོད་ཅིག་བྱེད་ངེས་ཡིན་ཟེར་ནས་སློབ་གྲྭའི་སྒོ་ཆེན་བར་དུ་བསྐྱལ།

        ཚེ་རིང་སྐྱིད་སོང་རྗེས་སློབ་གཙོས་དགེ་རྒན་ཀླུ་མོ་བོས་ཡོང་ནས་གནས་ཚུལ་རྒྱུས་ལོན་བྱས། དགེ་རྒན་ཀླུ་མོས་ཁྱིམ་བདག་སློབ་གཙོའི་སར་གཏུག་བཤེར་དུ་ཡོང་བ་ཐོས་འཕྲལ་དོགས་མི་བདེ་བར་གྱུར། དགེ་རྒན་ཀླུ་མོས་སློབ་གཙོའི་མདུན་ནས་ཁྱིམ་བདག་གིས་བཤད་པའི་གནས་ཚུལ་རྣམས་བདེན་པ་ཡིན་པ་དང་། རང་ཉིད་ཀྱི་བྱ་སྤྱོད་ཅུང་ཚད་ལས་བརྒལ་བ་ཁས་བླངས། ཡིན་ནའང་ཁོ་མོས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་འཛིན་གྲྭའི་སྐར་གྲངས་ཇེ་མཐོར་གཏོང་འདོད་པ་དེ་ལས་མ་འདས་ཟེར་ནས་རང་སྐྱོན་ངོས་ལེན་བྱས་མ་སོང་། སློབ་གཙོས་དགེ་རྒན་ཀླུ་མོར་སྐྱོན་བརྗོད་བྱས་པ་མ་ཟད། ཁོ་མོ་དངོས་སུ་སོང་ནས་ཁྱིམ་བདག་ལ་དགོངས་དག་ཞུ་རྒྱུའི་རེ་བ་བཏོན་པར། མགོ་ཁྲིད་ལ་ངོ་ཡ་བྱས་ན་རྗེས་མ་གྱོང་རེག་སྲིད་སྙམ་ནས་དགེ་རྒན་ཀླུ་མོས་ཀྱང་དེ་ལྟར་བྱེད་རྒྱུ་ཁས་བླངས།

        ཕྱི་ཉིན། སློབ་གྲྭར་གུང་གསེང་བཏང་ཡོད་ཀྱང་ཚེ་རིང་སྐྱིད་དུས་ལྟར་སློབ་གཙོའི་གཞུང་ལས་ཁང་དུ་འབྱོར། སློབ་གཙོས་དགེ་རྒན་ཀླུ་མོ་བོས་ནས་དགོངས་དག་ཞུ་རུ་བཅུག

        “དགོངས་པ་མ་ཚོམ། ངས་བྱ་སྤྱོད་ཅུང་ཚད་ལས་བརྒལ་འདུག་པས་ཁྱེད་དང་ཁྱེད་ཀྱི་བྱིས་པར་དགོངས་དག་ཞུ།”དགེ་རྒན་ཀླུ་མོས་དེ་ལྟར་དགོངས་དག་ཞུས་ཀྱང་ཚེ་རིང་སྐྱིད་ཀྱིས་དང་ལེན་མ་བྱས།

        “ཁྱོད་ཀྱིས་འཛིན་གྲྭ་ཡོངས་ཀྱི་སློབ་མའི་མདུན་ནས་ངའི་བུ་མོར་བརྙས་བཅོས་བྱས་པས། དགོངས་དག་ཞུ་འདོད་ན་འཛིན་གྲྭ་ཡོངས་ཀྱི་སློབ་མའི་མདུན་ནས་ངའི་བུ་མོར་དགོངས་དག་ཞུ་དགོས། དེ་ལྟར་བྱས་ན་ད་གཟོད་ངའི་བུ་མོའི་ལ་རྒྱ་སླར་གསོ་བྱེད་ཐུབ་པ་མ་ཟད། སེམས་ཀྱི་རྨ་ཁ་ཡང་སོས་ཐུབ།”ཚེ་རིང་སྐྱིད་ཀྱིས་ཁོང་ཁྲོ་དང་བཅས་བཤད།

