སྤྱིའི་རྩ་འཛིན།
ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་ལ། དུས་མཚུངས་སུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་ཀྱི་མགོ་ཁྲིད་བྱེད་པའི་སྲོག་ཤིང་ཡིན་ཞིང་། ཀྲུང་གོའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་དགོས་མཁོ་མཚོན་པ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་གོང་དུ་སྤེལ་བའི་ཁ་ཕྱོགས་མཚོན་པ། ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་ཡིན། ཏང་གི་ཕུགས་བསམ་ཆེ་ཤོས་དང་མཐར་ཐུག་གི་དམིགས་ཡུལ་ནི་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་དེ་ཡིན།
ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་པ་ཡིན།
མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་གོང་དུ་འཕེལ་བའི་ཆོས་ཉིད་གསལ་བོར་བསྟན་པས། དེའི་གཞི་རྩའི་རྩ་བའི་རིགས་པ་ནི་ཡང་དག་ཡིན་པ་དང་། སྐྱེ་སྟོབས་ཆེས་ཆེར་ལྡན་པ་ཡིན། ཀྲུང་གོ་གུང་ཁྲན་ཏང་མིས་བརྩོན་ལེན་བྱེད་པའི་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེ་ཤོས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གོང་འཕེལ་གང་ལེགས་དང་དར་རྒྱས་ཆེས་ཆེར་བཏང་ན་མ་གཏོགས་མངོན་འགྱུར་བྱེད་མི་ཐུབ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གོང་འཕེལ་དང་འཐུས་ཚང་གཏོང་བ་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་བོ་ཞིག་ཡིན། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་མི་དམངས་ཀྱིས་རང་མོས་སུ་བདམས་ཤིང་ཀྲུང་གོའི་གནས་ཚུལ་དང་འཚམ་པའི་བགྲོད་ལམ་དུ་བསྐྱོད་ན། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་མཐའ་མཇུག་གི་རྒྱལ་ཁ་འཐོབ་ངེས་ཡིན།
བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོར་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་གསར་བརྗེའི་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ནས་མའོ་ཙེ་ཏུང་གི་དགོངས་པ་གསར་གཏོད་གནང་ཡོད། མའོ་ཙེ་ཏུང་གི་དགོངས་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དེ་ཀྲུང་གོར་བེད་སྤྱོད་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་ཞིང་། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་རྩ་དོན་དང་ཉམས་མྱོང་ཕྱོགས་སྡོམ་ཡང་དག་ཡིན་པ་ལག་ལེན་གྱི་ཐོག་ནས་ར་འཕྲོད་བྱུང་བ་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་ཐུན་མོང་གི་བློ་གྲོས་ལས་བྱུང་བའི་ཉིང་བཅུད་ཀྱང་ཡིན། མའོ་ཙེ་ཏུང་གི་དགོངས་པའི་མཛུབ་སྟོན་འོག་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་མགོ་ཁྲིད་དེ་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་པའི་གསར་བརྗེའི་འཐབ་རྩོད་ཡུན་རིང་བྱས་ཏེ་དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། ཀྲུང་གོ་གསར་བ་བཙུགས་པའི་རྗེས་སུ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བདེ་བླག་ངང་བསྒྲུབས་ཏེ་དམངས་གཙོ་རིང་ལུགས་གསར་བ་ནས་སྤྱི་ཚོགས་རིང་ལུགས་སུ་བར་བརྒལ་ལེགས་འགྲུབ་ནས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བརྟན་པོར་བཙུགས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས་བཅས་གོང་དུ་སྤེལ་ཡོད།
སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་ཚུན་ནས། བློ་མཐུན་ཏིན་ཞའོ་ཕེན་གྱིས་སྐུ་ཚབ་གཙོ་བོར་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཀྲུང་གོ་གསར་བ་དབུ་བརྙེས་ཚུན་གྱི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གནང་བའི་ཁར། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གྱིས་ཏང་ཡོངས་ཀྱི་བྱ་བའི་ལྟེ་གནས་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྤོ་འགྱུར་དངོས་སུ་གྲུབ་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་གོང་དུ་སྤེལ་བའི་དུས་སྐབས་གསར་བ་གཏོད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་རིམ་པས་གྲུབ་ཅིང་། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་སྲ་བརྟན་དང་གོང་འཕེལ་གཏོང་བའི་གཞི་རྩའི་གནད་དོན་གསལ་བཤད་གནང་སྟེ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་གསར་དུ་བཙུགས་པ་རེད། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་དེང་རབས་ཀྲུང་གོའི་ལག་ལེན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བྱུང་བ་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་མའོ་ཙེ་ཏུང་གི་དགོངས་པ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་བ། མར་ཁེ་སི་རིང་ལུགས་ཀྲུང་གོར་འཕེལ་རྒྱས་སུ་བཏང་བའི་དུས་རིམ་གསར་བ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས། ཀྲུང་གོ་གུང་ཁྲན་ཏང་ཐུན་མོང་གི་བློ་གྲོས་ལས་བྱུང་བའི་ཉིང་བཅུད་བཅས་ཡིན་པས། དེས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་ལས་དོན་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པར་ཁྲིད་སྟོན་གནང་བཞིན་ཡོད།
སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་འཚོགས་པའི་ཚུན་ནས། བློ་མཐུན་ཅང་ཙེ་མེན་གྱིས་སྐུ་ཚབ་གཙོ་བོར་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལག་ལེན་བྱེད་པའི་ཁྲོད་དུ། གང་ཞིག་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱེད་དགོས། ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས། ཏང་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པ་བཅས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་སོང་བ་དང་། ཏང་སྐྱོང་དང་རྒྱལ་སྐྱོང་གི་ཉམས་མྱོང་རྩ་ཆེན་གསར་བ་བསགས་གནང་བས"མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན་གྲུབ་ཡོད། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་བཅས་རྒྱུན་འཛིན་དང་གོང་འཕེལ་བཏང་བ་ཡིན་པས། དེང་རབས་འཛམ་གླིང་དང་ཀྲུང་གོ་གོང་འཕེལ་དང་འཕོ་འགྱུར་བྱུང་བ་དེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་གསར་བ་མཚོན་པ་དང་། ཏང་འཛུགས་སྐྲུན་བྱེད་ཤུགས་ཆེར་གཏོང་བ་དང་ལེགས་བཅོས་བྱེད་པ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་རང་ངོས་འཐུས་ཚང་དང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་མཚོན་ཆ་སྟོབས་ལྡན་དང་། ཀྲུང་གོ་གུང་ཁྲན་ཏང་ཐུན་མོང་གི་བློ་གྲོས་ལས་བྱུང་བའི་ཉིང་བཅུད། ཏང་གིས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་སློབ་སྟོན་བསམ་བློ་བཅས་ཡིན། ཐོག་མཐའ་བར་གསུམ་དུ"མཚོན་བྱེད་གསུམ་"བྱེད་ཐུབ་པར་བྱ་རྒྱུ་ནི་ང་ཚོའི་ཏང་གི་ཏང་འཛུགས་པའི་རྩ་བ་དང་། སྲིད་དོན་སྐྱོང་བའི་རྨང་གཞི། སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ཡིན།
ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་འཚོགས་པའི་ཚུན་ནས། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང"མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན་གྱིས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ནས་གོང་སྤེལ་གྱི་བླང་བྱ་གསར་བ་ལྟར། གནས་བབ་གསར་བའི་འོག་འཕེལ་རྒྱས་ཇི་འདྲ་ཞིག་ཡོང་བར་བྱ་རྒྱུ་དང་། འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ལ་ངོས་འཛིན་ཟབ་མོ་དང་ལན་གསར་བ་བཏབ་ཡོད། མི་གཙོ་བོར་འཛིན་པ་དང་ཕྱོགས་ཡོངས། མཐུན་སྦྱོར། རྒྱུན་མཐུད་ངང་འཕེལ་རྒྱས་བྱེད་པའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གྱི་ལྟ་བ་ཞིག་ཆགས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན་བཅས་དང་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་ལྷན་སྐྱོད་ཀྱང་ཡིན་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དང་འཕེལ་རྒྱས་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་གཅིག་བསྡུས་ཀྱིས་མཚོན་པ་ཞིག་ཡིན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ཆེས་གསར་བའི་གྲུབ་འབྲས་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཐུན་མོང་གི་བློ་གྲོས་ཀྱི་ཉིང་བཅུད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་མཛུབ་སྟོན་བསམ་བློ་ཞིག་ཡིན།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ནས། བློ་མཐུན་ཞི་ཅིན་ཕེན་གྱིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་དུས་རབས་གོང་འཕེལ་གྱི་འགྲོ་ཕྱོགས་དང་བསྟུན་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཐོག་ནས་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་འདིར་རྒྱུད་རིམ་ལྡན་པའི་སྒོ་ནས་དྲིས་ལན་བཏབ་སྟེ། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་གནང་ཡོད། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཆེས་གསར་བའི་གྲུབ་འབྲས་དང་། ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་ཐུན་མོང་གི་བློ་གྲོས་ལས་བྱུང་བའི་ཉིང་བཅུད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་མགོ་ཁྲིད་དེ་འཐབ་རྩོད་རླབས་ཆེན་དང་། ལས་གཞི་རླབས་ཆེན། ལས་དོན་རླབས་ཆེན། ཕུགས་འདུན་རླབས་ཆེན་བཅས་ལ་གཅིག་འདོམས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་པར་སྐུལ་འདེད་བཏང་ཡོད།
བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་ང་ཚོས་ཐོབ་པའི་གྲུབ་འབྲས་དང་ཡར་ཐོན་ཚང་མའི་རྩ་བའི་རྒྱུ་རྐྱེན་མདོར་བསྡུས་ནས་བཤད་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གསར་གཏོད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་ཆགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཏན་འཁེལ་བྱས་པའི་དབང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བཏང་བ་བཅས་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་ཏང་གིས་དཀའ་བ་ཚད་མེད་སྤྱད་ནས་གསར་གཏོད་བྱས་པའི་བགྲོད་ལམ་དང་རིགས་པའི་གཞུང་ལུགས་མ་ལག ལམ་ལུགས། རིག་གནས་བཅས་ལ་གཅེས་འཛིན་ལྡབ་འགྱུར་དང་ཡུན་རིང་རྒྱུན་འཁྱོངས། རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་འགྲོ་ལམ་ལ་ཡིད་ཆེས་དང་རིགས་པའི་གཞུང་ལུགས་ལ་ཡིད་ཆེས། ལམ་ལུགས་ལ་ཡིད་ཆེས། རིག་གནས་ལ་ཡིད་ཆེས་བཅས་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་ལག་ལེན་མཐར་ཕྱིན་བྱས་ནས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་ཡོང་བ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་། མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ་མངོན་དུ་འགྱུར་བ་དང་། "ལོ་བརྒྱ་གཉིས"ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་བྱེད་ཆེད་འབད་བརྩོན་བྱེད་དགོས།
རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་བཞིན་པ་མ་ཟད་ད་དུང་ཡུན་རིང་གནས་རྒྱུ་ཡིན་པ་དང་། དེ་ནི་དཔལ་འབྱོར་དང་རིག་གནས་རྗེས་ལུས་ཐེབས་པའི་ཀྲུང་གོར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་རིང་བརྒལ་ཐབས་མེད་པའི་ལོ་རྒྱུས་ཀྱི་དུས་རིམ་ཞིག་ཡིན་པས་དུས་ཡུན་ལོ་ངོ་བརྒྱ་ཕྲག་ལྷག་ཙམ་དགོས་ངེས་རེད། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དེ་ངེས་པར་དུ་རང་རྒྱལ་གྱི་གནས་ཚུལ་དངོས་ལྟར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་དགོས། ད་ལྟའི་དུས་རིམ་དུ་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་དངོས་པོ་དང་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ཡིན། རྒྱལ་ནང་གི་རྒྱུ་རྐྱེན་དང་རྒྱལ་སྤྱིའི་ཤུགས་རྐྱེན་གྱི་དབང་གིས་གྲལ་རིམ་འཐབ་རྩོད་དེ་ད་དུང་གཞི་ཁྱོན་ངེས་ཅན་ཞིག་གི་ནང་ཡུན་རིང་གནས་རྒྱུ་རེད་ལ། ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་ད་དུང་ཛ་དྲག་ཆེ་རུ་འགྲོ་ཉེན་ཡོད་ཀྱང་འགལ་བ་གཙོ་བོ་མིན་པར་གྱུར་སྟབས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རྩ་བའི་ལས་འགན་ནི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སྔར་ལས་ལྷག་པར་བཏང་ནས་རིམ་བཞིན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་དུ་འགྱུར་བ་མ་ཟད། དེའི་དོན་དུ་ཐོན་སྐྱེད་འབྲེལ་བ་དང་སྟེང་གི་བཀོད་པར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་མི་འཚམ་པའི་ཕྱོགས་དང་ལྷུ་ཚིགས་བཅོས་སྒྱུར་བྱ་རྒྱུ་དེ་ཡིན་པས། ངེས་པར་དུ་སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་ཞིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་བྱ་རྒྱུ་གཙོ་བོར་འཛིན་པ་དང་བགོ་བཤའ་བྱེད་སྟངས་སྣ་མང་མཉམ་དུ་གནས་པའི་བགོ་བཤའ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ས་ཁུལ་ཁ་ཤས་དང་མི་ཁག་གཅིག་སྔོན་ལ་ཕྱུག་པོར་འགྱུར་བར་སྐུལ་སློང་བྱས་ནས། དབུལ་ཕོངས་ཀྱི་གནས་ཚུལ་རིམ་བཞིན་བསལ་ཏེ་མཉམ་དུ་ཕྱུག་པོར་འགྱུར་དགོས། ཐོན་སྐྱེད་གོང་དུ་འཕེལ་བ་དང་སྤྱི་ཚོགས་ཀྱི་རྒྱུ་ནོར་འཕར་བའི་རྨང་གཞིའི་ཐོག་མི་དམངས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་ཚུལ་རྒྱུན་ཆད་མེད་པར་སྐོང་ཐབས་བྱས་ཏེ། མི་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་སྤེལ་བྱེད་དགོས། འཕེལ་རྒྱས་གཏོང་བ་ནི་རང་རེའི་ཏང་གིས་སྲིད་སྐྱོང་རྒྱལ་དར་བྱེད་པའི་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། བྱ་བ་སྣ་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་ཕན་ཡོད་པ་དང་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བར་ཕན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་བྱེད་པར་ཕན་ཡོད་པ་བཅས་བྱ་རྒྱུ་དེ་སྤྱིའི་གཞི་འཛིན་ས་དང་ཞིབ་བཤེར་བྱ་རྒྱུའི་ཚད་གཞིར་འཛིན་དགོས། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་ཡོན་ལ་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག གསར་སྐྲུན་ལ་བརྩི་འཇོག་བཅས་བྱས་ནས་མི་དམངས་ཀྱི་དོན་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་བྱུང་བའི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ་བཅས་བྱེད་དགོས། དུས་རབས་གསར་པར་སླེབས་ཏེ་རང་རྒྱལ་ནི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསྐྱོད་ཡོད་པས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི"ཕྱོགས་ལྔ་གཞི་བཞིའི"སྤྱིའི་བཀོད་སྒྲིག་དང"ཕྱོགས་ཡོངས་གཞིའི"ཐབས་ཇུས་བཀོད་སྒྲིག་བྱས་པ་ལྟར། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་བྱ་རྒྱུར་གཅིག་འདོམས་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། དུས་རབས་གསར་བ་དང་དུས་སྐབས་གསར་བ་འདིའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཐབ་ཇུས་ཀྱི་དམིགས་ཡུལ་ནི། ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱ་རྒྱུ་དང་། ཀྲུང་གོ་གསར་བ་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཐུབ་པར་བྱ་རྒྱུ་དེ་ཡིན།
ཀྲུང་གོ་གུང་ཁྲན་ཏང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་ནི། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་མགོ་ཁྲིད་དང་མཐུན་སྒྲིལ་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་ལྟེ་གནས་སུ་འཛིན་ཞིང་། གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས་དང་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས། རང་སྟོབས་རང་སྤེལ། དཀའ་སྤྱད་ལས་སྐྲུན་བཅས་བྱས་ནས་རང་རྒྱལ་འདི་ཉིད་སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་བྱེད་དགོས་པ་དེ་ཡིན།
ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་མགོ་ཁྲིད་བྱེད་སྐབས་ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་གནས་རྒྱུན་འཁྱོངས་བྱས་ནས་བྱ་བ་སྣ་ཚོགས་གཞན་དག་ཚང་མས་ལྟེ་གནས་དེར་བསྟུན་དགོས་པ་དང་ཞབས་འདེགས་ཞུ་དགོས་ཤིང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་ཡོང་བ་བྱེད་པའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བ་བྱེད་པའི་འཐབ་ཇུས། གསར་གཏོད་སྐུལ་སྤེལ་གྱིས་འཕེལ་རྒྱས་གཏོང་བའི་འཐབ་ཇུས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས། ས་ཁོངས་མཐུན་སྦྱོར་ངང་སྤེལ་བའི་འཐབ་ཇུས། རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བའི་འཐབ་ཇུས། དམག་དམངས་མཉམ་འདྲེས་ཐོག་འཕེལ་རྒྱས་ཡོང་བ་བྱེད་པའི་འཐབ་ཇུས་བཅས་ལག་བསྟར་དང་། ཚན་རིག་ལག་རྩལ་ཐོན་སྐྱེད་ནུས་ཤུགས་ཨང་དང་པོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་བྱ་བར་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་ཨང་དང་པོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཚན་རྩལ་ཡར་ཐོན་ལ་བརྟེན་ནས་ངལ་རྩོལ་པའི་བྱང་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ནས་རྒྱལ་དམངས་དཔལ་འབྱོར་དེ་སྔར་ལས་སྤུས་ཚད་མཐོ་བ་དང་སྔར་ལས་ལས་ཆོད་ཆེ་བ། སྔར་ལས་དྲང་གཞག་ཡིན་པ། སྔར་ལས་རྒྱུན་མཐུད་བཅས་ཀྱི་ཐོག་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་དགོས།
སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་རྩ་དོན་བཞི་ནི་ང་ཚོས་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྩ་བ་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་གོ་རིམ་ཧྲིལ་པོའི་ནང་ངེས་པར་དུ་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་བྱས་ཏེ་འབྱོར་ལྡན་གྲལ་རིམ་གྱི་རང་མོས་ཅན་ལ་ངོ་རྒོལ་བྱེད་དགོས།
བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ་ནི་ང་ཚོས་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་པའི་ལམ་བུ་ཡིན། བཅོས་སྒྱུར་སྒོ་འབྱེད་བྱས་ན་ད་གཟོད་ཀྲུང་གོ་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས། མར་ཁེ་སི་རིང་ལུགས་འཕེལ་རྒྱས་བཅས་བྱེད་ཐུབ་པ་རེད། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་བཅས་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བར་ཚོད་འཛིན་བྱེད་པའི་དཔལ་འབྱོར་སྒྲིག་སྲོལ་རྩ་བ་ནས་བཅོས་སྒྱུར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པ་དང་། དེ་དང་བསྟུན་ནས་ཆབ་སྲིད་སྒྲིག་སྲོལ་བཅོས་སྒྱུར་དང་ཁྱབ་ཁོངས་གཞན་དག་གི་བཅོས་སྒྱུར་བྱེད་དགོས། ཕྱི་ཕྱོགས་སུ་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་ནས་གསར་དུ་བསྐྲུན་པའི་ཤེས་རིག་དར་བའི་གྲུབ་འབྲས་ཡོད་ཚད་བསྡུ་ལེན་བྱེད་དགོས་པ་དང་དཔྱད་གཞིར་འཛིན་དགོས། བཅོས་སྒྱུར་སྒོ་འབྱེད་སྐབས་སུ་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་དགོས་པ་དང་གསར་གཏོད་བྱེད་ཕོད་པ། བཅོས་སྒྱུར་གྱི་ཐབས་ཇུས་ཐད་ཀྱི་ཚན་རིག་རང་བཞིན་མཐོར་འདེགས་བྱེད་པ། བཅོས་སྒྱུར་གྱི་རྒྱུད་རིམ་རང་བཞིན་དང་། ཆ་ཚང་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་སྔར་ལས་དོ་སྣང་ཆེན་པོ་བྱས་ཏེ་ལག་ལེན་བྱེད་པའི་ཁྲོད་དུ་ཐབས་ལམ་གསར་གཏོད་བྱེད་དགོས།
ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་སྤེལ་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ་དང་། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་གོང་དུ་སྤེལ་བར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྐུལ་སློང་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས། ཚོང་རའི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ནང་གི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྔར་ལས་བཟང་བའི་སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། སྤྱི་ཁོག་སྙོམས་སྒྲིག་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་བ་དང་ས་ཁོངས་འཕེལ་རྒྱས་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་གཏོང་བ། རྒྱལ་ནང་འཕེལ་རྒྱས་གཏོང་བ། ཕྱི་ཕྱོགས་སུ་སྒོ་འབྱེད་པ་བཅས་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས་པ་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་དཔལ་འབྱོར་འཕེལ་རྒྱས་བྱེད་སྟངས་བསྒྱུར་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་སྤེལ་བྱེད་དགོས། བཟོ་ལས་ཅན་གསར་བ་དང་། ཆ་འཕྲིན་ཅན་གསར་བ། གྲོང་རྡལ་ཅན་གསར་བ། ཞིང་ལས་དེང་རབས་ཅན་གསར་བ་བཅས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་གྲོང་གསར་བ་འཛུགས་སྐྲུན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་བཟོ་ལས་ཅན་གསར་བའི་འགྲོ་ལམ་དུ་སྐྱོད་པ། གསར་གཏོད་ཅན་གྱི་རྒྱལ་ཁབ་དང་འཛམ་གླིང་ཐོག་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བཅས་བྱེད་དགོས།
ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་དགོས། ཏང་གིས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་དུ་སྤེལ་བའི་འགྲོ་ལམ་དུ་བསྐྱོད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱ་བསྐྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། སྔར་ལས་རྒྱ་ཆེ་བ་དང་སྔར་ལས་ཆ་ཚང་བ། སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་ཀྱི་མི་དམངས་དམངས་གཙོ་སྤེལ་ནས་དམངས་གཙོ་སྔར་ལས་རྒྱ་ཆེ་བ་དང་། རིམ་པ་མང་བ། ལམ་ལུགས་ཅན་དུ་འགྱུར་བའི་ཐོག་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཏང་ནས་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་ལས་དོན་དང་སྤྱི་ཚོགས་ཀྱི་ལས་དོན། དཔལ་འབྱོར་དང་རིག་གནས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ཁེ་དབང་འགན་སྲུང་ནན་ཏན་བྱེད་དགོས། མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས། གཏམ་ལམ་ཡངས་འབྱེད་དང་དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་ཐབས་ཇུས། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་བྱེད་པའི་ལམ་ལུགས་དང་གོ་རིམ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་ལག་བསྟར་བྱ་བར་ཤུགས་བསྣན་ནས་རྒྱལ་ཁབ་ཀྱི་བྱ་བ་སྣ་ཚོགས་རིམ་བཞིན་ཁྲིམས་སྐྱོང་ཅན་གྱི་ལམ་དུ་བསྐྱོད་ཐུབ་པ་བྱེད་དགོས།
ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་དུ་སྤེལ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་ཅིང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་བཟང་པོར་བརྟེན་ནས་རྒྱལ་ཁབ་སྐྱོང་བ་གཉིས་ཟུང་དུ་འབྲེལ་ཏེ་མི་རིགས་ཡོངས་ཀྱི་བསམ་བློའི་ཀུན་སྤྱོད་བཟང་བོ་དང་ཚན་རིག་དང་རིག་གནས་ཀྱི་བྱང་ཚད་མཐོར་འདེགས་བྱས་ནས། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་འཛུགས་སྐྲུན་བྱེད་པར་བསམ་བློའི་ཁག་ཐེག་དང་། བསམ་པའི་སྒུལ་ཤུགས། རིག་སྟོབས་ཀྱི་རྒྱབ་སྐྱོར་བཅས་འདོན་སྤྲོད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། མར་ཁེ་སི་རིང་ལུགས་མཛུབ་སྟོན་བསམ་བློ་རྒྱུནའཁྱོངས་བྱེད་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་འཛུགས་པ། རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་ཀྱི་སྙིང་སྟོབས་དང་བཅོས་སྒྱུར་གསར་གཏོད་སྲོག་ཤིང་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་ཡིན་པའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་གཟི་བརྗིད་དང་ངོ་ཚ་ལྟ་བ་དར་སྤེལ་གཏོང་བ། མི་རིགས་ཀྱི་རང་བཀུར་དང་རང་ལ་ཡིད་ཆེས། རང་སྟོབས་བཅས་ཀྱི་སྙིང་སྟོབས་ཆེར་བསྐྱེད་པ། མ་རྩ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་རུལ་སུངས་བསམ་བློའི་བསླད་སྐྱོན་བཀག་འགོག་བྱེད་པ། སྤྱི་ཚོགས་ཐོག་གི་སྐྱུག་བྲོ་བའི་སྣང་ཚུལ་སྣ་ཚོགས་གཙང་སེལ་བྱས་ནས་རང་རྒྱལ་གྱི་མི་དམངས་ཕུགས་བསམ་ཡོད་པ་དང་ཀུན་སྤྱོད་བཟང་བ། རིག་གནས་ཤེས་པ། སྒྲིག་ལམ་སྲུང་བ་བཅས་ཀྱི་མི་དམངས་སུ་འགྱུར་བར་འབད་བརྩོན་བྱེད་དགོས། ཏང་ཡོན་རྣམས་ལ་ད་དུང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོའི་སློབ་གསོ་གཏོང་དགོས། སློབ་གསོ་དང་ཚན་རིག རིག་གནས་བཅས་ཀྱི་ལས་དོན་འཕེལ་རྒྱས་ཤུགས་ཆེར་གཏོང་བ་དང་། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་ལྡན་པའི་སྒྱུར་བ་དང་གསར་གཏོད་རང་བཞིན་ལྡན་པའི་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། གསར་བརྗེའི་རིག་གནས་རྒྱུན་འཛིན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་དུ་སྤེལ་བ། རྒྱལ་ཁབ་ཀྱི་རིག་གནས་ཀྱི་མཉེན་པའི་དངོས་ཤུགས་ཆེར་གཏོང་བ་བཅས་བྱེད་དགོས། འདུ་ཤེས་འཛིན་སྟངས་བྱ་བའི་ཐད་ཀྱི་མགོ་ཁྲིད་དབང་ཆ་དམ་པོར་འཛིན་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གི་མར་ཁེ་སི་རིང་ལུགས་ཀྱི་ཁྲིད་སྟོན་གོ་གནས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་བརྩོན་བྱེད་པའི་ཐུན་མོང་གི་བསམ་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས།
ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས། དམངས་གཙོས་ཁྲིམས་སྐྱོང་དང་། དྲང་སྙོམས་དྲང་བདེན། ཟོལ་མེད་མཛའ་མཐུན། སྐྱེ་སྟོབས་དཔལ་འབར། ལྷིང་འཇགས་སྒྲིག་ལམ་ལྡན་པ། མི་དང་རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་བཅས་ཀྱི་སྤྱིའི་བླང་བྱ་དང་མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་ལོངས་སུ་སྤྱོད་པའི་རྩ་དོན་ལྟར། དམངས་འཚོ་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ་གཙོ་གནད་དུ་བཟུང་ནས་མི་དམངས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་། ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ལེགས་པོར་བྱས་ནས་འཕེལ་རྒྱས་བྱས་པའི་གྲུབ་འབྲས་དེ་སྔར་ལས་མང་ཞིང་དྲང་སྙོམས་ཀྱིས་མི་དམངས་ཡོངས་ལ་འཐོབ་ཏུ་འཇུག་དགོས། མི་དམངས་མང་ཚོགས་ལ་སྔར་ལས་ཐོབ་སྣང་ཐོབ་ནས་མི་དམངས་ཡོངས་ཀྱིས་གང་ནུས་དེ་སྒྲུབ་བྱེད་ཅིང་རང་མཁོ་དེ་ཐོབ་ལ་འཆམ་མཐུན་མཉམ་དུ་གནས་པའི་རྣམ་པ་ཞིག་ཆགས་ཐུབ་པར་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས། དགྲ་དང་རང་ཕྱོགས་བར་གྱི་འགལ་བ་དང་མི་དམངས་ནང་ཁུལ་གྱི་འགལ་བ་སྟེ་ངོ་བོ་མི་འདྲ་བའི་འགལ་བ་རིགས་གཉིས་པ་འདི་དབྱེ་འབྱེད་གཟབ་ནན་དང་ཐག་གཅོད་ཡང་དག་པ་བྱེད་དགོས། སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པ་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་གནོད་པ་དང་། སྤྱི་ཚོགས་བརྟན་འཇགས་ཡོང་བ་དང་དཔལ་འབྱོར་གོང་དུ་འཕེལ་བར་གནོད་པའི་ཉེས་གསོག་སྤྱོད་ངན་དང་ཉེས་ཅན་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་དྲག་པོ་བཏང་ནས་སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཡོང་བ་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཐད་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས།
ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་དང་མཐུན་པ། རང་བྱུང་སྲུང་སྐྱོང་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་འཛིན་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་། གྲོན་ཆུང་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་། སྲུང་སྐྱོང་དམིགས་བསལ་གྱིས་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་བཅས་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་པོ། སྐྱེ་ཁམས་བཟང་བོ་བཅས་ཡིན་པའི་དཔལ་ཡོན་ལྡན་པའི་འཕེལ་རྒྱས་འགྲོ་ལམ་རྒྱུན་འཁྱོངས་བྱེད་དགོས། ཧུར་ཐག་གིས་ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་སྤྱི་ཚོགས་བསྐྲུན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བར་སྟོང་ཆགས་སྟངས་དང་ཐོན་ལས་གྲུབ་གཞི།ཐོན་སྐྱེད་བྱེད་སྟངས། འཚོ་བའི་ཁོར་ཡུག་བཟང་བོ་བསྐྲུན་ཞིང་། ཀྲུང་ཧྭ་མི་རིགས་དུས་ཡུན་རིང་བའི་འཕེལ་རྒྱས་ཡོང་བར་བྱེད་དགོས།
ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་བཅིངས་འགྲོལ་དམག་དང་མི་དམངས་ཀྱི་དྲག་པོའི་སྟོབས་ཤུགས་གཞན་དག་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕེན་གྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ནས། མི་དམངས་བཅིངས་འགྲོལ་དམག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་ལེགས་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། གཡུལ་ལས་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བོ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱས་ཏེ། མི་དམངས་བཅིངས་འགྲོལ་དམག་གིས་དུས་སྐབས་གསར་བའི་དམག་དཔུང་གི་ལས་འགན་དང་འགན་འཁྲི་ནུས་ལྡན་ངང་བསྒྲུབ་པར་འགན་ལེན་ནན་ཏན་བྱེད་དགོས་པ་དང་། རྒྱལ་སྲུང་སྲ་བརྟན་ཡོང་བ་དང་མེས་རྒྱལ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཞུགས་པ་བཅས་བྱེད་པའི་ཐད་ཀྱི་མི་དམངས་བཅིངས་འགྲོལ་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
ཀྲུང་གོ་གུང་ཁྲན་ཏང་གིས་འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་བཏང་ནས་ཧུར་ཐག་གིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་བཅས་ཀྱི་ལས་དོན་འཕེལ་རྒྱས་གཏོང་རོགས་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་ཡིན་པའི་འདུ་ཤེས་བརྟན་པོ་འཛིན་པ་བཅས་ཀྱི་ཐོག་ནས་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས། ཏང་གི་ཆོས་ལུགས་བྱ་བ་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་བ་དང་། དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་བྱས་རྗེས་འབུལ་དགོས།
ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་བཟོ་པ་དང་ཞིང་པ། ཤེས་ཡོན་ཅན་བཅས་དང་རྡོག་རྩ་གཅིག་སྒྲིལ་དང་། དམངས་གཙོའི་ཏང་ཤོག་སོ་སོ། ཏང་ཤོག་གང་ལའང་མི་གཏོགས་པ། མི་རིགས་སོ་སོའི་རྒྱལ་གཅེས་སྟོབས་ཤུགས་བཅས་དང་རྡོག་རྩ་གཅིག་སྒྲིལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཛུགས་སྐྲུན་བྱེད་མཁན། སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་བྱེད་པའི་རྒྱལ་གཅེས་པ། མེས་རྒྱལ་གཅིག་གྱུར་ཡོང་བར་བརྩི་བཀུར་བྱེད་པའི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་འབད་བརྩོན་བྱེད་པའི་རྒྱལ་གཅེས་པ་བཅས་ཡོངས་རྫོགས་གྲུབ་པའི་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྔར་ལས་འཕེལ་རྒྱས་དང་རྒྱ་སྔར་ལས་བསྐྱེད་དགོས་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ་བཅས་ཡོད་པའི་རྒྱལ་ཡོངས་མི་དམངས་རྣམས་དང་མཐུན་སྒྲིལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། "རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ཀྱི་བྱེད་ཕྱོགས་ལྟར་ཞང་ཀང་དང་ཨའོ་མིན་ཡུན་རིང་དར་རྒྱས་དང་བརྟན་འཇགས་ཡོང་བར་སྐུལ་སྤེལ་བཏང་སྟེ་མེས་རྒྱལ་གཅིག་གྱུར་ཡོང་བའི་ལས་དོན་ཆེན་པོ་ལེགས་པོར་བསྒྲུབ་དགོས།
ཀྲུང་གོ་གུང་ཁྲན་ཏང་གིས་རང་བདག་རང་བཙན་གྱི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་དང་། ཞི་བདེའི་ངང་གོང་དུ་འཕེལ་བ་རྒྱུན་འཁྱོངས། མཉམ་ཕན་མཉམ་ཁེའི་སྒོ་འབྱེད་ཀྱི་འཐབ་ཇུས་རྒྱུན་འཁྱོངས། རྒྱལ་སྤྱི་དང་རྒྱལ་ནང་གི་ཁྱོན་ཡོངས་གཉིས་གཅིག་གྱུར་གྱིས་འཆར་འགོད་བཅས་བྱས་པ། ཕྱི་ཕྱོགས་འབྲེལ་བ་འཕེལ་རྒྱས་བཏང་ནས་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཕན་པ་ཡོད་པའི་རྒྱལ་སྤྱིའི་ཁོར་ཡུག་བཟང་བོ་བསྐྲུན་དགོས། རྒྱལ་སྤྱིའི་ལས་དོན་ཐད་སྒྲུབ་རིང་བདེན་ཁེའི་འདུ་ཤེས་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ་རང་རྒྱལ་གྱི་རང་བཙན་དང་བདག་དབང་སྲུང་སྐྱོང་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་། མིའི་རིགས་ཡར་ཐོན་ཡོང་བར་སྐུལ་སྤེལ་་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཡུན་རིང་ཞི་བདེ་དང་ཐུན་མོང་དུ་དར་རྒྱས་ཡོང་བའི་འཆམ་མཐུན་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པ་དང་། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག རང་རྒྱལ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་འབྲེལ་བ་གོང་འཕེལ་གཏོང་དགོས། རང་རྒྱལ་དང་མཐའ་སྐོར་ས་འབྲེལ་གྱི་རྒྱལ་ཁབ་བར་གྱི་ཁྱིམ་མཚེས་མཛའ་མཐུན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་སྟེ། གོང་འཕེལ་དུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལྟར"རྒྱུད་གཅིག་ལམ་གཅིག"གི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས། རང་བཙན་རང་བདག་དང་ཡོངས་སུ་འདྲ་མཉམ། ཕན་ཚུན་བརྩི་འཇོག ཕན་ཚུན་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་མི་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་རང་རེའི་ཏང་དང་རྒྱལ་ཁབ་སོ་སོའི་གུང་ཁྲན་ཏང་བར་དང་སྲིད་ཏང་གཞན་དག་བར་གྱི་འབྲེལ་བ་གོང་འཕེལ་གཏོང་དགོས།
ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མགོ་ཁྲིད་དེ"ལོ་བརྒྱ་གཉིས"ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་དགོས་ན། ངེས་པར་དུ་ཏང་གི་གཞི་རྩའི་ལམ་ཕྱོགས་ལ་དམ་པོར་དམིགས་ནས་ཏང་གིས་ཏང་ལ་དོ་དམ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཡུན་རིང་སྲིད་སྐྱོང་གི་ནུས་པ་འཛུགས་སྐྲུན་དང་སྔོན་ཐོན་རང་བཞིན་དང་རྣམ་དག་རང་བཞིན་འཛུགས་སྐྲུན་ལ་ཤུགས་སྣོན་པ། བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་བཀོད་གསར་བ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྣེ་ཁྲིད་དང་ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། ཀུན་སྤྱོད་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ལམ་ལུགས་འཛུགས་སྐྲུན་དེ་ཧྲིལ་བོར་ལག་བསྟར་བྱེད་ཅིང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཏང་གི་འཛུགས་སྐྲུན་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས། ཏང་གི་འཛུགས་སྐྲུན་སྤྱི་དོན་ཆེད་དང་སྲིད་དབང་འཛིན་པ་དམངས་དོན་ཆེད་རྒྱུན་འཁྱོངས་དང་ཏང་གི་སྲོལ་རྒྱུན་དང་ཀུན་སྤྱོད་བཟང་པོ་དར་སྤེལ་བཅས་བྱས་ཏེ། ཏང་གི་མགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་པ་དང་། རུལ་རྒོལ་འགྱུར་འགོག་དང་ཉེན་ཁ་བཀག་འགོག་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རང་ཉིད་གཙང་འགྱུར་དང་། རང་ཉིད་འཐུས་ཚང་། རང་ཉིད་ལེགས་བཅོས། རང་ཉིད་མཐོར་འདེགས་བཅས་ཡོང་བའི་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཏང་གི་གྲལ་རིམ་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ། ཏང་གི་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ། ཏང་གི་གསར་གཏོད་ནུས་ཤུགས་དང་གོང་བུར་གྲིལ་ཤུགས། འཐབ་འཛིང་ནུས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སློབ་སྦྱོང་ཅན་དང་ཞབས་ཞུ་ཅན། གསར་སྐྲུན་ཅན་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་འཛུགས་སྐྲུན་བྱས་ནས། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དེ་རྒྱལ་ཡོངས་མི་དམངས་ཀྱི་མགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེད་དེ་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པའི་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས། ཏང་འཛུགས་སྐྲུན་བྱེད་ན་ངེས་པར་དུ་གཤམ་གསལ་གྱི་གཞི་རྩའི་བླང་བྱ་ལྔ་ལེགས་སྒྲུབ་དགོས་པ་སྟེ།
