ངའི་ཨ་ཕ།

དགའ་ཕ་ལམ། (མཛོད་དགེ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


ངའི་ཨ་ཕ། རིག་གསར་གྱི་རླུང་དམར་འུར་འུར་ལྡང་བའི་དུས་འགྱུར་ནག་པོའི་ལོ་ཟླའི་བརྡབ་གསིག་དང་ཆགས་འཇིག་ཁྲོད་ནས། མི་ཚང་མང་བོའི་ཁྱིམ་གཞིས་ཆེན་པོ་ཞིག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་། ཁོང་ནི་ཕུ་ནུ་མིང་སྲིང་བཅུའི་ནང་གི་སྐྱེས་འགོ་ཡིན་པས་ཁྱིམ་བཤུལ་སྐྱོང་བའི་ལས་རིགས་རླབས་པོ་ཆེ་དེའང་ཁོང་གི་ཕྲག་པར་གཟུར་མེད་ཀྱི་འགན་འཁྲི་དང་གཡོལ་མེད་ཀྱི་འཁུར་རྩར་བབས་པ་ནི་བསྒྱུར་མི་གཏུབ་པའི་ཕ་ཡུལ་གྱི་སྲོལ་རྒྱུན་ཞིག་ཏུ་གྲུབ་ཡོད། ད་དུང་། ཕ་མ་གཉིས་ཀས་ཁོང་ལ་རང་གི་ཁྱིམ་ཚང་ཡར་འདེགས་ཀྱི་ཤེད་དང་མར་ནོན་བྱེད་ཀྱི་ལྗིད་ཅིག་དགོས་པའི་སྐུལ་ལྕོག་དང་རེ་བ་ཅི་འདྲའི་མང་བོ་ཞིག་བརྒྱབ་ཡོད་ཨང་།

ངའི་ཨ་ཕ་ནི་གཞུང་དྲང་གི་ཨ་ཕ་ཞིག་ཡིན། ནམ་རྒྱུན་ཁོང་གི་གདོང་ན་དགའ་འཛུམ་དང་ཁྲེལ་འཛུམ། སྐྱག་འཛུམ་སོགས་འཛུམ་མདངས་ཟེར་བའི་ཐ་སྙད་ཀྱི་འཇུག་གཞི་ཡེ་ནས་མེད་པར་ངོ་གནག་གནག་ལ་ཡོད་པས། མང་བོ་ཞིག་གིས་ངའི་ཨ་ཕ་ནི་གདུག་རྩུབ་ཆེ་ཞིང་ཡ་ང་སྙིང་རྗེ་བྲལ་བའི་མི་རྩུབ་པོ་ཞིག་ཏུ་འདོད་མོད། འོན་ཀྱང་ཁོང་ནི་ཁ་འོ་མ་དང་ཁོག་ཚེར་མ་བཞིན་རྩུབ་པའི་མི་རྣམས་ལས་རྦད་དེ་ལྡོག་ནས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཀུན་ནས་ལྷག་པས། ང་ལ་ངའི་ཨ་ཕ་ནི་འཇིག་རྟེན་གྱི་ཆེས་རླབས་ཆེ་བའི་ཨ་ཕ་དེ་ཡིན་པར་ཐེ་ཚོམ་ཅི་ཡང་མེད། གནམ་འོག་གི་སྐྱེས་པ་ཡོད་ཚད་ཀྱི་གཤིས་དང་རང་བཞིན་མི་གཅིག་ཅིང་། ནང་གི་རྣམ་རྟོག་གི་འཕྲོ་འདུ་ཕྱིའི་ལུས་ངག་ཏུ་འཆར་ཚུལ་ཡང་མི་གཅིག་པ་བློ་ཁོག་ཏུ་མི་ཤོང་རྒྱུ་གཞི་ནས་མེད་དོ།།