        དགེ་རྒན་ཀླུ་མོས་སྐད་ཆ་དེ་ཐོས་པ་དང་ཁྱིམ་བདག་འདི་ཧམ་པ་ཚ་ལ། ངས་སྐད་ཆ་མི་སྙན་པ་འགའ་བཤད་པ་ལ་འཛིན་གྲྭ་ཡོངས་ཀྱི་སློབ་མའི་མདུན་ནས་མིག་རྫོད་བྱེད་དགོས་དོན་ཅི། སྨྱོན་མ་འདིས་བསམ་གཟས་ནས་ཁོ་མོ་སྡུག་ལ་གཏོད་གིན་འདུག་སྙམ་རུང་སློབ་གཙོའི་མདུན་ནས་ཁྱིམ་བདག་དང་ཁ་འཛིང་བྱས་ན་མི་འོས་བསམ་ནས་མགོ་བོ་སྨད་དེ་སྡོད་པ་ལས་ཅི་ཡང་མ་བཤད། སློབ་གཙོས་ཀྱང་ཚེ་རིང་སྐྱིད་ཀྱིས་བཏོན་པའི་རེ་བ་ཅུང་ཚད་ལས་བརྒལ་འདུག་སྙམ་རུང་དོན་དག་འདི་ངེས་པར་དུ་ཐག་གཅོད་དགོས་པས་སྔོན་ལ་ཁོ་མོའི་འདོད་ཐོག་ཏུ་འཇོག་རྒྱུ་བྱས།

        “འཛིན་གྲྭའི་ནང་དགོངས་དག་ཞུ་དགོས་རུང་སྣང་དག་མེད། ཡིན་ནའང་སློབ་མ་ཚང་མ་གུང་གསེང་བཏང་ནས་ཁྱིམ་དུ་ལོག་ཚར་བས་འཛིན་གྲྭའི་ནང་མི་གཅིག་ཀྱང་ཡོད་མ་རེད། སློབ་སྐབས་རྗེས་མ་འགོ་བརྩམས་མ་ཐག་དགེ་རྒན་ཀླུ་མོས་དགོངས་དག་ཞུས་ན་ཅི་འདྲ་རེད”སློབ་གཙོས་སེམས་པར་དབྱར་གནང་གི་ཟླ་བ་གཉིས་འགོར་རྗེས་ཁྱིམ་བདག་གི་ཁོང་ཁྲོ་ཡང་ཞི་ངེས་པས། དགོངས་དག་ཞུས་དང་མ་ཞུས་གཅིག་པ་རེད་བསམ། མ་བསམ་ས་ནས་ཚེ་རིང་སྐྱིད་ཀྱིས་ཨུ་ཚུགས་མཐའ་སྐྱེལ་བྱེད།

        “མི་ཆོགསློབ་སྐབས་འདིའི་དོན་དག་ངེས་པར་དུ་སློབ་སྐབས་འདིར་ཐག་གཅོད་དགོས། སློབ་མ་རྣམས་ཁྱིམ་དུ་ལོག་རུང་ཕྱིར་བོས་ན་འགྲིག་གི་རེད། ངེས་པར་དུ་ལམ་སེང་དགོངས་དག་ཞུ་དགོས།”

        སློབ་གཙོ་ཡང་འུ་ཐུག་སོང་། ཁོས་མགོ་བོ་གཡུག་ཞོར་“དེ་ངས་བྱེད་ཐུབ་ས་མ་རེད། སློབ་མ་རྣམས་ཁྱིམ་དུ་ལོག་ཚར་བས་ཕྱིར་འབོད་ཐུབ་ཀི་མ་རེད། སློབ་སྐབས་རྗེས་མ་འགོ་བརྩམས་དུས་ཁྱེད་ལ་ལན་ཡིད་ཚིམ་པ་ཞིག་བསྐྱལ་ངེས་ཡིན་”ཟེར།