དང་པོ། ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོངས་ཀྱིས་ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ཏང་གི་གཞི་རྩའི་ལམ་ཕྱོགས་བཅས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། གཡོ་འགུལ་སྤུ་ཙམ་མེད་པར་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་བཅོས་སྒྱུར་སྒོ་འབྱེད་དང་གཞི་རྩའི་རྩ་དོན་བཞི་གཅིག་གྱུར་བྱས་ཏེ་ཏང་གི་གཞི་རྩའི་ལམ་ཕྱོགས་སྒོ་ཀུན་ནས་དངོས་འབེབས་བྱེད་དགོས་པ་དང་། "གཡོན"དང་གཡས་ཀྱི་ཕྱོགས་ལྷུང་ནོར་འཁྲུལ་ཅན་ཚང་མར་ངོ་རྒོལ་དང་གཡས་ལྷུང་ལ་དོགས་ཟོན་བྱེད་དགོས་མོད། འོན་ཀྱང་གཙོ་བོར་"གཡོན"ལྷུང་སྔོན་འགོག་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ཁག་གི་འཛུགས་སྐྲུན་ཤུགས་ཆེ་རུ་བཏང་ནས་ཏང་དང་མི་དམངས་ལ་དགོས་མཁོ་ཡོད་པའི་ལས་བྱེད་པ་བཟང་བོ་གསོ་སྐྱོང་དང་འདེམ་བསྐོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ལས་དོན་རྒྱུན་འཛིན་པ་ཁྲི་སྟོང་མང་པོ་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཏེ་རྩ་འཛུགས་ཐོག་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ལག་ལེན་མཐར་ཕྱིན་ཡོང་བར་ཁག་ཐེག་བྱེད་དགོས།
གཉིས་པ། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་ལྷན་སྐྱོད། བདེན་འཚོལ་དངོས་སྒྲུབ་བཅས་རྒྱུན་འཁྱོངས་བྱེད་དགོས། ཏང་གི་བསམ་བློའི་ལམ་ཕྱོགས་ནི་བྱ་བ་གང་བྱེད་དོན་དངོས་གཞིར་འཛིན་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ། དངོས་ཐོག་བདེན་འཚོལ། ལག་ལེན་བྱེད་པའི་ཁྲོད་དུ་བདེན་དོན་ཞིབ་བཤེར་དང་བདེན་དོན་འཕེལ་རྒྱས་གཏོང་བ་བཅས་ཡིན། ཏང་ཡོངས་ཀྱིས་ངེས་པར་དུ་བསམ་བློའི་ལམ་ཕྱོགས་འདི་རྒྱུན་འཁྱོངས་བྱས་ཏེ་ཧུར་ཐག་གིས་འཚོལ་ཞིབ་དང་སྤོབས་པ་ཆེན་པོས་ཚོད་ལྟ། གསར་གཏོད་གསར་སྤེལ། གསར་སྐྲུན་རང་བཞིན་གྱིས་བྱ་བ་བསྒྲུབ་པ། རྒྱུན་ཆད་མེད་པར་གནས་ཚུལ་གསར་བར་ཞིབ་འཇུག་བྱེད་པ་དང་ཉམས་མྱོང་གསར་བ་ཕྱོགས་སྡོམ་བྱས་ནས་གནད་དོན་གསར་བ་ཐག་གཅོད་བྱས་ཏེ་ལག་ལེན་བྱེད་པའི་ནང་དུ་མར་ཁེ་སི་རིང་ལུགས་ཕུན་སུམ་ཚོགས་པ་དང་གོང་འཕེལ་དུ་བཏང་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་དགོས།
གསུམ་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་བཟོ་པའི་གྲལ་རིམ་དང་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་མ་གཏོགས་རང་ཉིད་ལ་དམིགས་བསལ་གྱི་ཁེ་ཕན་མེད་པས། ཏང་གིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་མང་ཚོགས་དང་བདེ་སྡུག་མཉམ་མྱོང་དང་། མང་ཚོགས་དང་འབྲེལ་འདྲིས་དམ་པོ་སྲུང་འཛིན་བྱེད་དགོས་པ་དང་། དམངས་ཀྱི་དོན་དུ་དབང་ཆ་སྤྱོད་པ་དང་། མི་དམངས་ལ་དུང་སེམས་འཆང་བ། དམངས་ཀྱི་དོན་དུ་ཁེ་ཕན་སྐྲུན་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་ལས། ཏང་ཡོན་སུ་ཞིག་ཡིན་རུང་མང་ཚོགས་དང་ཁ་བྲལ་བ་དང་མང་ཚོགས་ཀྱི་མགོ་ཐོག་ཏུ་བསྡད་མི་ཆོག ང་ཚོའི་ཏང་གི་ཆབ་སྲིད་ཀྱི་ཁྱད་ཡོན་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ་དེ་ཡིན་ཞིང་། ཏང་གིས་སྲིད་འཛིན་བྱས་རྗེས་ཀྱི་ཉེན་ཁ་ཆེ་ཤོས་ནི་མང་ཚོགས་དང་ཁ་བྲལ་བ་དེ་རེད། ཏང་སྲོལ་གྱི་གནད་དོན་དང་ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བའི་གནད་དོན་ནི་ཏང་འདིའི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་པའི་གནད་དོན་ཡིན་པས། ཏང་གིས་རང་ཉིད་ཀྱི་བྱ་བ་སྒྲུབ་པའི་ཁྲོད་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ནས་ཡོད་ཚད་མང་ཚོགས་ཀྱི་ཆེད་དུ་བསྒྲུབ་པ་དང་། ཡོད་ཚད་མང་ཚོགས་ལ་བརྟེན་ནས་བསྒྲུབ་ཅིང་། མང་ཚོགས་ཀྱི་ཁྲོད་ནས་བླངས་ཏེ་མང་ཚོགས་ཀྱི་ཁྲོད་དུ་སྤེལ་བ་དང་། ཏང་གི་ཡང་དག་པའི་འདོད་ཚུལ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས།
བཞི་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་དམངས་གཙོའི་རྨང་གཞིའི་ཐོག་གི་གཅིག་སྡུད་དང་གཅིག་སྡུད་ཀྱིས་སློབ་སྟོན་བྱེད་པའི་འོག་གི་དམངས་གཙོ་ཟུང་དུ་འབྲེལ་བ་ཞིག་ཡིན་ཞིང་། ཏང་གི་རྩ་བའི་རྩ་འཛུགས་ཀྱི་རྩ་དོན་ཡིན་ལ། ཏང་གི་འཚོ་བའི་ཁྲོད་དུ་མང་ཚོགས་ཀྱི་ལམ་ཕྱོགས་དངོས་སུ་བེད་སྤྱོད་པའང་ཡིན་པས། ངེས་པར་དུ་ཏང་ནང་ལ་དམངས་གཙོ་དར་སྤེལ་གང་ལེགས་གཏོང་དགོས་པ་དང་། ཏང་ཡོན་གྱི་གོ་གནས་གཙོ་བོར་བརྩི་འཇོག་བྱེད་པ། ཏང་ཡོན་གྱི་དམངས་གཙོའི་ཁེ་དབང་འགན་སྲུང་བཅས་བྱས་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱི་ཧུར་བརྩོན་བྱེད་སེམས་དང་གསར་གཏོད་རང་བཞིན་འདོན་སྤེལ་བྱེད་དགོས། ངེས་པར་དུ་ཡང་དག་པའི་གཅིག་སྡུད་ལག་བསྟར་བྱེད་པའི་ཁྲོད་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། ལྟ་བའི་འདུ་ཤེས་བཅས་བརྟན་པོར་བཟུང་སྟེ་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་བྱས་ནས་ཏང་ཡོངས་ཀྱི་མཐུན་སྒྲིལ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་པ་དང་། ཏང་གི་ཆོད་དོན་མྱུར་ཞིང་ཕན་པ་ཡོད་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་། ཏང་ནང་གི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཇེ་ཆེར་གཏོང་བ། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་ཏང་ནང་གི་ཆབ་སྲིད་རིག་གནས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་སྤྱོད་སྲོལ་གཉིས་བཟང་ཡོང་བའི་ཆབ་སྲིད་སྐྱེ་ཁམས་ལེགས་པོ་བསྐྲུན་དགོས། ཏང་གིས་རང་ཉིད་ཀྱི་ཆབ་སྲིད་འཚོ་བའི་ནང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཡང་དག་པ་སྤེལ་དགོས་པ་དང་། རྩ་དོན་གྱི་གནད་དོན་ཐད་ལ་བསམ་བློའི་འཐབ་རྩོད་བྱས་ཏེ་བདེན་དོན་རྒྱུན་འཁྱོངས་དང་། ནོར་འཁྲུལ་ཡོ་བསྲང་བྱས་ནས་གཅིག་སྡུད་ཡོད་ལ་དམངས་གཙོའང་ཡོད་པ་དང་སྒྲིག་ཁྲིམས་ཡོད་ལ་རང་དབང་ཡང་ཡོད་པ། གཅིག་གྱུར་གྱི་འདོད་བློ་ཡོད་ལ་རང་བློའང་བག་ཕེབས་ཀྱི་ཆབ་སྲིད་ཀྱི་རྣམ་པ་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་ཆགས་པར་འབད་བརྩོན་བྱེད་དགོས།
ལྔ་བ། ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་ནམ་ཡང་སྒྲུབ་བཞིན་པའི་ལམ་ན་ཡོད། གནས་བབ་གསར་བའི་འོག ཏང་གི་མདུན་དུ་ལྷགས་པའི་སྲིད་འཛིན་གྱི་ཉམས་སད་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ཉམས་སད། ཚོང་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་ཕྱོགས་ཁོར་ཡུག་གི་ཉམས་སད་བཅས་ནི་ཡུན་རིང་གནས་པ་དང་། རྙོག་འཛིང་ཆེ་ཞིང་ཛ་དྲག་ལྡན་པ་ཞིག་ཡིན་པ་དང་། བསམ་བློ་ལྷོད་གཡེང་གཏོང་བའི་ཉེན་ཁ་དང་། ནུས་པ་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་འབྲལ་བའི་ཉེན་ཁ། སྒྱིད་ལུག་དང་རུལ་སུངས་སུ་འགྱུར་བའི་ཉེན་ཁ་བཅས་སྔར་ལས་རྣོ་ངར་ཆེ་བའི་ཐོག་ནས་ཏང་ཡོངས་ཀྱི་མདུན་དུ་གནས་ཡོད། ཚད་གཞི་ནན་མོ་དང་བྱེད་ཐབས་ནན་མོ་དེ་ཏང་ལ་དོ་དམ་དང་ནན་སྐྱོང་བྱེད་པའི་གོ་རིམ་ཡོངས་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས། ཁྲིམས་སྲོལ་ལྟར་ཏང་ནན་སྐྱོང་། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་དང་། སྒྲིག་ཁྲིམས་སྔོན་དུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྩ་འཛུགས་རང་བཞིན་དང་སྒྲིག་ཁྲིམས་རང་བཞིན་ལ་ཤུགས་བསྣན་ཏེ་ཏང་གི་སྒྲིག་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡོང་བ་བྱེད་དགོས། ཏང་ལ་དོ་དམ་དང་ནན་སྐྱོང་བྱེད་པའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ཇེ་ཆེར་གཏོང་བ་དང་། ཏང་གི་མགོ་ཁྲིད་ལས་ཁུངས་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པ། ལྷག་པར་དུ་མགོ་ཁྲིད་ལས་བྱེད་པ་གཙོ་བོ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་ཆད་མེད་པར་ཏང་ནང་གི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་སུ་འགྱུར་བར་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱ་མི་ཐུབ་པ། རུལ་སུངས་བྱ་མི་འདོད་པ་བཅས་ཀྱི་ཕན་ཡོད་ནང་རྐྱེན་ཞིག་ཆགས་པར་བྱེད་དགོས།
ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཡིན། ཏང་སྲིད་དམག་དམངས་སློབ་དང་ཤར་ལྷོ་ནུབ་བྱང་དབུས་ཏེ། ཏང་ནི་ཐམས་ཅད་ལ་མགོ་ཁྲིད་བྱེད་མཁན་ཡིན། ཏང་གིས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་བླང་བྱ་དང་བསྟུན་ཏེ། ཚན་རིག་དང་མཐུན་པར་སྲིད་སྐྱོང་དང་དམངས་གཙོས་སྲིད་སྐྱོང་། བཅའ་ཁྲིམས་ལྟར་སྲིད་སྐྱོང་བཅས་རྒྱུན་འཁྱོངས་བྱས་ནས་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་དགོས། ཏང་གིས་ངེས་པར་དུ་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་པ་དང་ཕྱོགས་སོ་སོར་མཐུན་སྦྱོར་ཡོང་བར་བྱེད་པའི་རྩ་དོན་གཞིར་བཟུང་སྟེ་རང་དང་རིམ་པ་གཅིག་མཚུངས་ཀྱི་རྩ་འཛུགས་སྣ་ཚོགས་ཁྲོད་དུ་མགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་དགོས། ཏང་གིས་ངེས་པར་དུ་བློ་རྩེ་གཅིག་སྒྲིམ་གྱིས་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་མགོ་ཁྲིད་དེ་ཕྱོགས་སོ་སོའི་སྟོབས་ཤུགས་རྩ་འཛུགས་དང་མཐུན་སྦྱོར་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་དཔལ་འབྱོར་འཛུགས་སྐྲུན་ལ་དམ་པོར་དམིགས་ནས་བྱ་བ་བསྒྲུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གིས་ངེས་པར་དུ་དམངས་གཙོ་ལྡན་ལ་ཚན་རིག་དང་མཐུན་པའི་ཐབས་ཇུས་ལག་ལེན་དང་ཡང་དག་པའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་གཏན་འབེབས་དང་ལག་ལག་བྱས་ནས་ཏང་གི་རྩ་འཛུགས་བྱ་བ་དང་དྲིལ་བསྒྲགས་སློབ་གསོའི་བྱ་བ་ལེགས་སྒྲུབ་བྱེད་དགོས་པ་དང་། ཏང་ཡོན་ཡོངས་ཀྱི་གདོང་ལེན་དང་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས། ཏང་གིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་བྱ་འགུལ་སྤེལ་དགོས། ཏང་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས། སྲིད་འཛིན་ལས་ཁུངས། ལྟ་ཞིབ་ལས་ཁུངས་བཅས་དང་། དཔལ་འབྱོར་དང་རིག་གནས་རྩ་འཛུགས། མི་དམངས་ཚོགས་པ་བཅས་ཀྱིས་ཧུར་བརྩོན་རང་འགུལ་དང་རང་ཚུགས་འགན་འཁུར། མཐུན་སྦྱོར་གཅིག་གྱུར་བཅས་ཀྱི་ཐོག་ནས་བྱ་བ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། ཏང་གིས་ངེས་པར་དུ་བཟོ་ཚོགས་དང་གུང་ཁྲན་རིང་ལུགས་ཀྱི་གཞོན་ནུ་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཀྱི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་སྲུང་འཛིན་དང་ཇེ་ཆེར་གཏོང་བ་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་གིས་ངེས་པར་དུ་གནས་བབ་གོང་དུ་འཕེལ་ཚུལ་དང་གནས་ཚུལ་འགྱུར་ལྡོག་བྱུང་ཚུལ་དང་བསྟུན་ནས་མགོ་ཁྲིད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། མགོ་ཁྲིད་བྱེད་སྟངས་ལེགས་བཅོས། སྲིད་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གུང་ཁྲན་ཏང་ཡོན་གྱིས་ངེས་པར་དུ་ཏང་ཕྱིའི་མང་ཚོགས་དང་དམ་པོར་མཉམ་ལས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་བྱེད་དགོས།
ལེའུ་དང་པོ། ཏང་ཡོན།
དོན་ཚན་དང་པོ། ལོ་ན་བཅོ་བརྒྱད་ལོན་པའི་ཀྲུང་གོའི་བཟོ་པ་དང་ཞིང་པ། དམག་མི། ཤེས་ཡོན་ཅན། སྤྱི་ཚོགས་ཀྱི་རིམ་གྲས་གཞན་གྱི་སྔོན་ཐོན་པ་བཅས་ཀྱིས་ཏང་གི་རྩ་འཛིན་དང་སྒྲིག་ཡིག་ཁས་ལེན་ཞིང་། ཏང་གི་རྩ་འཛུགས་ཤིག་གི་ནང་ལ་ཞུགས་པ་དང་དེའི་ནང་དུ་ཧུར་བརྩོན་གྱིས་བྱ་བ་བྱེད་པ་དང་། ཏང་གི་གྲོས་ཆོད་ལག་ལེན་བྱེད་པ། ཏང་གི་གྲོན་དངུལ་དུས་ཐོག་ཏུ་འབུལ་བ་བཅས་བྱེད་འདོད་ཡོད་མཁན་ཞིག་ཡིན་ཕྱིན། ཀྲུང་གོ་གུང་ཁྲན་ཏང་གི་ནང་དུ་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ཕུལ་ཆོག
དོན་ཚན་གཉིས་པ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ནི་གུང་ཁྲན་རིང་ལུགས་ཀྱི་གོ་རྟོགས་ལྡན་པའི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་འཐབ་འཛིང་པ་ཡིན།
ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱིས་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག རང་ཉིད་ཀྱི་ཡོད་དགུ་ཕངས་སེམས་མེད་པར་བློས་བཏང་ནས་གུང་ཁྲན་རིང་ལུགས་མངོན་འགྱུར་ཡོང་བའི་ཆེད་དུ་ཚེ་གང་པོར་འབད་བརྩོན་བྱེད་དགོས།
ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ནི་དུས་ནམ་ཡང་ངལ་རྩོལ་མི་དམངས་ཀྱི་ཁོངས་མི་དཀྱུས་མ་ཞིག་ཡིན། བཅའ་ཁྲིམས་དང་སྲིད་ཇུས་ཀྱི་གཏན་འབེབས་ཁོངས་སུ་ཡོད་པའི་མི་སྒེར་གྱི་ཁེ་ཕན་དང་བྱ་བའི་འགན་དབང་མ་གཏོགས། གུང་ཁྲན་ཏང་ཡོན་སུ་ཞིག་གིས་ཀྱང་མི་སྒེར་གྱི་ཁེ་ཕན་དང་དམིགས་བསལ་གྱི་དབང་ཆ་གང་ཡང་ཧམ་གཉེར་བྱེད་མི་ཆོག
དོན་ཚན་གསུམ་པ། ཏང་ཡོན་གྱིས་གཤམ་གསལ་འོས་འགན་ངེས་པར་དུ་བསྒྲུབ་དགོས་པ་སྟེ།
(གཅིག)ནན་ཏན་གྱི་སྒོ་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྦྱོང་དང་། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་སློབ་སྦྱོང་། ཏང་གི་གཞི་རྩའི་ཤེས་བྱ་སློབ་སྦྱོང་། ཚན་རིག་དང་རིག་གནས། བཅའ་ཁྲིམས། བྱེད་སྒོའི་ཤེས་བྱ་བཅས་སློབ་སྦྱོང་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱེད་དགོས།
(གཉིས།)ཏང་གི་གཞི་རྩའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་སོ་སོ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྣེ་ཁྲིད་ཀྱིས་ཞུགས་དགོས་པ་དང་། མང་ཚོགས་སྣེ་ཁྲིད་དེ་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་དཀའ་སྤྱད་འབད་བརྩོན་བྱས་ནས་ཐོན་སྐྱེད་དང་བྱ་བ། སློབ་སྦྱོང་། སྤྱི་ཚོགས་ཀྱི་འཚོ་བ་བཅས་ཀྱི་ནང་དུ་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས།
(གསུམ།)ཏང་དང་མི་དམངས་ཀྱི་ཁེ་ཕན་དེ་ཡོད་ཚད་ལས་མཐོ་བ་རྒྱུན་འཁྱོངས་བྱས་ནས་མི་སྒེར་གྱི་ཁེ་ཕན་གྱིས་ཏང་དང་མི་དམངས་ཀྱི་ཁེ་ཕན་ལ་བསྟུན་དགོས་པ་དང་། དཀའ་སྤྱད་སྔོན་དང་ལོངས་སྤྱོད་རྗེས། སྒེར་དོན་སྤྱི་སྐྱོང་། བྱས་རྗེས་གང་མང་འཇོག་དགོས།
(བཞི།)ཏང་གི་སྒྲིག་ཁྲིམས་རང་རྟོགས་ཀྱིས་བརྩི་སྲུང་བྱེད་དགོས། ཐོག་མར་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་བརྩི་སྲུང་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དཔེ་སྟོན་གྱིས་བརྩི་སྲུང་བྱེད་དགོས་པ། ཏང་དང་རྒྱལ་ཁབ་ཀྱི་གསང་དོན་དམ་སྲུང་དང་། ཏང་གི་ཆོད་དོན་ལག་བསྟར། རྩ་འཛུགས་ཀྱི་བསྐོ་མངག་དང་དུ་ལེན་པ། ཧུར་བརྩོན་གྱིས་ཏང་གི་ལས་འགན་ལེགས་འགྲུབ་བཅས་བྱེད་དགོས།
(ལྔ།)ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་བྱེད་དགོས་པ་དང་ཏང་ལ་ལྷག་བསམ་རྣམ་དག་དང་ཁ་ཞེ་གཉིས་མེད་བྱས་ཏེ་བློ་ཐག་རྦད་ཆོད་ཀྱིས་ཕྱོགས་ཁག་གི་རྩ་འཛུགས་དང་། ཚོགས་པ་ཆུང་གྲས་ཀྱི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་དང་། མངོན་བརྩི་ལྐོག་འགལ་གྱི་མགོ་གཉིས་མའི་སྤྱོད་ཚུལ་དང་ལྐོག་གཡོ་ངན་ཇུས་མཐའ་དག་ལ་ངོ་རྒོལ་བྱེད་དགོས།
(དྲུག)སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཏན་ཏིག་བྱས་ནས་ཏང་གི་རྩ་དོན་དང་འགལ་བའི་གཏམ་སྤྱོད་དང་བྱ་བའི་ནང་གི་སྐྱོན་ཆ་དང་ནོར་འཁྲུལ་ཐེར་འདོན་དང་ཡོ་བསྲང་བྱེད་ཕོད་པ་དང་། སྒྱིད་ལུག་དང་རུལ་སུངས་སུ་འགྱུར་བའི་སྣང་ཚུལ་ལ་འཐབ་རྩོད་བྱེད་དགོས།
(བདུན།)མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱས་ནས་མང་ཚོགས་ལ་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། དོན་དག་བྱུང་ཚེ་མང་ཚོགས་དང་གོ་བསྡུར་བྱེད་པ། མང་ཚོགས་ཀྱི་བསམ་འཆར་དང་རེ་འདུན་དུས་ཐོག་ཏུ་ཏང་ལ་སྙན་སེང་ཞུ་བ། མང་ཚོགས་ཀྱི་ལུགས་མཐུན་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས།
(བརྒྱད།)སྤྱི་ཚོགས་རིང་ལུགས་ཀྱི་གོམས་སྲོལ་གསར་བ་དར་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཟི་བརྗིད་ལྟ་བ་དང་ངོ་ཚ་ལྟ་བ་སྣེ་ཁྲིད་ལག་བསྟར། གུང་ཁྲན་རིང་ལུགས་ཀྱི་ཀུན་སྤྱོད་དར་སྤེལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཅས་བྱས་ནས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་ཆེད། དཀའ་ངལ་དང་ཉེན་ཁ་གང་ཞིག་ལ་ཐུག་ཚེ་དཔའ་ངར་ཆེར་བསྐྱེད་ཀྱིས་སྔོན་ལ་ཐོན་ཏེ་དཔའ་མཛངས་རྟུལ་ཕོད་ཀྱིས་འཐབ་རྩོད་བྱེད་ཅིང་རང་སྲོག་བློས་གཏོང་བར་མི་སྐྲག་པ་བྱེད་དགོས།
དོན་ཚན་བཞི་བ། ཏང་ཡོན་ལ་གཤམ་གསལ་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་དེ།
(གཅིག)ཏང་གི་འབྲེལ་ཡོད་གྲོས་ཚོགས་ནང་ཞུགས་པ་དང་ཏང་གི་འབྲེལ་ཡོད་ཡིག་ཆར་བལྟ་བ། ཏང་གི་སློབ་གསོ་དང་གསོ་སྐྱོང་དང་ལེན་བཅས་བྱས་ཆོག
(གཉིས།)ཏང་གི་གྲོས་ཚོགས་ཐོག་དང་ཏང་གི་ཚགས་པར་དང་དུས་དེབ་ཐོག་ཏུ་ཏང་གི་སྲིད་ཇུས་ཀྱི་གནད་དོན་སྐོར་གྲོས་བསྡུར་བྱེད་པར་ཞུགས་ཆོག
(གསུམ།)ཏང་གི་བྱ་བར་བསམ་འཆར་དང་གྲོས་གཞི་བཏོན་ཆོག
(བཞི།)ཏང་གི་གྲོས་ཚོགས་ཐོག་ཏང་གི་རྩ་འཛུགས་གང་ཞིག་དང་ཏང་ཡོན་སུ་ཞིག་ལའང་གཞི་འཛིན་ས་ཡོད་པའི་ངང་ནས་སྐྱོན་བརྗོད་བྱས་ཆོག་པ་དང་། ཏང་ལ་འགན་ཁུར་བའི་སྒོ་ནས་ཏང་གི་རྩ་འཛུགས་གང་ཞིག་དང་ཏང་ཡོན་སུ་ཞིག་གི་ཁྲིམས་འགལ་ལུགས་དཀྲུག་གི་དོན་དངོས་ཐེར་འདོན་བྱས་ཆོག ཁྲིམས་འགལ་ལུགས་དཀྲུག་བྱེད་མཁན་གྱི་ཏང་ཡོན་ལ་ཆད་པ་གཅོད་རྒྱུའི་བླང་བྱ་བཏོན་ཆོག ལས་གོ་མི་འཕེར་བའི་ལས་བྱེད་པའི་གོ་གནས་འབེབས་པའམ་བརྗེ་འཐེན་བླང་བྱ་བཏོན་ཆོག
(ལྔ།)བརྡས་ཐག་གཅོད་པའི་དབང་ཆ་དང་འདེམ་བསྐོའི་དབང་ཆ་སྤྱད་ཆོག་ལ་གདམ་བྱའི་དབང་ཆའང་ཡོད།
(དྲུག)ཏང་གི་རྩ་འཛུགས་ཀྱིས་ཏང་ཡོན་སུ་ཞིག་ལ་ཏང་གི་སྒྲིག་ཁྲིམས་ཐོག་ནས་ཆད་པ་གཅོད་པའམ་སྐྱོན་ཡོན་གསལ་འབྱེད་བྱེད་སྐབས ཏང་ཡོན་དེ་ཉིད་ལ་གྲོས་ཚོགས་ནང་ཞུགས་པ་དང་དག་སེལ་བྱེད་པའི་དབང་ཆ་ཡོད་པ་དང་། ཏང་ཡོན་གཞན་དག་གིས་དེའི་དཔང་པོ་བྱས་ཆོག་པ་དང་དེའི་དོན་དུ་དག་སེལ་བྱས་ཆོག
(བདུན།)ཏང་གི་གྲོས་ཆོད་དང་སྲིད་ཇུས་ལ་བསམ་འཆར་མི་མཐུན་པ་ཡོད་ན་སེམས་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རང་ཉིད་ཀྱི་བསམ་འཆར་སོར་ཉར་བྱ་རྒྱུའི་གསལ་བསྒྲགས་བྱས་ཆོག་པ་མ་ཟད། ཏང་གི་གོང་རིམ་རྩ་འཛུགས་ནས་ཀྲུང་དབྱང་བར་ལ་རང་ཉིད་ཀྱི་བསམ་འཆར་བཏོན་ཆོག
(བརྒྱད།)ཏང་གི་གོང་རིམ་རྩ་འཛུགས་ནས་ཀྲུང་དབྱང་བར་ལ་རེ་ཞུ་དང་ཞུ་གཏུག གྱོད་གཏུག་བཅས་བྱས་ཆོག་པ་མ་ཟད། འབྲེལ་ཡོད་རྩ་འཛུགས་ལ་འགན་ཁུར་ནས་དྲིས་ལན་འདེབས་དགོས་པའི་རེ་འདུན་ཡང་བཏོན་ཆོག
ཏང་གི་རྩ་འཛུགས་གང་ཞིག་ནས་ཀྲུང་དབྱང་བར་ཚང་མར་ཏང་ཡོན་གྱི་གོང་དུ་བཤད་པའི་ཁེ་དབང་བཙན་འཕྲོག་བྱེད་པའི་དབང་ཆ་མེད།
དོན་ཚན་ལྔ་བ། ཏང་ཡོན་སྤེལ་དུས་ངེས་པར་དུ་ཆབ་སྲིད་ཀྱི་ཚད་གཞི་དེ་ཨང་དང་པོར་བཞག་རྗེས་ཏང་གི་ཀྲི་པུའུ་བརྒྱུད་དེ་མི་རེ་ཟུང་བསྡུ་ལེན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།
ཏང་ནང་དུ་ཞུགས་རྒྱུའི་རེ་འདུན་ཞུ་མཁན་རྣམས་ཀྱིས་ཏང་ནང་དུ་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་གི་རེའུ་མིག་འགོད་དགོས་པ་དང་འབྲེལ་ངོ་སྤྲོད་བྱེད་མཁན་དངོས་གཞིའི་ཏང་ཡོན་གཉིས་དགོས་ཤིང་། ཀྲི་པུའུའི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བ་དང་གོང་རིམ་ཏང་གི་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་མ་ཟད། གྲ་སྒྲིག་ཡུན་ཚད་ནང་རྟོག་ཞིབ་བྱས་རྗེས། དངོས་གཞིའི་ཏང་ཡོན་བྱས་ཆོག
ངོ་སྤྲོད་བྱེད་མཁན་གྱིས་རེ་འདུན་བཏོན་མཁན་གྱི་བསམ་བློ་དང་གཤིས་རྒྱུད། ལོ་རྒྱུས། བྱ་བ་བྱེད་ཚུལ་བཅས་རྒྱུས་ལོན་ནན་ཏན་བྱེད་དགོས་པ་དང་། རེ་འདུན་བཏོན་མཁན་ལ་ཏང་གི་རྩ་འཛིན་དང་ཏང་གི་སྒྲིག་ཡིག་འགྲེལ་བཤད་རྒྱག་དགོས་ཤིང་། ཏང་ཡོན་གྱི་ཆ་རྐྱེན་དང་། འོས་འགན། ཁེ་དབང་བཅས་གསལ་བཤད་བྱེད་དགོས་པ་མ་ཟད། ཏང་གི་རྩ་འཛུགས་ལ་འགན་ཁུར་གྱི་སྙན་ཞུ་ཡང་ཞུ་དགོས།
ཏང་གི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་ཏང་ཕྱི་ནང་གི་འབྲེལ་ཡོད་མང་ཚོགས་ཀྱི་ས་ནས་ཏང་ནང་དུ་ཞུགས་རྒྱུའི་རེ་འདུན་བཏོན་མཁན་དེར་བསམ་འཆར་གང་ཡོད་འདྲི་རྒྱུར་ཡིད་འཇོག་བྱེད་དགོས་པ་དང་ཞིབ་བཤེར་ནན་ཏན་བྱས་ཐོག ཚད་མཐུན་སྙམ་ན་ཀྲི་པུའུའི་ཚོགས་ཆེན་ལ་གྲོས་བསྡུར་བྱ་རྒྱུར་འབུལ་དགོས།
གོང་རིམ་ཏང་རྩ་འཛུགས་ཀྱིས་ཏང་ནང་དུ་ཞུགས་རྒྱུའི་རེ་འདུན་བཏོན་མཁན་དེ་ཏང་ནང་ཞུགས་པར་འཇུག་པའི་ཆོག་མཆན་མ་བཀོད་གོང་ལ་ཁོང་དང་མི་སྣ་མངགས་ཏེ། ཁོ་དང་གླེང་མོལ་བྱས་ནས་རྒྱུས་ལོན་སྔར་ལས་ལྷག་པར་ལོན་པར་བྱེད་པ་དང་ཁོ་ལ་རོགས་བྱས་ནས་ཏང་ལ་ངོས་འཛིན་བྱེད་པའི་ཆུ་ཚད་མཐོར་འདེགས་བྱེད་དགོས།
དམིགས་བསལ་གྱི་གནས་ཚུལ་བྱུང་ན་ཏང་གི་ཀྲུང་དབྱང་དང་། ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཨུ་ཡོན་ལྷན་ཁང་གིས་ཐད་ཀར་ཏང་ཡོན་བསྡུ་ལེན་བྱས་ཆོག
དོན་ཚན་དྲུག་པ། གྲ་སྒྲིག་ཏང་ཡོན་གྱིས་ངེས་པར་དུ་ཏང་གི་དར་ཆའི་མདུན་དུ་ཏང་ནང་དུ་ཞུགས་པའི་དམ་བཅའ་འཇོག་དགོས། དམ་ཚིག་གཤམ་གསལ་ཏེ། ངས་རང་མོས་ཐོག་ཀྲུང་གོའི་གུང་ཁྲན་ཏང་ནང་དུ་ཞུགས་ཏེ་ཏང་གི་རྩ་འཛིན་ལ་བརྩི་བཀུར་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་ཡོན་གྱི་འོས་འགན་ལེགས་སྒྲུབ། ཏང་གི་ཆོད་དོན་ལག་བསྟར།ཏང་གི་སྒྲིག་ཁྲིམས་ནན་སྲུང་། ཏང་གི་གསང་དོན་དམ་སྲུང་། ཏང་ལ་བློ་དཀར་ཟོལ་མེད། ཧུར་ཐག་གིས་བྱ་བ་སྒྲུབ་པ་བཅས་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་དོན་དུ་ཚེ་གང་འབད་འཐབ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་དོན་དུ་རང་ཉིད་ཀྱི་ཡོད་དགུ་བློས་གཏོང་རྒྱུའི་གྲ་སྒྲིག་བྱེད་ཅིང་། དུས་ནམ་ཡང་ཏང་ལ་རྒྱབ་གཏོད་མི་བྱེད་ཅེས་པ་དེ་ཡིན།
དོན་ཚན་བདུན་པ། གྲ་སྒྲིག་ཏང་ཡོན་གྱི་གྲ་སྒྲིག་ཡུན་ཚད་ལོ་གཅིག་ཡིན། ཏང་གི་རྩ་འཛུགས་ཀྱིས་གྲ་སྒྲིག་ཏང་ཡོན་ལ་སློབ་གསོ་དང་རྟོག་ཞིབ་ནན་ཏན་བྱེད་དགོས།
གྲ་སྒྲིག་ཏང་ཡོན་གྱི་འོས་འགན་ནི་དངོས་གཞིའི་ཏང་ཡོན་དང་གཅིག་མཚུངས་ཡིན། གྲ་སྒྲིག་ཏང་ཡོན་གྱི་ཁེ་དབང་ཐད་བརྡས་ཐག་གཅོད་པའི་དབང་ཆ་དང་འདེམ་བསྐོའི་དབང་ཆ། གདམ་བྱའི་དབང་ཆ་བཅས་མ་གཏོགས་དངོས་གཞིའི་ཏང་ཡོན་དང་གཅིག་མཚུངས་ཡིན།
གྲ་སྒྲིག་ཏང་ཡོན་གྱི་གྲ་སྒྲིག་ཡུན་ཚད་ལོངས་རྗེས་ཏང་གི་ཀྲི་པུའུ་ཡིས་མི་དེ་དངོས་གཞིའི་ཏང་ཡོན་དུ་བསྒྱུར་ཆོག་མིན་དུས་ཐོག་ཏུ་གྲོས་བསྡུར་བྱེད་དགོས། ཏང་ཡོན་གྱི་འོས་འགན་ནན་ཏན་སྒྲུབ་པ་དང་། ཏང་ཡོན་གྱི་ཆ་རྐྱེན་འཛོམས་པ་རྣམས་དུས་ཐོག་ཏུ་དངོས་གཞིའི་ཏང་ཡོན་དུ་བསྒྱུར་དགོས་པ་དང་། ད་དུང་མུ་མཐུད་དེ་རྟོག་ཞིབ་དང་སློབ་གསོ་གཏོང་དགོས་པ་འདུག་ན་དེའི་གྲ་སྒྲིག་གི་ཡུན་ཚད་བསྲིང་ཆོག་ཀྱང་ལོ་གཅིག་ལས་བརྒལ་མི་ཆོག ཏང་ཡོན་གྱི་འོས་འགན་མི་སྒྲུབ་པ་དང་ཏང་ཡོན་གྱི་ཆ་རྐྱེན་འཛོམས་མེད་ན། དེའི་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་བྱེད་དགོས། གྲ་སྒྲིག་ཏང་ཡོན་ནས་དངོས་གཞིའི་ཏང་ཡོན་དུ་བསྒྱུར་རྒྱུ་དང་། ཡང་ན་གྲ་སྒྲིག་གི་ཡུན་ཚད་བསྲིང་རྒྱུ། ཡང་ན་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་བྱ་རྒྱུ་བཅས་གང་བྱས་རུང་། ཚང་མ་ཀྲི་པུའུའི་ཚོགས་ཆེན་ཐོག་གྲོས་བསྡུར་བྱས་ནས་གྲོས་འཆམ་ཡོང་དགོས་པ་དང་གོང་རིམ་ཏང་གི་རྩ་འཛུགས་ཀྱི་ཆོག་མཆན་འཐོབ་དགོས།
གྲ་སྒྲིག་ཏང་ཡོན་གྱི་གྲ་སྒྲིག་ཡུན་ཚད་དེ་ཀྲི་པུའུ་ཡི་ཚོགས་ཆེན་ཐོག་མི་དེ་གྲ་སྒྲིག་ཏང་ཡོན་དུ་བསྡུ་ལེན་བྱེད་པའི་གྲོས་འཆམ་བྱུང་བ་ཉིན་ནས་བརྩི་དགོས་པ་དང་། ཏང་ཡོན་གྱི་ཏང་ལོ་དེ་གྲ་སྒྲིག་ཡུན་ཚད་ལོངས་རྗེས་ཀྱི་དངོས་གཞིའི་ཏང་ཡོན་དུ་བསྒྱུར་བའི་ཉིན་ནས་བརྩི་དགོས།
དོན་ཚན་བརྒྱད་པ། ཏང་ཡོན་སུ་ཞིག་ཡིན་རུང་གོ་གནས་མཐོ་དམན་གང་ཡིན་ལ་མ་བལྟོས་པར་ངེས་པར་དུ་ཏང་གི་ཀྲི་པུའུ་དང་། ཚོ་ཆུང་ངམ་ཡང་ན་རྩ་འཛུགས་ངེས་ཅན་ཞིག་གི་ནང་བཅུག་སྟེ་ཚང་མ་ཏང་གི་རྩ་འཛུགས་ཀྱི་འཚོ་བའི་ནང་ཞུགས་དགོས་པ་དང་། ཏང་ཕྱི་ནང་གི་མང་ཚོགས་རྣམས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཚོས་ད་དུང་ཏང་ཨུ་དང་ཏང་ཙུའུའི་དམངས་གཙོའི་འཚོ་བའི་ཚོགས་འདུར་ངེས་པར་དུ་ཞུགས་དགོས། ཏང་གི་རྩ་འཛུགས་ཀྱི་འཚོ་བའི་ནང་མི་ཞུགས་པ་དང་། ཏང་ཕྱི་ནང་གི་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་མི་བྱེད་པའི་ཏང་ཡོན་དམིགས་བསལ་ཅན་གཏན་ནས་ཡོད་མི་ཆོག
དོན་ཚན་དགུ་བ། ཏང་ཡོན་ལ་རང་ཉིད་ཏང་ནང་ནས་ཕྱིར་འཐེན་བྱེད་པའི་རང་དབང་ཡོད། ཏང་ཡོན་གྱིས་རང་ཉིད་ཏང་གི་ནང་ནས་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་བཏོན་ན། ཀྲི་པུའུའི་ཚོགས་ཆེན་གྱིས་གྲོས་བསྡུར་བྱས་རྗེས་མིང་ཐོ་ནས་ཕུད་པའི་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། གོང་རིམ་ཏང་གི་རྩ་འཛུགས་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།