ངའི་ཨ་ཕ་ནི། རྒྱལ་ཁ་གཅིག་གིས་ཡིད་མི་ཚིམས་ཤིང་དཀའ་ཁེགས་དང་ཕམ་ཁ་ལ་མགོ་མི་སྒུར་བར་སྲོག་བསྡོས་ཀྱིས་དམར་འཛིང་བྱེད་པའི་འཐབ་མོ་བ་ཞིག་ཡིན། རྟ་དང་རྒོད་མར་ཁ་ལོ་བཏུལ་ཞིང་འབྲོང་གཡག་དར་མར་སྣ་ལོ་ཡང་བརྟུལ་མྱོང་། གཡང་དཀར་དང་ནོར་གནག་མ་བུ་ཁྱུ་དང་ཁྱུ་བྱས་ནས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་འཚོ་སྐྱོང་གི་ལས་ལ་བྲེལ་བཞིན། ཁ་ཆར་བུ་ཡུག་གི་འདབ་མ་གདོང་གིས་བསུས་ཤིང་། གྲང་ངར་ལྷགས་རླུང་གི་རྒོལ་བར་རྒྱབ་ཀྱིས་ཕྱོགས་ཏེ། ཅེ་སྤྱང་གི་འཇབ་རྒོལ་དང་ཆོམ་རྐུན་གྱི་གདུག་རྩུབ། གྲལ་རིམ་གྱི་འཐབ་རྩོད། བཀྲེས་སྐོམ་གྱི་སྡུག་བསྔལ་སོགས་ཅི་འདྲའི་མང་བོ་མང་བོ་ཞིག་མྱོང་ཡོད་ཨང་།

ངེད་མིང་སྲིང་གསུམ་ཀ་ཙམ་དུ་མ་ཟད། ངེད་ཅག་ཕ་མ་མིང་སྲིང་གི་བྱིས་པ་ཡོད་ཚད་ཀྱང་ངའི་ཨ་ཕ་ལ་ཧ་ཅང་སྐྲགཆུང་དུས་སུ་ང་ཚོས་ཁོང་གི་ངོའི་དཀར་ནག་དང་འགྲོ་འདུག་ཁོ་ནར་བལྟས་ནས་པྲ་ཚགས་དང་མ་རབས་བྱེད་ཀྱིན་ཡོད། རྒྱུ་མཚན་ཨ་ཕས་སྨིན་མ་དང་ཁྲོ་གཉེར་བསྡུས་པའི་གཟབ་ནན་གྱི་རྣམ་འགྱུར་འདིས་ང་ཚོ་ལ་མི་དགེ་བའི་བྱ་བཞག་གང་མང་ཞིག་གི་སྒོ་གཏན་འགོག་བྱེད་པའམ། ལེ་ལོ་དང་རྣམ་གཡེང་། སྒྱིད་ལུག་སོགས་བག་མེད་ཀྱི་ལས་ལ་གང་འདོད་དུ་མི་འཇུག་པར་གྲོགས་བྱེད་པ་དང་མཚུངས། སློབ་ཆུང་སྐབས་སུ། ང་ལ་ཁྱིམ་གྱི་དོན་དག་ཡར་མར་དང་བྱ་བ་ཙག་ཙིག་ལ་ཁ་གཡར་ནས་སློབ་བྱོལ་བྱེད་པའི་སློབ་གྲོགས་མི་ཉུང་བ་ཞིག་ཡོད་མོད། འོན་ཀྱང་། ང་རང་ཨ་ཕར་འཇིགས་ཤིང་སྐྲག་སྟེ། ཉིན་གཅིག་ལའང་སློབ་བྱོལམ་བྱས་པར་ལོ་ངོ་དྲུག་རིང་གི་སློབ་ཆུང་གི་འཚོ་བ་བདེ་ལེགས་ངང་མཇུག་རྫོགས་པའི་བཀའ་དྲིན་གཅིག་པུའང་བསམ་གྱིས་མི་ཁྱབ།

