ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུས་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སྐྱོད་པ་མཚོན་ཡོད་པས། རང་རེའི་བྱ་བར་སྔར་ལས་གསར་ཞིང་མཐོ་བའི་བླང་བྱ་བཏོན།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོང་ལམ་བུ་གསར་བར་དམ་པོར་དམིགས་ནས། རྒྱུན་ཆད་མེད་པར་སྤྱི་པའི་རིག་གནས་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི"ཞིང(འབྲོག)ཁྱིམ་དཔེ་ཁང"འཛུགས་སྐྲུན་དང་སློབ་གྲྭ་འབྲིང་ཆུང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁུལ་དང་རྫོང་དཔེ་མཛོད་ཁང་གི་ཆ་སྒྲིག་འཛུགས་སྐྲུན། སྤྱི་པའི་རིག་གནས་ཞབས་ཕྱིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་དང་ཟུང་འབྲེལ་བྱས་ཏེ། དཔེ་སྐྲུན་གྱི་ཆུ་ཚད་དང་ནུས་པ་མཐོར་འདེགས་བྱེད་པ་དང་། བྱེད་ཐབས་མང་པོ་བཀོལ་ནས། མང་ཚོགས་ཀྱིས"ཉོ་ཐུབ་པ་དང་ཀློག་ན་གོ་སླ་བ། བེད་སྤྱོད་བྱེད་ཆོག་པའི"ཆབ་སྲིད་དང་དཔལ་འབྱོར། ཚན་རྩལ། བཅའ་ཁྲིམས། འཚོ་བ། གཞོན་ནུ་དང་ལོ་ཆུང་གི་ཀློག་དེབ་སོགས་ཀྱི་དམངས་ཕན་དཔེ་ཆ་པར་དུ་སྐྲུན་པ་དང་། དཔེ་ཆའི་སྣ་ཁ་དང་གྲངས་ཚད། སྒྲིག་གཞི། སྤུས་ཚད་བཅས་ལེགས་བཅོས་བྱས་ནས་རང་ཞིང་གི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དཔེ་ཆ་ཀློག་པའི་དགོས་མཁོ་ཡིད་ཚིམ་བྱེད་དགོས།
རིག་གནས་སྒྲིག་སྲོལ་བཅོས་སྒྱུར་ལ་དམ་པོར་དམིགས་ཏེ། མི་རིགས་དཔེ་སྐྲུན་སྡེ་ཚན་ལ་ནང་ཡོད་པའི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། གསོན་ཤུགས་ཇེ་ཆེར་གཏོང་ན། ནང་ཡོད་སྒྲིག་སྲོལ་བཅོས་སྒྱུར་ནི་འགྲོ་ལམ་ཉག་ཅིག་ཡིན། ནང་རྐྱེན་སྒྱུར་བ་དང་ཞབས་ཕྱི་ལེགས་བཅོས། ངལ་རྩོལ་མི་དོན་དང་ཡོང་སྒོ་བགོ་བཤའི་ལམ་ལུགས་དང་། གདན་ཞུས་སྐུལ་སྤྱོད་ལམ་ལུགས། ལས་རྐང་དོ་དམ་ལམ་ལུགས་བཅས་སྤེལ་ཞིང་། ཕན་ཡོད་གྲོན་དངུལ་འགན་སྲུང་ནང་རྐྱེན་དང་བདག་གཉེར་དོ་དམ་འཁོར་རྒྱུག་ནང་རྐྱེན། ཚན་རིག་དང་མཐུན་པའི་བྱས་རྗེས་དཔྱད་བསྡུར་ནང་རྐྱེན་བཅས་བཙུགས་ནས་གོང་དུ་སྡོད་ཐུབ་པ་ལ་འོག་ཏུའང་འགྲོ་ཐུབ་པ་དང་ནང་དུ་འགྲོ་ཐུབ་ལ་ཕྱིར་ཡང་འགྲོ་ཐུབ་པའི་དཔེ་དབྱིབས་གསར་བ་ཆགས་སུ་འཇུག་དང་། ཞབས་ཕྱིའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས།
མི་རིགས་བྱ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ། མཚོ་བོད་མཐོ་སྒང་ལ་ལྡན་ཡོད་པའི་རང་བྱུང་ས་ཁམས་ཀྱི་ལེགས་ཆར་བརྟེན་ནས། ཧུར་ཐག་གིས་མཐོ་སྒང་གི་མི་རིགས་ཀྱི་ཁྱད་ཆོས་ཡོད་པ་དང་། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན། མཛེས་སྡུག་བཅས་ཡིན་པའི་སྐྱེ་ཁམས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་མཚོན་པའི་ནང་དོན་བདམས་ནས། མི་རིགས་རིག་གནས་ཀྱི་ཐོན་ཁུངས་གསར་གཏོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་མི་རིགས་ཀྱི་དཔེ་ཆ་བཟང་བོ་པར་དུ་བསྐྲུན་དགོས་ཤིང་། མི་རིགས་དཔེ་སྐྲུན་ཡིག་རིགས་ཀྱི་ཚོང་རའི་ཟིན་ཚད་མཐོར་འདེགས་བྱེད་དགོས།
རིག་གནས་སྟོབས་ཆེན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ་མི་རིགས་དཔེ་སྐྲུན་གྱི་རིགས་སྒྱུར་རིམ་སྤར་ཐད་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་མི་རིགས་དཔེ་སྐྲུན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། དེང་རབས་ཀྱི་ཚན་རིག་ལག་རྩལ་དང་སྨྱན་བྱེད་གསར་བའི་ཁྱབ་སྤེལ་ནུས་པ་བཀོལ་ཏེ། བྱེད་ཐབས་སྣ་མང་སྤྱད་ནས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་སྤྱི་ཚོགས་ཀྱི་ཚན་རིག་དང་རང་བྱུང་ཚན་རིག་གི་ཤེས་བྱ་ཁྱབ་སྤེལ་བྱེད་པ་དང་། ཚན་རིག་ཅན་གྱི་མི་རིགས་དཔེ་སྐྲུན་སྡེ་ཚན་འཛུགས་སྐྲུན་བྱེད་དགོས།།