དྭངས་གཙང་གི་མི།
རླུང་གཤོག (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03
ཁྱོད་ཀྱིས་སྙིང་ལ་རྗེ་བའི་བྱིས་པ་ཚོ་དང་ལྷན་དུ།
དབྱངས་གསལ་གྱི་སྙན་དབྱངས་ངག་ལ་གྱེར་དུས།
ཁྱོད་ནི་དབྱངས་གསལ་གྱི་ལྷ་མོ་དེའོ།
ཁྱོད་ལ་དགེ་རྒན་གྱི་མིང་བྱང་ཐོགས་པ་ནས།
ངས་སེམས་ཀྱི་བང་ཁ་གློད་ནས་ཁྱོད་ལ་སྙན་ངག་བྲིས་ཡོད།
ཁྱེད་ཀྱིས་སྲ་མཁྲེགས་ཀྱི་རུས་པ་དེ།
དུས་གཏན་དུ་མི་རིགས་སློབ་གསོར་གཏད་པར་གྱིས།
སྙིང་ཉེ་བའི་སློབ་མ་ཚོར་ཕུལ་བར་གྱིས།
ཁྱོད་ཀྱི་རྩྭ་ཐང་དུ་བྱིས་པ་ཚོས།
ཕ་སྐད་ཀྱི་དབྱངས་གྱེར་ཞིང་།
མ་ཡིག་གི་སྙན་ངག་འབྲི་དུས།
ཁྱོད་ནི་འཇིག་རྟེན་གྱི་ཆེས་དྭངས་གཙང་གི་མི་དེ་ཡིན།
དགེ་རྒན་ཞེས་པའི་མིང་བྱང་དེ།
ཁྱོད་ཀྱི་བླ་ན་མཐོ་བའི་དད་པ་ཡིན་ཆོག
མངོན་པར་བསྟོད་པའི་སྙིང་སྟོབས་ཡིན་ཆོག
ཆེས་དྭངས་གཙང་གི་རྨི་ལམ་ཡིན་ཆོག
དྭངས་གཙང་གི་མི་ཨ། ཁྱོད་དང་འགྲོགས་པ་ནས་སུ་དང་གང་ལའང་ཡིད་སྨོན་བྱས་མ་མྱོང་།
དར་རྩེ་མདོ་ནས་ཚེ་རོགས་ཤེས་རབ་སྒྲོལ་མར་བྲིས།