ལོ་ཞིག་གི་རྒྱ་ལོའི་ལོ་སར་ཚེས་མགོར། ངས་ཕུ་བོའི་རྗེས་སུ་དེད་ནས་རྟ་རྒྱུག་འགྲན་ཚོགས་ཆེན་མོ་ཞིག་ལ་བལྟ་རུ་འགྲོ་བའི་རེ་བ་ནན་ཆེར་ཞུས་པ་ན། ཨ་ཕས་ཁོང་དགོད་ཅིག་འཆོར་བཞིན་དུ་རང་གི་འགྲམ་པ་གཡས་པར་མཛུབ་མོ་བཙུགས་ནས་ང་ལ་འོ་ཞིག་བྱས་ཟེར། ངས་ཧ་ཅང་མ་རངས་པའམ་ཐེ་ཚོམ་གྱི་ངང་དུ་ཨེན་ཙམ་བསྡད་རྗེས། ག་ལེར་ཁོང་ལ་འོ་ཞིག་བྱས་པ་ཡིན། དེ་ནི་ཚ་བེར་བེར་གྱི་འགྲམ་ལྕག་ཅིག་བཞུས་པ་དང་འདྲ་བར་ཚོར་བ་རྣོ་ཞིང་གཏིང་ནས་ཚིམས་པའི་བདེ་སྣང་གིས་ཡུན་རིང་ལ་མིག་ཟུང་བཙུམ་ནས་ཕྱེས་མ་བྱུང་། ཆེས་ཐོག་མའི་འཛུམ་པ་ཉུང་ཉུང་དེས། སྤྲིན་ནག་འཁྲིགས་པའི་ནམ་མཁའ་རུ་གློ་བུར་དུ་ཉི་འོད་ཀྱི་སྣང་བས་ཁྱབ་ཅིང་ཟེགས་མ་ས་ལ་བཀྲམས་ནས་དྭངས་ཆ་ཅན་གྱི་རྩྭ་མགོའི་ཟིལ་བ་མཐའ་དག་འོད་དུ་འཚེར་བའི་མཛེས་སྡུག་གི་གོང་བུ་རེ་རེར་བསྒྱུར་སོང་།

ཨ་ཕས་རྒྱུན་དུ་གཅར་རྡུང་བྱས་མ་ངས་མི་དྲན་མོད། ཐེངས་ཤིགབདག་གི་འཕོང་ཚོས་ཀྱིས་མྱོང་བའི་ཨ་ཕའི་རྡོག་ཐོ་ཡི་བྲོ་བ་དེ་ནམ་ཡང་བརྗེད་པ་མེད། སྔོན་ཆད། དགེ་རྒན་ཞིག་གིས། ངས་ཁྱོད་གཅིག་པུར་སྡིགས་དམོད་བྱས་ནས་ཡང་ཡང་གླེང་གིན་པ་ནི་ང་རང་ཁྱོད་ལ་སྡང་བས་མ་ཡིན་པར་ཁྱོད་ལ་ཤ་ཚ་བས་ཡིན་ཟེར་བའང་ཅིས་མ་བདེན། ནམ་རྒྱུན། ང་རང་ཨ་ཕའི་མདུན་ན་སྒོ་ཁའི་ཡར་ཡོང་གི་མག་པ་ཞིག་དང་འདྲ་བར་འཁུམ་ཞིང་འཛེམ་བག་ཆེ་བ། དངངས་ཤིག་འདར་བ་ལ་རྒྱུ་མཚན་ཞིག་ལོས་ཡོད། དེ་ནི་ཕ་སེམས་བུ་ཡིན། བུ་སེམས་རྡོ་མ་ཡིན་པར་བདག་གིས་ཨ་ཕ་ལ་སེམས་ཁོང་གི་བརྩི་བཀུར་དང་གུས་འདུད་ཞུ་སྟངས་གཞན་ཞིག་ཡིན་ལ། ཁོང་ཉིད་ནམ་ཡང་རྔམ་རྔམ་རྫིག་རྫིག་གིས་འདུག་པ་ཡང་ངེད་ཅག་ལ་ཤ་ཚ་ཞིང་སྙིང་ཉེ་བ། དར་དཀར་ལྟ་བུའི་མཛའ་གཅུགས་ཀྱི་མདུད་པ་རྒྱག་སྟངས་གཞན་ཞིག་གམ། ཞེ་འདང་གི་མར་ལོ་སྲུབས་ཚུལ་ངོ་མ་ཞིག་རེད།