        “དགོངས་དག་མི་ཞུའམ། དེ་ན་བཟང་གིཁྱོད་ཚོས་ལྟད་མོ་ལྟོས་སྡོད། ང་ཚོ་སློབ་གྲྭ་སྐྱོ་པོ་འདི་རུ་མི་སྡོད་ཐག་ཆོད་ཡིན། སློབ་ཡོན་ལ་དངུལ་དེ་འདྲ་མང་པོ་ཞིག་སྤྲད། ང་ཚོ་འདིར་བརྙས་བཅོས་གཟེད་དུ་འོངས་བ་ནི་མིན། དགེ་རྒན་ཀླུ་མོ། ཁྱོད་ཀྱིས་སྒུག་སྡོད། ངས་ཁྲག་ལན་ཁྲག་གིས་འཇལ་ཁོ་ཐག་ཡིན།”



        སློབ་སྐབས་གསར་བ་འགོ་བརྩམས་མ་ཐགཚེ་རིང་སྐྱིད་ཀྱིས་འབྲེལ་བ་བརྒྱུད་ནས་བུ་མོ་སློབ་གྲྭ་གཞན་ཞིག་ཏུ་བཏང་། འགྲོ་ལུགས་བསྒྲུབས་ཚར་རྗེས་སློབ་སྐབས་སྔོན་མར་རིན་པ་སྤྲད་ཟིན་པའི་སློབ་དེབ་དག་ལེན་ཆེད་ཚོད་ལྟའི་སློབ་ཆུང་དུ་སོང་། སློབ་དེབ་བླངས་རྗེས་ཚེ་རིང་སྐྱིད་དགེ་རྒན་ཀླུ་མོས་སློབ་ཁྲིད་བྱེད་བཞིན་པའི་སློབ་ཁང་དེའི་སྒེའུ་ཁུང་འགྲམ་ནས་སོང་། ཁོ་མོས་དགེ་རྒན་ཀླུ་མོ་མཐོང་བ་དང་བུ་མོར་བརྙས་བཅོས་ཐེབས་པའི་སྐྱིན་པ་བླངས་མེད་པ་དྲན་ཏེ་ཁོང་ཁྲོའི་མེ་ལྕེ་འབར། ད་ལོའི་དབྱར་ཁར་བུ་མོའི་སློབ་གྲྭ་བརྗེ་རྒྱུའི་ཆེད་དུ་ཁྱིམ་མི་གང་པོ་ཡར་རྒྱུགས་མར་རྒྱུགས་བྱས་ནས་གླིང་ག་སྐྱིད་པོ་ཞིག་ཡང་གཏོང་མ་ཐུབ། ཚང་མ་དགེ་རྒན་ངན་པ་འདིས་ལན་པ་རེད། སློབ་སྐབས་འགོ་ཚུགས་ཀྱང་ཁོ་མོས་འཛིན་གྲྭ་ཡོངས་ཀྱི་སློབ་མའི་མདུན་ནས་དགོངས་དག་མ་ཞུས། ངས་ཁོ་མོར་སློབ་མའི་མདུན་ནས་ངོ་ཚ་གཏད་དེ་མི་མང་གི་མདུན་ནས་བརྙས་བཅོས་བྱས་ན་བྲོ་བ་ག་འདྲ་ཡིན་པ་ཤེས་སུ་འཇུག་དགོས་སྙམ།

