རྒྱང་རིང་གི་ཁྱོད་ལ་བྲིས་པ།
ཡེ་ཤེས་དབང་འདུས། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03
༡ ཁྱོད་ཟེར་པའི་རྣམ་ཤེས་གང་དུ་བུད་སོང་།
རྟོགས་ལྗོངས་ཀྱིས་མདུད་པའི་རྨི་ལམ་གྱི་མཁར་རྫོང་ཆེན་པོར།
ཁྱོད་ཀྱིས་བཀླག་མི་ཚར་བའི་གཏམ་རྒྱུད་གྲུབ་ཡོད།
ནམ་རྒྱུན་ཉི་མ་འཆར་ཐེངས་རེར།
ཁྱོད་ཉིད་སླར་ཡང་ཉིན་མོའི་རྨི་ལམ་དེར་ཞེན་རོགས།
སྨག་རུམ་གྱིས་བཀབ་པའི་རྨི་ལམ་གྱི་རྩྭ་ཐང་ཡངས་པོར།
ཁྱོད་ཀྱི་འཇོ་སྒེག་གི་རྒྱབ་གཟུགས་རི་མོ་ཡལ་མྱོང་བས།
མཛེས་སྡུག་ཅེས་པ་སྔར་ནས་བོར་སོང་།
ཐ་ན་རྩྭ་ཐང་ཞེས་པར་མེ་ཏོག་བཞད་རྒྱུ་ཡོད་པའང་བརྗེད་ཟིན།
ད་ཐེངས་ཁྱོད་ཉིད་ཚུར་བསླེབས་ཡོད་དམ།
ངས་འཚོ་བ་ཞེས་པའང་སེམས་སུ་རྟོགས་པར་སྣང་།
ངའི་རྨི་ལམ་གྱི་རྩྭ་ཐང་ཡང་རྨི་ལམ་དང་ཁ་བྲལ་ནས།
ཉི་འོད་འོག་ཏུ།
མིག་ལ་མཛེས་པའི་སྐལ་བཟང་མེ་ཏོག་འགའ་རིག་བྱུང་།
རི་བོ་འདིའི་རྒྱབ་ལོགས་སུ་ཡོད་པའི་ཁྱོད་ལ།
དྲན་གདུང་གི་ཆེད་དུ་མིག་ཆུ་རྡོག་གཅིག་ལྟུང་སྐབས།
ངའི་སེམས་པ་ཇི་འདྲའི་སྐྱོ་ཨང་།
ཁྱོད་ཉིད་ཡོད་སའི་གྲོང་ཁྱེར་དེར།
ཕ་ཡུལ་འདྲ་བའི་དྲོད་ཁོལ་ཚོར་ཐུབ་བམ།
ལོ་དུ་མའི་སྔོན་ལ།
ཁྱོད་འུ་གཉིས་ཕ་ཡུལ་གྱི་རྐང་ལམ་དོག་པོར་ཆས་ཐེངས་རེ་རེར།
ཕ་ཡུལ་གྱི་རྐང་ལམ་ནི་བརྒལ་མི་འཚར་བའི་བརྩེ་བ་ཞིག
ཕ་ཡུལ་གྱི་རྐང་ལམ་ནི་འབྲི་མི་འཚར་པའི་འཛུམ་མདངས་ཁེར་མ།
ད་ལྟ། ཁྱོད་རྒྱང་བཞུད་ཀྱི་ལམ་བུར་བསྙེགས་སོང་བས།
ཕ་ཡུལ་གྱི་རྐང་ལམ་འདི་ནི།
ངུ་མི་ཚར་བའི་སྐད་དང་མིག་ཆུ།
མཚན་མོ་རེ་རེའི་ཁེར་རྐྱང་གི་ན་ཟུག་དག
ངའི་འཇིག་རྟེན་དུ་ཁ་ཆར་བཞིན་བབས་སོང་ཨང་།
༢ ཁྱོད་ཡིན་ནམ།
གསང་སྟབས་ཀྱིས་སྙིང་ལ་འཛུལ་བའི་མི་དེ།
སྤྲིན་པ་ཞིག་ཡིན་ན།
ཞོགས་འོད་ལ་ཨ་ལོང་བརྒྱན་བའི་སྤྲིན་པ་སེར་པོ་དེ་ཡིན་ནམ།
གལ་ཏེ་འུ་གཉིས་ཁོ་ནར་དབང་བའི་ནམ་མཁའ་ཡོད་ན།
མཚན་མོ་ཞེས་པའི་ནམ་མཁའ་ཡིན་ན་ཆོག་གམ།
མུན་ནག་གི་ནམ་མཁའ་རུའང་སྤྲིན་པ་འདི་ཡོད་ན་ཅི་མ་རུང་སྙམ།
སེམས་པའི་འཆིང་ཐག་ལས་ཐར་མི་ཐུབ་པའི་གཡུ་སྦྲང་ཆུང་ཆུང་།
མེ་ཏོག་ཅིག་ཡིན་ན།
ངའི་རྨི་ལམ་གྱི་ཐང་ཆེན་དུ་བཞད་ན་ཆོག་གམ།
གལ་ཏེ་ཁྱོད་དང་ང་ལ་དབང་བའི་རྨི་ལམ་འདྲ་མོ་ཞིག་ཡོད་ན།
འཚོ་བ་ཞེས་པ་འབོད་དགོས་སམ།
རྒྱང་རིང་དུ་འཕུར་ཟིན་པའི་གཤོག་པ་དེ།
བྱ་རྒོད་ཅིག་ཡིན་ན།
རི་སྒང་ནས་བཞུད་པའི་ཐང་ལྷ་དེ་ཡིན་ནམ།
གལ་ཏེ་ཁྱོད་རང་སླར་ཡང་ལོག་འདོད་ན།
ངས་ཁྱོད་གཅིག་པུར་དབང་བའི་ཁོར་ཡུག་ཅིག་བསྐྲུན་ཆོག
༣ གལ་ཏེ་ཁྱོད་ཉིད།
གལ་ཏེ་ཁྱོད་ཉིད།
དབྱངས་ལ་སིམ་བའི་ལྐོག་གྱུར་གྱི་དབྱངས་རྟ་ཡིན་ན།
ང་ནི་པི་ཝང་གི་རྒྱུད་ལས་དཀྲོལ་བའི་སྒྲ་དབྱངས་དེ་ཡིན་ན་ཆོག་གམ།
སྙིང་སྡུག་མ།
ཁྱོད་ཀྱིས།
ལོ་རྒྱུས་ཀྱི་འཕོ་འགྱུར་བར་ནས་མཐོ་སྒང་དུ་སྐད་གཅིག་བཏང་བ་ནས།
ངའི་སེམས་ཁོང་གི་ལྡིང་ཁང་ཁྱོན་ནས་བཟི་སོང་།
ཁྱོད་ཀྱིས་འགྲུལ་བཞུད་བྱེད་པའི་ལམ་ཕྱོགས་བསྒྱུར་མྱོང་བས།
ངས་གངས་ཆུའི་བཞུར་ངོགས་སུ།
ཁྱོད་བསྒོམ་པར་བྱ།