ང་རང་སྙན་ངག་ལ་དགའ་བ་བཞིན་ཨ་ཕ་རྩམ་པ་ལ་དགའ། ངའི་ཨ་ཕར་བརྙན་འཕྲིན་དང་ཁ་པར་མེད་ན་ཆོག་ལ། འཕྲུལ་རྟ་དང་རླངས་འཁོར་ཡང་མེད་ན་ཆོགད་དུང་། ཐ་མག་དང་ཆང་རག་ཀྱང་མེད་ན་ཆོག་མོད། ནམ་ཡང་མེད་དུ་མི་རུང་བ་ནི་རྩམ་པ་དང་མ་ཎི་ཡིན། ཞོགས་པ་སྔ་མོར། རྩམ་པ་རྒྱགས་ཚད་ཅིག་ཟོས་རྗེས་མ་ཎི་འདོན་ཞོར་དུ་ལུག་ཁྱུ་དེད་ནས་རྩྭ་ཆུ་འཛོམས་པའི་རྒྱང་རིང་གི་གནས་སའི་འདྲེས་མཚམས་བསྙེགས་ནས་འགྲོ་བ་ནི། ངའི་ཨ་ཕའི་སྐྱར་ཟློས་ཀྱི་འཚོ་བ་དང་ནམ་ཡང་མཇུག་མི་བསྒྲིལ་བའི་ལས་རིགས་རླབས་པོ་ཆེ་ཞིག་ཡིན། ངས་ཕྲེང་རྡོག་རེ་རེ་བགྲང་བཤུལ་གྱི་སེན་མོའི་ཉག་ག་རིག་མཐོང་རེར། ངའི་ཨ་ཕ་ནི་ལ་ཁའི་ལུག་རྫི་དང་རི་ཁའི་ཟོག་རྫི་ཙམ་མ་ཡིན་པར། ང་ལ་དཔའ་སྤོབས་དང་ངར་ཤུགས། སེམས་སྟོབས་དང་ལ་རྒྱ་གནང་བའི་དྲིན་ཆེན་ཀུན་གྱི་ཡང་རྩེ་ཡིན། བདག་གིས་དུས་གཏན་དུ་ཨ་ཕའི་ཡ་ཐོད་ཀྱི་རྒས་གཉེར་རེ་རེའི་ཟབ་ཚད་ལ་བལྟས་ནས། སློག་ཧྲུལ་གྱིས་གཏུམས་པའི་ཨ་ཕའི་རྒྱབ་གཟུགས་ལ་འཁེན་ནས། རང་གིས་རང་ལ། དཔའ་ཞུམ་མི་ཉན་པའི་ཡིད་ཆེས་ཤིག་སྩོལ་བཞིན་ཡོད། བག་འཁུམ་མི་རུང་བའི་ང་རྒྱལ་དང་ཁེངས་དྲེགས་ཤིག་བཙལ་ནས་ཡོད།

སྐྱིད་སྡུག་གི་ལས་གང་ལ་འཕྲད་ཀྱང་། ངའི་ཨ་ཕ་ནི་དོན་མེད་དུ་མིག་ཆུ་མི་གཏོང་བའི་སྟག་ཤ་ར་ཞིག་ཡིན། ལོ་དེའི་དགུན་ཁར། ངའི་ཨ་ཕ་ཚེ་སྲོག་གི་དབུགས་རྒྱུན་ཐ་མ་ཆད་ལ་ཉེ་བའི་རང་གི་ཡབ་ཆེན་གྱི་སྔས་མགོ་རུ་ཁ་རོག་གེར་བསྡད་ནས། ཁུ་སིམ་མེར་མིག་ཆུ་འབྱིད་ཀྱིན་འདུགདེ་འདྲའི་འོད་ཀྲིག་ཀྲིག་གི་མིག་ཆུའི་ནང་དུ། སླད་མ་བསྲེས་པའི་ཕ་བུ་གཉིས་ཀྱི་བརྩེ་བའི་མེ་ཏོག་བཞད་ཡོད། གཡའ་མ་ཞུགས་པའི་ཕ་བུ་གཉིས་ཀྱི་དུང་བའི་མཚོ་མོ་བསྐྱིལ་ཡོད། དེ་བས། ངའི་ཨ་ཕར་གསེར་སྲང་སྟོང་ལས་ལྷག་པའི་རིན་ཐང་ཅན་གྱི་མིག་ཆུ་ཞིག་ཡོད་པ་དྲན་ཞིང་། ལྷ་སའི་ཤེལ་མིག་གསེང་གི་མིག་འབྲས་དྭངས་མོ་གཉིས་ཀ་ནམ་ཡང་ངའི་མདུན་རྒྱབ་གང་རུང་དུ་འབུར་ཚུགས་སུ་གཏད་ཡོད་པའང་ག་ལ་བརྗེད། དེ་དང་མཉམ་པར། ང་རང་གིས་སྔོན་ཆད་ཚོད་ཚོད་ལ་ཤོར་བའི་མིག་ཆུའི་དོག་པ་རེ་རེར་སེར་སྣ་དང་ཕངས་སེམས་སྐྱེས་འོང་།།


རྩོམ་ཡིག་སྔོན་མ།
ལོ་ཟླ་ནི་གཙང་བོ་བཞིན།
རྩོམ་ཡིག་རྗེས་མ།
དྲན་གདུང་དང་ཕངས་སེམས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1