        སློབ་གྲྭའི་ནང་དུ་སློབ་མ་རྣམས་ཀྱིས་དཔེ་ཀློག་བྱེད་པའི་སྒྲ་སྙན་མོ་ཞིག་གང་སར་མཆེད་འདུགསློབ་ཁང་ནང་གི་སློབ་མ་རྣམས་ཀྱིས་དགེ་རྒན་ཀླུ་མོའི་རྗེས་དེད་ནས་སློབ་ན་གསར་བ་ཞིག་ཀློག་བཞིན་འདུགསློབ་ཁང་གི་སྒོ་གློ་བུར་དུ་ཕྱེ་བྱུང་། ནང་དུ་ཤོར་ཡོང་མཁན་དེས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་དགེ་རྒན་ཀླུ་མོར་འགྲམ་ལྕག་ཅིག་གཞུས་སོང་། དགེ་རྒན་ཀླུ་མོས་ཏབ་ཅིག་ལ་ཅི་ཡིན་འདི་ཡིན་གྱི་ཧ་མ་གོ་བར་ཧད་འདུགཅུང་ཙམ་ནས་གསལ་བོར་ལྟ་དུས་རང་གི་མདུན་དུ་ལངས་ཡོད་པ་ནི་སློབ་མ་ཟླ་སྒྲོན་གྱི་ཨ་མ་རེད། ཁོ་མོས་སྐད་ཕྱུང་ནས་“ཁྱོད་ཀྱིས་ང་ལ་གཅར་དོན་ཅི་”ཞེས་དྲིས། ཚེ་རིང་སྐྱིད་ཀྱིས་ལན་མ་བཏབ་པར་དགེ་རྒན་ཀླུ་མོའི་སྐྲ་ནས་འཇུས། སློབ་མ་རྣམས་ཀྱིས་དགེ་རྒན་ལ་གཅར་རྡུང་བྱེད་པ་མཐོང་ནས་སྐྲག་སྟེ་ངུས། དགེ་རྒན་ཀླུ་མོས་སློབ་མའི་མདུན་ནས་གཅར་རྡུང་གཟེད་པས་ངོ་ཚ་དང་ཁོང་ཁྲོས་ངུ་ཞོར་དང་རྒྱུགས་ཞོར་ལ་སློབ་གཙོའི་གཞུང་ལས་ཁང་དུ་སོང་ནས་“ང་ལ་ཁྱིམ་བདག་གིས་གཅར་རྡུང་བྱས་སོང”་ཞེས་སློབ་གཙོར་བཤད།

        སློབ་གཙོས་དགེ་རྒན་ཀླུ་མོའི་ཚུགས་ཀ་མཐོང་ནས་ཧ་ལས་སོང་། སྐྲ་རྣམས་བྱ་རོག་གི་ཚང་ལྟར་གཟིངས་ཡོད་པ་མ་ཟད། སྣ་ཁྲག་ཡང་བཞུར་གྱིན་འདུགསློབ་གཙོས་མྱུར་དུ་དགེ་རྒན་སྐྱེས་པ་འགའ་ཁྲིད་ནས་སློབ་ཁང་དུ་སོང་བ་ན། གཅར་རྡུང་བྱེད་མཁན་གྱི་ཁྱིམ་བདག་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུགདགེ་གྲོགས་ཚང་མས་དགེ་རྒན་ཀླུ་མོར་སྙིང་རྗེ་སྐྱེས། སློབ་གཙོས་སྤྱི་བདེ་ཅུའུ་ལ་ཉེན་བརྡ་བརྒྱབ། སྐར་མ་འགའི་རྗེས་སུ་ཉེན་རྟོག་པ་ཁ་ཤས་བསླེབས་བྱུང་། སློབ་གཙོའི་གཞུང་ལས་ཁང་ནས་ཉེན་རྟོག་པས་དགེ་རྒན་ཀླུ་མོར་སྐད་ཆ་དྲིས་ཏེ་ཟིན་ཐོ་བཀོད་བཞིན་འདུགགློ་བུར་དུ་དགེ་རྒན་ཀླུ་མོའི་རྒྱུ་ཞབས་ལ་ན་ཟུག་ལངས་ནས་རྔུལ་ཆུའི་ཐིགས་པ་རེ་རེ་དཔྲལ་ངོས་ནས་མར་འགྲིལ་ཡོང་།

        དགེ་རྒན་ཚང་མས་དགེ་རྒན་ཀླུ་མོས་མངལ་སྦྲུམ་ཡོད་པ་ཤེས་པས་མྱུར་མོར་120ལ་ཁ་པར་བཏང་བ་དང་ཆབས་ཅིག་དགེ་རྒན་ཀླུ་མོའི་ཁྱོ་ག་རིག་འཛིན་ལའང་ཁ་པར་བཏང་།