གལ་ཏེ་ཏང་ཡོན་ཞིག་གི་གསར་བརྗེའི་སྙིང་སྟོབས་ཉམས་ནས་ཏང་ཡོན་གྱི་འོས་འགན་མ་སྒྲུབ་པ་དང་། ཏང་ཡོན་གྱི་ཆ་རྐྱེན་དང་མི་མཐུན་པར་གྱུར་ན། ཏང་ཀྲི་པུའུ་ནས་མི་དེར་སློབ་གསོ་བརྒྱབ་ནས་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བླང་བྱ་འདོན་དགོས་པ་དང་། སློབ་གསོ་བཏང་ནའང་ལེགས་འགྱུར་མ་བྱུང་ན་མི་དེ་ཏང་ནང་ནས་ཕྱིར་འཐེན་བྱེད་དགོས། ཏང་ཡོན་དེ་ཏང་ནང་ནས་ཕྱིར་འཐེན་བྱེད་སྐབས་ཀྲི་པུའུ་ཚོགས་ཆེན་ཐོག་གྲོས་བསྡུར་བྱས་ཏེ་ཐག་གཅོད་དགོས་པ་མ་ཟད། གོང་རིམ་ཏང་རྩ་འཛུགས་ལ་ཆོག་མཆན་ཡང་ཞུ་དགོས། གལ་སྲིད་ཏང་ནང་ནས་ཕྱིར་འཐེན་བྱེད་དགོས་པའི་ཏང་ཡོན་དེས་ཨུ་ཚུགས་ཀྱིས་ཏང་ནང་ནས་ཕྱིར་འཐེན་མི་བྱེད་ན། ཀྲི་པུའུ་ཚོགས་ཆེན་ལ་བཏོན་ནས་གྲོས་བསྡུར་བྱས་ཏེ་མི་དེའི་མིང་ཐོ་ནས་ཕུད་རྒྱུ་ཐག་བཅད་ཐོག གོང་རིམ་ཏང་རྩ་འཛུགས་ལ་ཆོག་མཆན་ཞུ་དགོས།
ཏང་ཡོན་གྱིས་རྒྱུ་མཚན་ལུགས་མཐུན་མེད་པར་བསྟུད་མར་ཟླ་བ་དྲུག་རིང་ཏང་གི་རྩ་འཛུགས་ཀྱི་འཚོ་བར་མ་ཞུགས་པའམ་ཡང་ན་ཏང་དངུལ་མི་སྟེར་བའམ་ཡང་ན་ཏང་གིས་སྤྲད་པའི་བྱ་བ་མི་ལས་པ་བཅས་ཀྱི་རིགས་གང་ཞིག་བྱུང་ན་རང་ཤུགས་སུ་ཏང་ལ་ཁ་བྲལ་བར་བརྩིས་ནས། ཀྲི་པུའུ་ཚོགས་ཆེན་ཐོག་ཏང་ཡོན་དེ་མིང་ཐོ་ནས་ཕུད་རྒྱུའི་ཐག་གཅོད་དགོས་པ་མ་ཟད། གོང་རིམ་ཏང་རྩ་འཛུགས་ལ་ཆོག་མཆན་ཡང་ཞུ་དགོས།
ལེའུ་གཉིས་པ།ཏང་གི་རྩ་འཛུགས་ལམ་ལུགས།
དོན་ཚན་བཅུ་བ། ཏང་ནི་རང་ཉིད་ཀྱི་རྩ་འཛིན་དང་སྒྲིག་ཡིག་ཡིན་ལ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལྟར་སྒྲིག་འཛུགས་བྱས་པའི་གཅིག་གྱུར་གྱི་ཁྱོན་ཡོངས་ཤིག་ཀྱང་ཡིན། ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་གཞི་རྩའི་རྩ་དོན་གཤམ་གསལ་ཏེ།
(གཅིག)ཏང་ཡོན་མི་སྒེར་གྱིས་ཏང་གི་རྩ་འཛུགས་ལ་བརྩི་བཀུར་དང་ཉུང་བས་མང་བར་བརྩི་བཀུར། འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་བརྩི་བཀུར། ཏང་ཡོངས་ཀྱི་རྩ་འཛུགས་སོ་སོ་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བརྩི་བཀུར་བྱེད་དགོས།
(གཉིས།)ཏང་གི་རིམ་པ་སོ་སོའི་མགོ་ཁྲིད་ལས་ཁུངས་ཀྱིས་མངགས་པའི་འཐུས་ཚབ་ལས་ཁུངས་དང་ཏང་རྩ་འཛུགས་མ་ཡིན་པའི་ཏང་ཙུའུ་མ་གཏོགས། ཚང་མ་འདེམ་བསྐོ་བྱས་ནས་བདམས་ཐོན་ཡོང་བ་བྱེད་དགོས།
(གསུམ།)ཏང་གི་ཆེས་མཐོའི་མགོ་ཁྲིད་ལས་ཁུངས་ནི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་དེ་ལས་བདམས་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཡིན། ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་ཁུངས་རིམ་པ་ནི་ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་འཐུས་མིའི་ཚོགས་ཆེན་དང་། དེ་ལས་བདམས་ཐོན་བྱུང་བའི་ཨུ་ཡོན་ལྷན་ཁང་ཡིན། ཏང་གི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གིས་རང་དང་རིམ་པ་མཉམ་པའི་འཐུས་མིའི་ཚོགས་ཆེན་ལ་འགན་འཁུར་དགོས་པ་མ་ཟད། བྱ་བའི་སྙན་སེང་ཡང་ཞུ་དགོས།
(བཞི།)ཏང་གི་གོང་རིམ་རྩ་འཛུགས་ཀྱིས་དུས་རྒྱུན་དུ་འོག་རིམ་རྩ་འཛུགས་དང་ཏང་ཡོན་མང་ཚོགས་ཀྱི་བསམ་འཆར་ཉན་ལེན་དང་། ཁོང་ཚོས་བཏོན་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་དགོས། ཏང་གི་འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་བྱ་བའི་སྐོར་དགོངས་ཞུ་དང་སྙན་སེང་ཞུ་དགོས་ལ། རང་ཚུགས་ཀྱིས་ལས་འགན་ཁུར་ནས་རང་འགན་ཁོངས་སུ་གཏོགས་པའི་གནད་དོན་ཡང་ཐག་གཅོད་དགོས། རྩ་འཛུགས་རིམ་པ་གོང་འོག་གི་བར་ལ་ཕན་ཚུན་གནས་ཚུལ་བརྗེ་རེས་དང་ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་ལྟ་སྐུལ་བཅས་བྱེད་དགོས། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པ་ལྟར་ཏང་དོན་ཡོངས་བསྒྲགས་བྱས་ཏེ། ཏང་ཡོན་རྣམས་ལ་ཏང་ནང་གི་ལས་དོན་སྔར་ལས་རྒྱུས་ལོན་དང་སྔར་ལས་ཞུགས་སུ་འཇུག་དགོས།
(ལྔ།)ཏང་གི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་མགོ་ཁྲིད་དང་མི་སྒེར་ལས་བགོས་ཟུང་འབྲེལ་བྱེད་པའི་ལམ་ལུགས་ལག་ལེན་བྱེད་དགོས། གནད་དོན་གལ་ཆེ་རིགས་ཚང་མ་ཐུན་མོང་མགོ་ཁྲིད་དང་དམངས་གཙོ་གཅིག་སྡུད། རེ་རེ་བྱས་ནས་གྲོས་མོལ། གྲོས་ཚོགས་ཐོག་ཐག་གཅོད་བཅས་བྱེད་པའི་རྩ་དོན་ལྟར་ཏང་གི་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་དུ་གྲོས་བསྡུར་བྱས་ཏེ་ཐག་གཅོད་དགོས་པ་དང་། ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚོས་ཐུན་མོང་གི་ཐག་གཅོད་དང་ལས་བགོས་ལྟར་སོ་སོའི་འགན་འཁྲི་ལག་ལེན་ནན་ཏན་བྱེད་དགོས།
(དྲུག)ཏང་གིས་མི་སྒེར་གྱི་དད་བཀུར་ཚང་མ་བཀག་སྡོམ་བྱེད་དགོས། ཏང་གི་མགོ་ཁྲིད་པའི་བྱ་འགུལ་ཏང་དང་མི་དམངས་ཀྱི་ལྟ་སྐུལ་འོག་ཏུ་སྤེལ་བར་ཁག་ཐེག་བྱེད་དགོས་པ་དང་། ཏང་དང་མི་དམངས་ཀྱི་ཁེ་ཕན་མཚོན་པའི་མགོ་ཁྲིད་པ་ཐམས་ཅད་ཀྱི་སྙན་གྲགས་སྲུང་སྐྱོང་བྱེད་དགོས།
དོན་ཚན་བཅུ་གཅིག་པ། ཏང་གི་རིམ་པ་སོ་སོའི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱེད་སྐབས་འདེམས་བསྐོ་བྱེད་མཁན་གྱི་བསམ་འདུན་མཚོན་པར་བྱེད་དགོས་པ་དང་། རང་མིང་མ་བཀོད་པར་འདེམས་ཤོག་འཕེན་པའི་འདེམ་བསྐོ་བྱེད་སྟངས་སྤྱོད་དགོས། བདམ་བྱའི་འོས་མིའི་མཚན་ཐོ་ལ་ཏང་རྩ་འཛུགས་དང་འདེམ་བསྐོ་བྱེད་མཁན་གྱིས་གྲོས་བསྡུར་གཟབ་ལེགས་བྱེད་དགོས། བདམ་བྱའི་འོས་མིའི་མི་གྲངས་དེ་འདེམ་དགོས་པའི་མི་གྲངས་ལས་མང་བ་སྟེ་ལྷག་གྲངས་ཡོད་པའི་འདེམ་བསྐོ་བྱེད་ཐབས་སྤྱད་དེ་ཐད་ཀར་ལག་བསྟར་བྱས་ནས་འདེམ་བསྐོ་དངོས་སུ་བྱས་ཆོག་ལ། སྔོན་ལ་ལྷག་གྲངས་ཡོད་པའི་འདེམ་བསྐོ་བྱེད་ཐབས་སྤྱད་དེ་འདེམ་བསྐོ་བྱས་ནས་བདམ་བྱའི་འོས་མིའི་མིང་ཐོ་ཐོན་རྗེས་འདེམ་བསྐོ་དངོས་སུ་བྱས་ནའང་ཆོག འདེམ་བསྐོ་བྱེད་མཁན་ལ་བདམ་བྱའི་འོས་མིའི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། བདམ་བྱའི་འོས་མི་བརྗེ་སྒྱུར་བྱེད་པའི་རེ་བ་འདོན་པ། བདམ་བྱའི་འོས་མི་སུ་ཞིག་ཀྱང་མི་འདེམ་པ། མི་གཞན་དག་འདེམ་པ་བཅས་ཀྱི་དབང་ཆ་ཡོད། རྩ་འཛུགས་གང་དང་མི་སུས་ཀྱང་ཐབས་གང་རུང་ལ་བརྟེན་ནས་འདེམ་བསྐོ་བྱེད་མཁན་ལ་མི་སུ་ཞིག་འདེམ་བསྐོ་བྱེད་དུ་འཇུག་པའམ་མི་འཇུག་པའི་བཙན་སྐུལ་བྱེད་མི་ཆོག
ཏང་གི་ས་གནས་རིམ་པ་སོ་སོའི་འཐུས་མིའི་ཚོགས་ཆེན་དང་གཞི་རིམ་གྱི་འཐུས་མི་ཚོགས་ཆེན་ཐོག་འདེམ་བསྐོ་བྱེད་སྐབས་ཏང་གི་སྒྲིག་ཡིག་དང་འགལ་བའི་གནས་ཚུལ་བྱུང་ན། རིམ་པ་གཅིག་ལས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་དང་ཞིབ་བསྡུར་བྱས་རྗེས་འདེམ་བསྐོ་དེ་རྩིས་མེདདུ་གཏོང་རྒྱུ་དང་དེ་དང་མཐུན་པའི་བྱེད་ཐབས་སྤྱད་ནས་ཐག་གཅོད་པ་དང་། རིམ་པ་གཅིག་ལས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་ཞིབ་བཤེར་ཆོག་མཆན་ཐོབ་མཚམས་དངོས་སུ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱེད་དགོས།
ཏང་གི་རིམ་པ་སོ་སོའི་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་འགན་ཁུར་ཡུན་ཚད་ལམ་ལུགས་ལག་ལེན་བྱ་རྒྱུ།
དོན་ཚན་བཅུ་གཉིས་པ། ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ས་གནས་ཀྱི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གིས་དགོས་གལ་བྱུང་ཚེ་ཏང་གི་འཐུས་མིའི་གྲོས་ཚོགས་བསྡུས་ནས་དུས་ཐོག་ཏུ་ཐག་གཅོད་དགོས་པའི་གནད་དོན་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱས་ཆོག འཐུས་མིའི་གྲོས་ཚོགས་ཀྱི་འཐུས་མིའི་མི་གྲངས་དང་འཐུས་མི་བདམས་ཐོན་བྱེད་ཐབས་དེ་འཐུས་མིའི་གྲོས་ཚོགས་བསྡུས་པའི་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་བྱེད་དགོས།
དོན་ཚན་བཅུ་གསུམ་པ། ཏང་གི་རྩ་འཛུགས་གསར་བ་འཛུགས་པའམ་ཡང་ན་ཏང་གི་སྔར་ཡོད་རྩ་འཛུགས་མེད་པ་བཟོ་རྒྱུ་དེ་ངེས་པར་དུ་གོང་རིམ་ཏང་གི་རྩ་འཛུགས་ཀྱིས་ཐག་གཅོད་དགོས།
ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་འཐུས་མིའི་ཚོགས་ཆེན་དང་གཞི་རིམ་གྱི་འཐུས་མིའི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ། གོང་རིམ་ཏང་རྩ་འཛུགས་ཀྱིས་དགོས་གལ་བྱུང་ཚེ། འོག་རིམ་ཏང་རྩ་འཛུགས་ཀྱི་འགན་ཁུར་པའི་ལས་གནས་སྤོ་བའམ་འགན་གཞན་དག་ཁུར་བར་མངག་གཏོང་བྱས་ཆོག
ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ས་གནས་ཀྱི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གིས་རང་གི་འཐུས་ཚབ་ལས་ཁུངས་མངག་གཏོང་བྱས་ཆོག
དོན་ཚན་བཅུ་བཞི་བ། ཏང་གི་ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཨུ་ཡོན་ལྷན་ཁང་གིས་སྐོར་གཟིགས་ལམ་ལུགས་ལག་ལེན་བྱེད་དགོས་པ་དང་། སྐབས་གཅིག་གི་ལས་འགན་ཁུར་ཡུན་ནང་དོ་དམ་ས་གནས་དང་སྡེ་ཁག ཁེ་ལས། ལས་དོན་སྡེ་ཚན་བཅས་ཀྱི་ཏང་རྩ་འཛུགས་ལ་སྐོར་གཟིགས་ཡོངས་ཁྱབ་ཏུ་ཁེབས་པར་བྱེད་དགོས།
ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུ་དང་རྒྱལ་ཁབ་ལས་ཁུངས་སྡེ་ཁག་གི་ཏང་ཙུའུ(ཏང་ཨུ་)ཡིས་བྱ་བའི་དགོས་མཁོ་ལྟར་སྐོར་གཟིགས་བྱ་བ་བྱེད་དགོས།
ཏང་གི་གྲོང་ཁྱེར(ས་གནས། ཁུལ། མེང)དང་རྫོང(གྲོང་ཁྱེར། ཆུས། ཆི)གི་ཨུ་ཡོན་ལྷན་ཁང་གིས་སྐོར་གཟིགས་ལམ་ལུགས་འཛུགས་དགོས།
དོན་ཚན་བཅོ་ལྔ་བ། ཏང་གི་རིམ་པ་སོ་སོའི་མགོ་ཁྲིད་ལས་ཁུངས་ཀྱིས་འོག་རིམ་རྩ་འཛུགས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐག་གཅོད་སྐབས་སྤྱིར་བཏང་གི་གནས་ཚུལ་འོག་ཏུ་འོག་རིམ་རྩ་འཛུགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་དང་། འོག་རིམ་རྩ་འཛུགས་ཀྱིས་རྒྱུན་སྲོལ་ལྟར་རང་ཉིད་ཀྱི་འགན་དབང་སྤྱོད་ཐུབ་པར་ཁག་ཐེག་བྱེད་དགོས། འོག་རིམ་རྩ་འཛུགས་ཀྱིས་ཐག་གཅོད་དགོས་པའི་གནད་དོན་ཐད་དམིགས་བསལ་གྱི་གནས་ཚུལ་མེད་ན། གོང་རིམ་མགོ་ཁྲིད་ལས་ཁུངས་ཀྱིས་ཐེ་གཏོགས་བྱེད་མི་རུང་།
དོན་ཚན་བཅུ་དྲུག་པ། རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་སྲིད་ཇུས་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་རྣམས་ཏང་ཀྲུང་དབྱང་ཁོ་ནར་ཐག་གཅོད་དབང་མེད། སྡེ་ཁག་སོ་སོ་དང་ས་གནས་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་ལ་གྲོས་གཞི་བཏོན་ཆོག་མོད། འོན་ཀྱང་རང་ཉིད་ཀྱིས་ཐག་གཅོད་པ་དང་ཕྱི་ཕྱོགས་སུ་འདོད་ཚུལ་འདོན་མི་ཆོག
ཏང་གི་འོག་རིམ་རྩ་འཛུགས་ཀྱིས་ངེས་པར་དུ་བློ་ཐག་རྦད་ཆོད་ཀྱིས་གོང་རིམ་རྩ་འཛུགས་ཀྱི་ཆོད་དོན་ལག་བསྟར་བྱེད་དགོས། གལ་ཏེ་འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ཀྱི་ཆོད་དོན་དེ་ས་ཁུལ་དང་སྡེ་ཁག་དེའི་གནས་ཚུལ་དང་མི་མཐུན་ན་བསྒྱུར་ཆོག གལ་ཏེ་གོང་རིམ་རྩ་འཛུགས་ཀྱིས་སྔར་གྱི་ཆོད་དོན་དེ་རྒྱུན་འཁྱོངས་བྱེད་ན། འོག་རིམ་རྩ་འཛུགས་ཀྱིས་ངེས་པར་དུ་ཆོད་དོན་དེ་ལག་ལེན་བྱེད་དགོས་པ་དང་། མི་མཐུན་པའི་བསམ་འཆར་ཡོངས་བསྒྲགས་སུ་བཏོན་མི་ཆོག འོན་ཀྱང་རང་ལས་རིམ་པ་གཅིག་གི་མཐོ་བའི་རྩ་འཛུགས་ལ་སྙན་སེང་ཞུ་བའི་དབང་ཆ་ཡོད།
ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱི་ཚགས་པར་དང་དུས་དེབ་དང་དྲིལ་བསྒྲགས་ཡོ་བྱད་གཞན་དག་བཅས་ཀྱི་ཐོག་ངེས་པར་དུ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་དྲིལ་བསྒྲགས་བྱེད་དགོས།
དོན་ཚན་བཅུ་བདུན་པ། ཏང་གི་རྩ་འཛུགས་ཀྱིས་གནད་དོན་གྲོས་བསྡུར་དང་ཐག་གཅོད་བྱེད་སྐབས་ངེས་པར་དུ་ཉུང་བས་མང་བཀུར་བྱེད་པའི་རྩ་དོན་ལག་བསྟར་བྱེད་དགོས་པ་དང་། གནད་དོན་གལ་ཆེ་ཐག་གཅོད་སྐབས་བརྡས་ཐག་གཅོད་དགོས། མི་ཉུང་ཤས་ཀྱི་བསམ་འཆར་མི་འདྲ་བར་བསམ་གཞིགས་ནན་ཏན་བྱེད་དགོས། གལ་ཏེ་གནད་དོན་གལ་ཆེན་ཐད་རྩོད་གླེང་བྱུང་བ་དང་། ཕྱོགས་གཉིས་ཀྱི་མི་གྲངས་མང་ཉུང་ཧ་ལམ་འདྲ་བ་བྱུང་བའི་སྐབས་སུ། གནས་ཚུལ་དྲག་པོའི་འོག་ངེས་པར་དུ་མི་མང་བའི་བསམ་འཆར་ལྟར་ལག་ལེན་བྱེད་དགོས་པ་མ་གཏོགས་གནས་སྐབས་སུ་ཐག་གཅོད་བྱས་ཐོག་བརྟག་དཔྱད་ཞིབ་འཇུག་སྔར་ལས་ལྷག་པར་བྱེད་ཅིང་། ཕན་ཚུན་བསམ་འཆར་བརྗེ་རེས་བྱས་ཏེ་གྲོས་ཚོགས་རྗེས་མའི་ཐོག་ཏུ་བརྡས་ཐག་གཅོད་དགོས། དམིགས་བསལ་གྱི་གནས་ཚུལ་བྱུང་དུས་རྩོད་གླེང་བྱེད་པའི་གནས་ཚུལ་དེ་གོང་རིམ་རྩ་འཛུགས་ལ་སྙན་སེང་ཞུས་ཏེ་འདུམ་གཅོད་གནང་རོགས་ཞུས་ཆོག