        “ནང་མི་སུ་ཡིན།”སྨན་པ་མྱུར་སྐྱོབ་ལྟེ་གནས་ནས་སྒོར་བུད་མ་ཐག་རིག་འཛིན་མྱུར་དུ་ཡར་ལངས།

        “དགོངས་དག་ཞུ། ང་ཚོས་ནུས་ཤུགས་ཡོད་ཚད་བཀོལ་ཡང་བྱིས་པ་སྐྱོབ་མ་ཐུབ། ཁྱོད་ཀྱི་བཟའ་ཟླའི་ལོ་ཚོད་འདིར་མངལ་སྦྲུམ་རྒྱུ་ལས་སླ་མོ་མིན་པས་སེམས་ཆུང་བྱེད་རྒྱུ་ཤིན་ཏུ་གལ་ཆེ། སྟབས་མ་ལེགས་པར་མངལ་ཤོར་གོམས་གཤིས་ཅན་དུ་གྱུར་ཚེ་རྗེས་མ་བྱིས་པ་སྐྱེ་རྒྱུ་ཧ་ཅང་དཀའ། ཁྱོད་ཚོ་ནང་མིས་ངེས་པར་དུ་བདག་སྐྱོང་ཡག་པོ་བྱེད་དགོས།”

        སྨན་པའི་སྐད་ཆར་ཉན་རྗེས་རིག་འཛིན་ཁ་མལ་དུ་ལངས་ནས་འགུལ་རྒྱུ་མི་འདུགཅུང་ཙམ་འགོར་རྗེས་ཁོ་བྱིས་པ་ཞིག་དང་འདྲ་བར་སྐད་ཕྱུང་ནས་ངུས་བྱུང་།



        ཉེན་རྟོག་པ་ཚེ་རིང་སྐྱིད་ཀྱི་ཁྱིམ་ལ་བསླེབས་དུས་སྒོ་ཁར་ལྕགས་ཟྭ་བརྒྱབ་འདུགཉིན་དེར་ཚེ་རིང་སྐྱིད་ཀྱིས་དགེ་རྒན་ཀླུ་མོར་གཅར་རྡུང་བྱས་རྗེས། སློབ་གྲྭ་གསར་པར་སོང་ནས་བུ་མོ་ཁྲིད་དེ་ཁྱིམ་དུ་ལོག་རྩིས་བྱེད་དུས། སྒོ་རའི་ནང་དུ་མཐོང་མྱོང་མེད་པའི་རླངས་འཁོར་ཁ་ཤས་འདུག་ལ། ཁོ་མོ་ཚང་གི་སྒོ་ཁ་ན་སྐྱེས་པ་ཆ་མེད་འགས་སྒོ་རྡུང་བཞིན་པ་མཐོང་།

        “ཁྱིམ་འདིར་མི་མེད་པ་འདྲ། སྐྱོན་མེད། ང་ཚོས་ཁྱི་མོ་དེ་ཡོང་རག་བར་སྒུག་ཆོགདེ་རིང་ཁྱི་མོ་དེའི་རྐང་བ་མ་བཅག་ན་ང་སྟག་ཤ་ར་མིན་པའི་རྟགས། ངའི་གཅེན་མོས་ལོ་མང་པོ་ཞིག་ལ་སྡུག་མྱངས་མཐར་བྱིས་པ་དེ་ཐོབ་པ་རེད། ཁྱི་མོ་དེས་བྱིས་པ་བསད་སོང་། ངས་ཁྱི་མོ་དེར་སྲོག་ཚབ་སྲོག་གིས་འཇལ་དུ་འཇུག་ངེས་ཡིན།”

        ཚེ་རིང་སྐྱིད་འཚབ་བྱུང་།

        “ཨ་མ་ཁོ་ཚོས་ཁྱོད་འཚོལ་བ་འདྲ།”བུ་མོས་ཅི་ཡང་མི་ཤེས་པས་དེ་ལྟར་བརྗོད། ཚེ་རིང་སྐྱིད་ཀྱིས་མྱུར་མོར་བུ་མོ་ཁྲིད་ནས་ཁ་ཕྱིར་འཁོར་ཏེ་རླངས་འཁོར་བཏང་ནས་སྡོད་ཁུལ་དང་གྱེས།

        དགེ་རྒན་ཀླུ་མོའི་མངལ་ཤོར་སོང་། ཚེ་རིང་སྐྱིད་ཀྱི་སེམས་ལ་རྦ་རླབས་ལང་ལོང་དུ་འཁྲུག་བྱུང་། ཁོ་མོ་ཡང་འཇིག་རྟེན་ཨ་མ་ཞིག་ཡིན་པས་མངལ་ཤོར་དུ་འཇུག་མི་འདོད། ད་ནི་ཉེས་པ་ཆེན་པོ་བསགས་སོང་། ཁོ་མོ་འགྱོད་པ་ཚད་མེད་སྐྱེས།

        ཉེན་རྟོག་པས་ཁོ་མོའི་ཁྱིམ་ནས་ཅི་ཡང་མ་རྙེད་པས་ཚེ་རིང་སྐྱིད་ཀྱི་ཁྱོ་གར་ཁ་པར་བཏང་། ཁྱོ་གས་དོན་དག་འདི་འདྲ་ཞིག་བྱུང་ཡོད་པ་ཤེས་མེད། ཚེ་རིང་སྐྱིད་ལ་ཁ་པར་ག་ཚོད་བཏང་ཡང་ཁ་བརྒྱབ་འདུག་པས་ཉེན་རྟོག་པས་རོགས་ཅི་ཡང་བྱེད་མ་ཐུབ།

            ཉེན་རྟོག་པ་ཡང་ཐབས་ཟད་དེ་ཚེ་རིང་སྐྱིད་ཀྱི་ཁྱོ་གར་“གལ་ཏེ་ཚེ་རིང་སྐྱིད་ཀྱིས་ཁོར་འབྲེལ་གཏུགས་བྱེད་ཚེ་མྱུར་བ་མྱུར་དུ་སྤྱི་བདེ་ཅུའུ་རུ་ཡོང་ནས་གྱོད་དོན་འདི་བརྟག་དཔྱད་བྱེད་པར་ཞུགས་དགོས་”ཞེས་བཤད་ནས་གྱེས།

        ཚེ་རིང་སྐྱིད་མ་བུ་གཉིས་ཀ་གྲོང་ཁྱེར་དེ་དང་ཁ་བྲལ་ནས་ས་གཞན་ཞིག་གི་གྲོགས་མོའི་ཁྱིམ་དུ་སྦས་བསྡད། ཉིན་གཅིག་གི་རྗེས་སུ་ཁོ་མོས་ཁྱོ་གར་ཁ་པར་བཏང་ནས་དོན་དག་དེའི་མགོ་སྔ་ཆ་ཚང་བཤད། ཁྱོ་གས་གནས་ཚུལ་གསལ་བོར་རྒྱུས་ལོན་བྱས་རྗེས་ཚེ་རིང་སྐྱིད་ལ་སྤྱི་བདེ་ཅུའུ་རུ་སོང་ནས་གནས་ཚུལ་ཐམས་ཅད་མ་གསང་དྲང་བོ་བརྗོད་རྒྱུའི་ཁ་ཏ་བྱས། ཡིན་ནའང་ཁོ་མོ་ཁྲིམས་ཆད་ལ་སྐྲག་ནས་ཉིན་བཅུ་ལྷག་ཙམ་ལ་གྲོགས་མོ་ཚང་ནས་སྦས་ཏེ་བསྡད། དོན་དག་དེའི་སྐོར་གླེང་བའི་ཚ་རླབས་ཞི་འཇགས་སུ་སོང་དང་བསྟུན་ནས་ཚེ་རིང་སྐྱིད་ཁ་རོག་གེར་རང་ཁྱིམ་དུ་ལོག་པ་དང་། ཁྱོ་གས་གོ་བསྐོན་བློ་འགུག་གིས་སློབ་གསོ་གང་མང་བརྒྱབ་མཐར་སྤྱི་བདེ་ཅུའུ་རུ་རང་སྐྱོན་ངོས་ལེན་བྱེད་དུ་སོང་།

        “སྐུ་ཞབས་ཉེན་རྟོག་པ་ལགས། ངས་དགེ་རྒན་ཀླུ་མོས་མངལ་སྦྲུམ་ཡོད་པ་གཏན་ནས་མ་ཤེས་ལ། ་ཡང་ཨ་མ་ཞིག་ཡིན་པས་ངས་བསམ་གཟས་ནས་མངལ་ཤོར་དུ་འཇུག་འདོད་པ་མིན། འདིའི་ཐད་ནས་ཁྱོད་ཚོས་ང་ལ་ཡིད་ཆེས་བྱེད་ཆོག ”

        ཚེ་རིང་སྐྱིད་ཀྱི་ཞིབ་བརྗོད་ལ་ཉན་རྗེས་ཉེན་རྟོག་པ་སློབ་གྲྭར་སོང་ནས་དགེ་རྒན་ཀླུ་མོའི་འཛིན་གྲྭའི་ནང་གི་སློབ་མ་ཚོར་སྐད་ཆ་དྲིས་པ་བརྒྱུད། ཚེ་རིང་སྐྱིད་ཀྱིས་དགེ་རྒན་ཀླུ་མོར་གཅར་བ་ནི་དོན་དངོས་ཡིན་ལ། དགེ་རྒན་ཀླུ་མོས་ཀྱང་སྐབས་དེར་རྒོལ་ལན་སྤྲད་སོང་། འཛིང་རེས་བྱེད་དུས་ཚེ་རིང་སྐྱིད་ཀྱིས་བསམ་གཟས་ནས་དགེ་རྒན་ཀླུ་མོའི་གསུས་པར་རྡོག་ཐོ་མ་གཞུས་པ་སོགས་རྒྱུས་ལོན་བྱས་ཤིང་དཔང་རྟགས་བཙལ། ཚེ་རིང་སྐྱིད་ཀྱིས་གཅར་རྡུང་བྱས་པར་དཔང་མི་དང་དཔང་ཚིག་ཡོད་པ་མ་གཏོགས་མངལ་ཤོར་དུ་བཅུག་པའི་བདེན་དཔང་ཅི་ཡང་མེད་པས། མཇུག་མཐར་སྤྱི་བདེ་ལས་ཁུངས་གིས་བདེ་འཇགས་དོ་དམ་གྱི་ཉེས་གཅོད་སྲོལ་ཡིག་ལ་གཞིགས་ནས་ཚེ་རིང་སྐྱིད་ལ་བདེ་འཇགས་བཀག་ཉར་ཉིན་15དང་དངུལ་སྒོར1000ཆད་པ་བཅད། དགེ་རྒན་ཀླུ་མོ་ཚང་ཁྲིམས་གཅོད་མཇུག་འབྲས་དེར་ཡིད་ཚིམ་མ་ཐུབ།

        “མི་མང་འཛོམས་ས་ནས་དགེ་རྒན་ལ་གཅར་རྡུང་བྱས་པ་མ་ཟད་མངལ་ཡང་ཤོར་དུ་བཅུགམངལ་ཤོར་གོམས་གཤིས་ཅན་དུ་གྱུར་སྲིད་པ་སོགས་ཀྱི་གནོད་པ་འདི་འདྲ་མང་པོ་ཞིག་བཏང་བར། སྲིད་འཛིན་བཀག་ཉར་གྱི་ཆད་པ་ཞིག་མ་གཏོགས་མ་བཅད། ངོ་མ་འདྲ་མཉམ་མ་རེད།”ཁྱོ་ག་རིག་འཛིན་གྱིས་སྙིང་ནད་མ་སངས་བར་ཉེན་རྟོག་པར་ནན་འདྲི་བྱེད།།


རྩོམ་ཡིག་སྔོན་མ།
གསང་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1