ཏང་ཡོན་མི་སྒེར་གྱིས་ཏང་རྩ་འཛུགས་ཀྱི་ཚབ་བྱས་ནས་འདོད་ཚུལ་གལ་ཆེན་འདོན་པའི་སྐབས་སུ། གལ་ཏེ་ཏང་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པའི་ཆོད་དོན་གྱི་ཁྱབ་ཁོངས་ལས་བརྒལ་བའི་འདོད་ཚུལ་འདོན་དགོས་བྱུང་ན། ངེས་པར་དུ་རང་ཉིད་གཏོགས་སའི་ཏང་གི་རྩ་འཛུགས་ལ་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུར་འབུལ་བའམ་ཡང་ན་གོང་རིམ་ཏང་རྩ་འཛུགས་ལ་དགོངས་སྐོར་ཞུ་དགོས། ཏང་ཡོན་སུ་ཡིན་རུང་གོ་གནས་མཐོ་དམན་གང་ཡིན་ལ་མ་བལྟོས་པར་གནད་དོན་གལ་ཆེན་སྒེར་གྱིས་ཐག་གཅོད་བྱེད་མི་རུང་། གལ་ཏེ་གནས་ཚུལ་གལ་ཆེན་ཡོད་ན་ངེས་པར་དུ་སྒེར་གྱིས་ཐག་གཅོད་དགོས། ཐག་གཅོད་བྱས་རྗེས་མགྱོགས་མྱུར་དུ་ཏང་རྩ་འཛུགས་ལ་སྙན་སེང་ཞུ་དགོས། མགོ་ཁྲིད་པ་སུ་ཞིག་ཡིན་ནའང་རང་གཅིག་པུས་བརྒྱ་ཁ་གཅིག་གཅོད་དང་རང་ཉིད་རྩ་འཛུགས་ལས་བརྒལ་བ་བྱེད་མི་ཆོག
དོན་ཚན་བཅོ་བརྒྱད་པ། ཏང་གི་ཀྲུང་དབྱང་དང་ས་གནས། གཞི་རིམ་རྩ་འཛུགས་བཅས་ཀྱིས་ངེས་པར་དུ་ཏང་གི་འཛུགས་སྐྲུན་གྱི་བྱ་བར་མཐོང་ཆེན་བྱེད་དགོས་པ་དང་། ཏང་གི་དྲིལ་བསྒྲགས་བྱ་བ་དང་། སློབ་གསོའི་བྱ་བ། རྩ་འཛུགས་བྱ་བ། སྒྲིག་ཁྲིམས་ཞིབ་བཤེར་གྱི་བྱ་བ། མང་ཚོགས་ཀྱི་བྱ་བ། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་སོགས་ལ་དུས་རྒྱུན་དུ་གྲོས་བསྡུར་དང་ཞིབ་བཤེར་བྱེད་དགོས། ཏང་ཕྱི་ནང་གི་བསམ་བློ་དང་ཆབ་སྲིད་ཀྱི་གནས་ཚུལ་ལ་ཞིབ་འཇུག་དོ་སྣང་བྱེད་དགོས།
ལེའུ་གསུམ་པ། ཏང་གི་ཀྲུང་དབྱང་རྩ་འཛུགས།
དོན་ཚན་བཅུ་དགུ་བ། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལོ་ལྔ་རེར་ཐེངས་རེ་འཚོག་རྒྱུ་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་བསྡུ་རྒྱུ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་དགོས་གལ་བྱུང་བའམ་ཞིང་ཆེན་རིམ་པའི་རྩ་འཛུགས་སུམ་ཆ་གཅིག་ཡན་ཆད་ཀྱིས་རེ་འདུན་ཞུས་ན། དུས་བཀག་གི་སྔོན་ལ་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འཚོགས་ཆོག་པ་དང་། གལ་ཏེ་གནས་ཚུལ་ཛ་དྲག་མེད་ན་ཚོགས་ཆེན་ཕྱིར་འགྱངས་ཀྱིས་འཚོགས་མི་ཆོག
རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་མང་ཉུང་དང་འདེམ་བསྐོ་བྱེད་ཐབས་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱ་རྒྱུ།
དོན་ཚན་ཉི་ཤུ་བ། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འགན་དབང་གཤམ་གསལ་ཏེ།
(གཅིག)ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་ཉན་པ་དང་ཞིབ་བཤེར་བྱ་རྒྱུ་དང་།
(གཉིས།)ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་ཉན་པ་དང་ཞིབ་བཤེར་བྱ་རྒྱུ།
(གསུམ།)ཏང་གི་གནད་དོན་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུ།
(བཞི།)ཏང་གི་སྒྲིག་ཡིག་བཟོ་བཅོས་བྱ་རྒྱུ།
(ལྔ།)ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམ་བསྐོ་བྱ་རྒྱུ།
(དྲུག)ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམ་བསྐོ་བྱ་རྒྱུ་བཅས་ཡིན།
དོན་ཚན་ཉེར་གཅིག་པ། ཏང་གི་རྒྱལ་ཡོངས་འཐུས་མིའི་གྲོས་ཚོགས་ཀྱི་འགན་དབང་ནི་གནད་དོན་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཁ་ཤས་ལེགས་སྒྲིག་དང་སྣོན་འདེམ་བྱ་རྒྱུ་ཡིན། ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་ལེགས་སྒྲིག་དང་སྣོན་འདེམ་བྱ་རྒྱུའི་མི་གྲངས་དེ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐོག་འདེམ་བསྐོ་བྱས་པའི་ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་སོ་སོའི་སྡོམ་གྲངས་ཀྱི་ལྔ་ཆ་གཅིག་ལས་བརྒལ་མི་ཆོག
དོན་ཚན་ཉེར་གཉིས་པ། ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་རེའི་འགན་ཁུར་ཡུན་ཚད་ནི་ལོ་ལྔ་རེ་ཡིན། གལ་ཏེ་དུས་བཀག་གི་སྔོན་ནམ་དུས་འགྱངས་ཀྱིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འཚོགས་ཚེ། དེའི་འགན་འཁུར་ཡུན་ཚད་ཀྱང་དེ་མཚུངས་སུ་བསྒྱུར་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ངེས་པར་དུ་ཏང་ལོ་ལྔ་ཡན་ལོན་པ་ཡིན་དགོས་པ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱི་མི་གྲངས་མང་ཉུང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ནས་གཏན་འཁེལ་བྱེད་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མ་ཚང་བའི་སྐབས་སུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ནང་ནས་འདེམ་ཤོག་ཐོབ་གྲངས་མང་ཉུང་ལ་གཞིགས་ནས་རིམ་པ་ལྟར་ཁ་སྐོང་བྱེད་དགོས།
ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་བསྡུ་དགོས་ཤིང་། ལོ་རེར་ཉུང་མཐར་ཡང་ཐེངས་རེ་འཚོགས་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་བྱ་བའི་སྙན་སེང་ཞུ་དགོས་པ་དང་དེའི་ལྟ་སྐུལ་དང་དུ་ལེན་དགོས།
རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཆོད་ལག་ལེན་བྱས་ཏེ་ཏང་གི་བྱ་བ་ཡོངས་རྫོགས་ལ་མགོ་ཁྲིད་དང་། ཕྱི་ཕྱོགས་ལ་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་བྱ་རྒྱུ།
དོན་ཚན་ཉེར་གསུམ་པ། ཏང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བཅས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་འདེམ་བསྐོ་བྱ་རྒྱུ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ནི་ངེས་པར་དུ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲས་ནས་འདེམ་དགོས།
ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་གྲོལ་རྗེས། ཀྲུང་དབྱང་ཆབ་སྲིད་ཅུའུ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་འགན་དབང་སྤྲོད་རྒྱུ།
ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ནི་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཡིན་པས། དེའི་ཁོངས་མི་ནི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འོས་མིང་བཏོན་ཏེ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱེད་དགོས།
ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་རྒྱུའི་འགན་ཁུར་དགོས་པ་མ་ཟད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུའི་བྱ་བའང་མགོ་འཛིན་བྱེད་དགོས།
ཏང་གི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱ་རྒྱུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིས་འགན་ཁུར་ལམ་ལུགས་ལག་ལེན་བྱེད་དགོས།
སྐབས་རེ་རེའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལས་བདམས་ཐོན་བྱུང་བའི་ཀྲུང་དབྱང་གི་མགོ་ཁྲིད་ལས་ཁུངས་དང་ཀྲུང་དབྱང་གི་མགོ་ཁྲིད་པས་སྐབས་རྗེས་མའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འཚོགས་རྗེས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནས་ཀྲུང་དབྱང་གི་མགོ་ཁྲིད་ལས་ཁུངས་དང་ཀྲུང་དབྱང་གི་མགོ་ཁྲིད་པ་གསར་བ་བདམས་ཐོན་མ་བྱུང་བར་དུ་ཏང་གི་རྒྱུན་ལྡན་གྱི་བྱ་བ་མུ་མཐུད་དུ་མགོ་འཛིན་བྱེད་དགོས།
དོན་ཚན་ཉེར་བཞི་བ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་ལྟར་བྱ་བ་བྱེད་དགོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་དཔུང་ནང་གི་ཏང་གི་བྱ་བ་དང་ཆབ་སྲིད་བྱ་བར་འགན་ཁུར་རྒྱུ་དང་། དམག་དཔུང་ནང་གི་ཏང་གི་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་སྒྲིག་གཞིའི་ཐད་ལ་གཏན་འབེབས་བྱ་རྒྱུ།
ལེའུ་བཞི་བ། ཏང་གི་ས་གནས་རྩ་འཛུགས།
དོན་ཚན་ཉེར་ལྔ་བ། ཏང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་འཐུས་མིའི་ཚོགས་ཆེན་དང་། ཆུས་བཙུགས་ཡོད་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་འཐུས་མིའི་ཚོགས་ཆེན། རྫོང(ཆི)དང་རང་སྐྱོང་རྫོང་། ཆུས་བཙུགས་མེད་པའི་གྲོང་ཁྱེར། གྲོང་ཁྱེར་གྱི་ཐད་གཏོགས་ཆུས་བཅས་ཀྱི་འཐུས་མི་ཚོགས་ཆེན་བཅས་ལོ་ལྔ་རེར་ཐེངས་རེ་འཚོགས་རྒྱུ།
ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་འཐུས་མི་ཚོགས་ཆེན་ནི་རིམ་པ་གཅིག་ལས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་བསྡུ་རྒྱུ། དམིགས་བསལ་གྱི་གནས་ཚུལ་བྱུང་ན། རིམ་པ་གཅིག་ལས་མཐོ་བའི་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་རྗེས་དུས་བཀག་ལས་སྔ་སྣུར་རམ་ཕྱིར་འགྱངས་ཀྱིས་སྐོང་འཚོགས་ཆོག
ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་དང་འདེམ་བསྐོ་བྱེད་ཐབས་དེ་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱེད་པ་མ་ཟད། རིམ་པ་གཅིག་ལས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་འགོད་རྒྱུ།
དོན་ཚན་ཉེར་དྲུག་པ། ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་འཐུས་མིའི་ཚོགས་ཆེན་གྱི་འགན་དབང་གཤམ་གསལ་ཏེ།
(གཅིག)རང་དང་རིམ་པ་མཉམ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་ཉན་པ་དང་དེར་ཞིབ་བཤེར་བྱ་རྒྱུ།
(གཉིས།)རང་དང་རིམ་པ་མཉམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་ཉན་པ་དང་ཞིབ་བཤེར་བྱ་རྒྱུ།
(གསུམ།)ས་ཁུལ་དེ་གའི་ཁོངས་སུ་གཏོགས་པའི་གནད་དོན་གལ་ཆེན་གྲོས་བསྡུར་དང་གྲོས་ཆོད་བྱ་རྒྱུ།
(བཞི།)རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་འདེམ་བསྐོ་དང་། རང་དང་རིམ་པ་མཉམ་པའི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམ་བསྐོ་བྱ་རྒྱུ།
དོན་ཚན་ཉེར་བདུན་པ། ཏང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཆུས་བཙུགས་ཡོད་པའི་གྲོང་ཁྱེར། རང་སྐྱོང་ཁུལ་བཅས་ཀྱི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཁུར་ཡུན་ཚད་ལོ་ལྔ་རེ་ཡིན། ཨུ་ཡོན་ལྷན་ཁང་དེ་དག་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ངེས་པར་དུ་ཏང་ལོ་ལྔ་ཡན་ལོན་དགོས།
ཏང་གི་རྫོང(ཆི)དང་རང་སྐྱོང་རྫོང་། ཆུས་བཙུགས་མེད་པའི་གྲོང་ཁྱེར། གྲོང་ཁྱེར་གྱི་ཐད་གཏོགས་ཆུས་བཅས་ཀྱི་ཨུ་ཡོན་ལྷན་ཁང་སྐབས་རེའི་འགན་འཁུར་ཡུན་ཚད་ལོ་ལྔ་རེ་ཡིན། ཨུ་ཡོན་ལྷན་ཁང་དེ་དག་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ངེས་པར་དུ་ཏང་ལོ་གསུམ་ཡན་ལོན་དགོས།
ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་འཐུས་མིའི་ཚོགས་ཆེན་དུས་བཀག་གི་སྔོན་ནམ་དུས་འགྱངས་ཀྱིས་འཚོགས་ཚེ། དེ་ལས་བདམས་ཐོན་བྱུང་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་ཡུན་ཚད་ཀྱང་དེ་མཚུངས་སུ་བསྒྱུར་རྒྱུ།
ཏང་གི་ས་གནས་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱི་མི་གྲངས་ནི་སོ་སོར་རིམ་པ་གཅིག་ལས་མཐོ་བའི་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱ་རྒྱུ། ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མ་ཚང་བའི་སྐབས་སུ་རྗེས་སྣོན་ཨུ་ཡོན་ནང་ནས་འདེམ་ཤོག་ཐོབ་གྲངས་མང་ཉུང་ལྟར་ཁ་སྐོང་བྱ་རྒྱུ།
ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལོ་རེར་ཉུང་མཐར་ཡང་ཐེངས་གཉིས་རེ་འཚོགས་རྒྱུ།
འཐུས་མིའི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ་ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གིས་གོང་རིམ་ཏང་རྩ་འཛུགས་ཀྱི་སློབ་སྟོན་དང་རང་དང་རིམ་པ་མཉམ་པའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཆོད་ལག་བསྟར་བྱ་རྒྱུ་དང་། ས་གནས་དེ་གའི་བྱ་བར་མགོ་ཁྲིད་བྱ་རྒྱུ། དུས་བཀག་ལྟར་གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་ལ་བྱ་བ་སྙན་སེང་ཞུ་རྒྱུ།
དོན་ཚན་ཉེར་བརྒྱད་པ། ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་འདེམ་བསྐོ་བྱ་རྒྱུ་དང་། གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཡང་ཞུ་རྒྱུ། ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་ཏང་གི་ས་གནས་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ལྷན་ཁང་གི་འགན་དབང་སྤྱོད་རྒྱུ་དང་། སྐབས་རྗེས་མའི་འཐུས་མི་ཚོགས་ཆེན་འཚོགས་རིང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གསར་བ་བདམས་ཐོན་མ་བྱུང་བར་དུ་རྒྱུན་ལྡན་གྱི་བྱ་བ་མུ་མཐུད་དུ་མགོ་འཛིན་བྱ་རྒྱུ།
ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་བཀག་ལྟར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་བྱ་བའི་སྙན་སེང་ཞུ་རྒྱུ་དང་དེའི་ལྟ་སྐུལ་དང་ལེན་བྱེད་དགོས།
དོན་ཚན་ཉེར་དགུ་བ། ཏང་གི་ས་ཁུལ་ཨུ་ཡོན་ལྷན་ཁང་དང་ས་ཁུལ་ཨུ་ཡོན་ལྷན་ཁང་དང་འདྲ་མཚུངས་ཀྱི་རྩ་འཛུགས་ནི་ཏང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་ལྷན་ཁང་གིས་རྫོང་ཁ་ཤས་དང་རང་སྐྱོང་རྫོང་ཁ་ཤས། གྲོང་ཁྱེར་ཁ་ཤས་བཅས་ཀྱི་ཁོངས་སུ་གཏོགས་པར་མངགས་པའི་འཐུས་ཚབ་ལས་ཁུངས་ཡིན། ལས་ཁུངས་དེས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་ལྷན་ཁང་གིས་དབང་ཆ་གནང་བ་ལྟར་ས་ཁུལ་དེ་གའི་བྱ་བར་མགོ་ཁྲིད་བྱ་རྒྱུ།
ལེའུ་ལྔ་བ། ཏང་གི་གཞི་རིམ་རྩ་འཛུགས།
དོན་ཚན་སུམ་ཅུ་བ། ཁེ་ལས་དང་གྲོང་གསེབ། ལས་ཁུངས། སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་། སྲང་ལམ་སྡེ་ཁུལ། སྤྱི་ཚོགས་ཀྱི་རྩ་འཛུགས། མི་དམངས་བཅིངས་འགྲོལ་དམག་གི་ལེན་ཏོས་བཅས་དང་གཞི་རིམ་སྡེ་ཚན་གཞན་དག་གི་ནང་དངོས་གཞིའི་ཏང་ཡོན་གསུམ་ཡན་ཡོད་ན། དེ་ཚོ་ཚང་མར་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་དགོས།
ཏང་གི་གཞི་རིམ་རྩ་འཛུགས་དེ་བྱ་བའི་དགོས་མཁོ་དང་ཏང་ཡོན་མི་གྲངས་ལ་གཞིགས་ཏེ་གོང་རིམ་ཏང་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་རྗེས་སོ་སོར་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་འཛུགས་རྒྱུ། གཞི་རིམ་ཨུ་ཡོན་ལྷན་ཁང་ནི་ཏང་ཡོན་ཚོགས་ཆེན་ནམ་འཐུས་མི་ཚོགས་ཆེན་ཐོག་ནས་བདམས་ཐོན་བྱ་རྒྱུ་དང་། སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ནི་ཏང་ཡོན་ཚོགས་ཆེན་ཐོག་ནས་བདམས་ཐོན་བྱ་རྒྱུ། ཨུ་ཡོན་གྱི་བདམ་བྱའི་འོས་མི་འདོན་དུས་ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་དགོས།
དོན་ཚན་སོ་གཅིག་པ། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་ཀྱི་སྐབས་རེའི་འགན་ཁུར་ཡུན་ལོ་གསུམ་ནས་ལོ་ལྔའི་བར་ཡིན། གཞི་རིམ་ཨུ་ཡོན་ལྷན་ཁང་དང་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་བདམས་ཐོན་བྱུང་རྗེས། གོང་རིམ་ཏང་རྩ་འཛུགས་ལ་ཆོག་མཆན་ཞུ་དགོས།
དོན་ཚན་སོ་གཉིས་པ། ཏང་གི་གཞི་རིམ་རྩ་འཛུགས་ནི་སྤྱི་ཚོགས་ཀྱི་གཞི་རིམ་རྩ་འཛུགས་ནང་གི་ཏང་གི་འཐབ་འཛིང་བཙན་རྫོང་ཡིན་ལ། ཏང་གི་བྱ་བ་ཡོད་ཚད་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན། དེའི་གཞི་རྩའི་ལས་འགན་གཤམ་གསལ་ཏེ།
(གཅིག)ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་དང་ལག་བསྟར་བྱ་རྒྱུ་དང་།ཏང་ཀྲུང་དབྱང་དང་། གོང་རིམ་རྩ་འཛུགས། རྩ་འཛུགས་རང་ཉིད་བཅས་ཀྱི་གྲོས་ཆོད་དྲིལ་སྒྲོག་དང་ལག་བསྟར་བྱ་རྒྱུ། ཏང་ཡོན་གྱི་གདོང་ལེན་དང་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། ཧུར་ཐག་གིས་ལེགས་སྐྲུན་བཟང་བརྩོན། ཏང་ཕྱི་ནང་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་དང་རྩ་འཛུགས་བྱས་ནས་རང་གི་སྡེ་ཚན་གྱིས་ཁུར་བའི་ལས་འགན་བསྒྲུབ་རྒྱུ།
(གཉིས།)ཏང་ཡོན་རྣམས་རྩ་འཛུགས་བྱས་ཏེ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་། "སློབ་གཉིས་བྱེད་གཅིག"གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་ལམ་ལུགས་སུ་འགྱུར་བར་སྐུལ་འདེད་གཏོང་བ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་སློབ་སྦྱོང་བྱེད་པ་དང་། ཏང་གི་གཞི་རྩའི་ཤེས་བྱར་སློབ་སྦྱོང་དང་ཚན་རིག རིག་གནས། བཅའ་ཁྲིམས། བྱེད་སྒོ་བཅས་ཀྱི་ཤེས་བྱར་སློབ་སྦྱོང་བྱེད་དགོས།
(གསུམ།)ཏང་ཡོན་ལ་སློབ་གསོ་དང་དོ་དམ། ལྟ་སྐུལ། ཞབས་ཞུ་བཅས་བྱས་ཏེ་ཏང་ཡོན་གྱི་བྱང་ཚད་མཐོར་འདེགས་གཏོང་བ་དང་། ཕུགས་བསམ་དད་སེམས་བརྟན་པོར་གཏོང་བ། ཏང་གཤིས་ཤུགས་ཆེ་རུ་གཏོང་བ། ཏང་གི་རྩ་འཛུགས་ཀྱི་འཚོ་བ་ནན་མོ་རོལ་བ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སྤེལ་བ། ཏང་གི་སྒྲིག་ཁྲིམས་བརྩི་སྲུང་དང་ལག་ལེན། ཏང་ཡོན་གྱིས་འོས་འགན་ཏན་ཏིག་གིས་སྒྲུབ་པར་ལྟ་སྐུལ། ཏང་ཡོན་གྱི་ཁེ་དབང་ལ་བཙན་གནོད་མི་ཕོག་པར་འགན་ལེན་བཅས་བྱ་རྒྱུ། སྐོར་སྐྱོད་ཏང་ཡོན་གྱི་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ།
(བཞི།)མང་ཚོགས་དང་འབྲེལ་འདྲིས་དམ་པོར་བྱས་ཐོག་ཏང་ཡོན་དང་ཏང་གི་བྱ་བའི་ཐད་མང་ཚོགས་ཀྱི་སྐྱོན་བརྗོད་དང་བསམ་འཆར་དུས་རྒྱུན་དུ་རྒྱུས་ལོན་བྱེད་པ། མང་ཚོགས་ཀྱི་བབ་འོས་ཀྱི་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་། མང་ཚོགས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་བྱ་བ་ལེགས་སྒྲུབ་བཅས་བྱ་རྒྱུ།
(ལྔ།)ཏང་ཡོན་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་སྐྲུན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁོ་ཚོའི་ནང་གི་འཇོན་ཐང་ཕུལ་བྱུང་ཅན་འཚོལ་བ་དང། གསོ་སྐྱོང་། ངོ་སྤྲོད་བཅས་བྱས་ནས་ཁོ་ཚོས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་སྐབས་སོ་སོའི་བློ་གྲོས་དང་ཡོན་ཏན་འདོན་རྒྱུར་སྐུལ་སློང་དང་རྒྱབ་སྐྱོར་བྱ་རྒྱུ།
(དྲུག)ཏང་ལ་ཞུགས་རྒྱུའི་རེ་འདུན་བཏོན་པའི་ཧུར་བརྩོན་ཅན་རྣམས་ལ་སློབ་གསོ་དང་གསོ་སྐྱོང་བྱས་ནས་ཏང་ཡོན་བསྡུ་ལེན་གྱི་དུས་རྒྱུན་རང་བཞིན་གྱི་བྱ་བ་ལེགས་སྒྲུབ་བྱེད་པ་དང་། ཐོན་སྐྱེད་དང་བྱ་བ་དངོས་སུ་བྱེད་ས་དང་གཞོན་ནུ་རྣམས་ཀྱི་ཁྲོད་ནས་ཏང་ཡོན་བསྡུ་ལེན་བྱེད་པར་མཐོང་ཆེན་བྱ་རྒྱུ།
(བདུན།)ཏང་ཡོན་ལས་བྱེད་པ་དང་ལས་བྱེད་པ་གཞན་དག་སུ་ཞིག་ཡིན་རུང་ཚང་མས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་ནན་མོ་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་ནོར་སྲིད་དཔལ་འབྱོར་སྐོར་གྱི་ཁྲིམས་སྲོལ་དང་མི་དོན་ལམ་ལུགས་བརྩི་སྲུང་ནན་མོ་བྱེད་དགོས་པ་ལས་རྒྱལ་ཁབ་དང་ཐུན་མོང་། མང་ཚོགས་བཅས་ཀྱི་ཁེ་ཕན་ཧམ་བཟུང་བྱེད་མི་རུང་བར་ལྟ་སྐུལ་བྱ་རྒྱུ།
(བརྒྱད།)ཏང་ཡོན་དང་མང་ཚོགས་ཀྱི་ཕྱོགས་ལྷུང་ངན་པ་རང་རྟོགས་ཀྱིས་བཀག་འགོག་དང་། ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་བློ་ཐག་རྦད་ཆོད་ཀྱིས་འཐབ་རྩོད་བྱེད་དགོས་པའི་སློབ་གསོ་གཏོང་རྒྱུ།
དོན་ཚན་སོ་གསུམ་པ། སྲང་ལམ་དང་ཞང་། གྲོང་རྡལ་བཅས་ཀྱི་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་གྲོང་གསེབ། སྡེ་ཁུལ་གྱི་ཏང་རྩ་འཛུགས་བཅས་ཀྱིས་ས་ཁུལ་དེ་གའི་བྱ་བར་མགོ་ཁྲིད་བྱ་རྒྱུ་དང་། སྲིད་འཛིན་རྩ་འཛུགས་དང་། དཔལ་འབྱོར་རྩ་འཛུགས། མང་ཚོགས་རང་སྐྱོང་རྩ་འཛུགས་བཅས་ཀྱིས་འགན་དབང་གང་ལེགས་སྤྱོད་པར་རྒྱབ་སྐྱོར་དང་ཁག་ཐེག་བྱ་རྒྱུ།
རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཏང་ཨུ(ཏང་ཙུའུ)ཡིས་མགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཁ་ཕྱོགས་ཁྲིད་སྟོན་དང་ཁྱོན་ཡོངས་ལ་དོ་དམ། དངོས་འབེབས་ལ་ཁག་ཕག་བྱེད་པ་དང་། གཏན་འཁེལ་ལྟར་ཁེ་ལས་ཀྱི་ལས་དོན་གལ་ཆེན་ལ་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་ཐུན་མོང་གི་ཁེ་ལས་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཁེ་ལས་ཀྱི་ཐོན་སྐྱེད་དང་བདག་གཉེར་བྱ་བ་སྤེལ་རྒྱུ། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་དེ་ཁེ་ལས་སོ་སོའི་ནང་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་དང་ལྟ་སྐུལ་དང་། མ་རྐང་འཇོག་མཁན་ལྷན་ཚོགས་དང་ལས་འཛིན་པའི་ལྷན་ཚོགས། ལྟ་ཞིབ་ལྷན་ཚོགས། གཉེར་དཔོན(བཟོ་གྲྭའི་མགོ་འཛིན)བཅས་ཀྱིས་བཅའ་ཁྲིམས་ལྟར་འགན་དབང་སྤྱོད་པར་རྒྱབ་སྐྱོར། བློ་གཅིག་སེམས་གཅིག་གིས་ལས་བཟོ་པ་མང་ཚོགས་ལ་བརྟེན་ནས་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་གྱིས་བྱ་བ་སྤེལ་བར་རྒྱབ་སྐྱོར། ཁེ་ལས་ཀྱི་གནད་དོན་གལ་ཆེན་ཐབས་ཇུས་ཐག་གཅོད་པར་ཞུགས་པ། ཏང་གི་རྩ་འཛུགས་རང་ཉིད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་བསམ་བློ་དང་ཆབ་སྲིད་ཀྱི་བྱ་བ། བསམ་པའི་དཔལ་ཡོན་འཛུགས་སྐྲུན། བཟོ་ཚོགས་དང་གུང་གཞོན་ཚོགས་པ་ལ་སོགས་པའི་ཐུན་མོང་མང་ཚོགས་ཀྱི་རྩ་འཛུགས་ལ་མགོ་ཁྲིད་བཅས་བྱ་རྒྱུ།
སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་ནས་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་པར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ་དང་། བཟོ་ཚོགས་དང་གུང་གཞོན་ཚོགས་པ་ལ་སོགས་པའི་ཐུན་མོང་མང་ཚོགས་རྩ་འཛུགས་ཀྱི་མགོ་ཁྲིད་དེ་ལས་བཟོ་པ་མང་ཚོགས་དང་མཐུན་སྒྲིལ་བྱས་ནས་གོང་བུར་བསྒྲིལ་ཏེ་ཕྱོགས་གང་ཅིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱ་རྒྱུ།
སྤྱི་ཚོགས་ཀྱི་རྩ་འཛུགས་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་དང་ལག་བསྟར་བྱེད་པ་དང་། བཟོ་ཚོགས་དང་གུང་གཞོན་ཚོགས་པ་སོགས་མང་ཚོགས་རྩ་འཛུགས་ལ་མགོ་ཁྲིད། ཏང་ཡོན་རྣམས་ལ་སློབ་གསོ་དང་དོ་དམ། མང་ཚོགས་ལ་ཁྲིད་སྟོན་དང་ཞབས་འདེགས་ཞུ་བ། ལས་དོན་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ།
སྲིད་འཛིན་མགོ་ཁྲིད་པས་འགན་ཁུར་བའི་ལམ་ལུགས་ལག་ལེན་བྱེད་པའི་ལས་དོན་སྡེ་ཚན་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་དགོས། ཏང་ཨུའི་མགོ་ཁྲིད་འོག་སྲིད་འཛིན་མགོ་ཁྲིད་ཀྱིས་འགན་ཁུར་པའི་ལམ་ལུགས་ལག་ལེན་བྱེད་པའི་ལས་དོན་སྡེ་ཚན་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་གནད་དོན་གལ་ཆེན་གྲོས་བསྡུར་དང་གཏན་འཁེལ་བྱེད་པ་དང་། དུས་མཚུངས་སུ་སྲིད་འཛིན་མགོ་ཁྲིད་པས་རང་ཉིད་ཀྱི་འགན་དབང་གང་ལེགས་སྤྱོད་ཐུབ་པར་ཁག་ཐེག་བྱ་རྒྱུ།
རིམ་པ་སོ་སོའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་སྲིད་འཛིན་འགན་ཁུར་པར་ལས་འགན་འགྲུབ་པ་དང་བྱ་བ་བྱེད་སྟངས་ལེགས་བཅོས་བྱེད་པར་གཞོགས་འདེགས་བྱ་རྒྱུ་དང་། སྲིད་འཛིན་འགན་ཁུར་ནང་གི་ཏང་ཡོན་རེ་རེར་སློབ་གསོ་དང་དོ་དམ། ལྟ་སྐུལ་བཅས་བྱེད་དགོས་པ་ལས་སྡེ་ཚན་དེ་ཉིད་ཀྱི་བྱེད་སྒོར་མགོ་ཁྲིད་བྱེད་མི་རུང་།
དོན་ཚན་སོ་བཞི་བ། ཏང་ཀྲི་པུའུ་ནི་ཏང་གི་རྨང་གཞིའི་རྩ་འཛུགས་ཡིན་ཞིང་། ཏང་ཡོན་ལ་ཐད་ཀར་སློབ་གསོ་དང་དོ་དམ། ལྟ་སྐུལ་བཅས་བྱེད་པ་དང་། མང་ཚོགས་རྩ་འཛུགས་དང་། མང་ཚོགས་ལ་དྲིལ་སྒྲོག མང་ཚོགས་གོང་བུར་སྒྲིལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་པའི་འགན་འཁྲི་འཁུར་དགོས།
ལེའུ་དྲུག་པ། ཏང་གི་ལས་བྱེད་པ།
དོན་ཚན་སོ་ལྔ་བ། ཏང་གི་ལས་བྱེད་པ་ནི་ཏང་གི་ལས་དོན་གྱི་རྐང་འཛིན་པ་དང་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པས། བློ་དཀར་སྤྱོད་གཙང་དང་འགན་ཁུར་བྱེད་ཕོད་པ་བྱ་དགོས་པ་དང་། ཏང་གིས་སྤྱོད་ཡོན་གཉིས་ལྡན་དང་སྤྱོད་ཡོན་གཉིས་བཟང་གི་རྩ་དོན་ལྟར་ལས་བྱེད་པ་གདམ་གསེས་བྱེད་པ་དང་། ཕྱོགས་བཞི་མཚམས་བརྒྱད། སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ནས་གཞུང་དྲང་ཚུལ་མཐུན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རང་གི་དགའ་ཉེ་ཁོ་ན་བསྐོ་འཇོག་བྱེད་པར་ངོ་རྒོལ་བྱས་ཐོག ལས་བྱེད་པའི་དཔུང་སྡེ་གསར་བརྗེ་ཅན་དང་ལོ་ན་གཞོན་པ། ཤེས་ཡོན་ལྡན་པ། ཆེད་ལས་ཅན་བཅས་སུ་འགྱུར་བར་འབད་བརྩོན་བྱེད་དགོས།
ཏང་གིས་ལས་བྱེད་པར་སློབ་གསོ་དང་གསོ་སྐྱོང་། སྦྱོང་བརྡར། གདམ་གསེས། དཔྱད་ཞིབ། ལྟ་སྐུལ་བཅས་བྱེད་པར་མཐོང་ཆེན་བྱེད་པ་དང་། ཁྱད་པར་དུ་ན་གཞོན་ལས་བྱེད་པ་ཕུལ་བྱུང་ཅན་གསོ་སྐྱོང་དང་གདམ་གསེས་བྱེད་པར་མཐོང་ཆེན་བྱ་རྒྱུ། ལས་བྱེད་པའི་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ།
ཏང་གིས་བུད་མེད་ལས་བྱེད་པ་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་བྱེད་པར་མཐོང་ཆེན་བྱ་རྒྱུ།
དོན་ཚན་སོ་དྲུག་པ། ཏང་གི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་ངེས་པར་དུ་དད་སེམས་འགྱུར་མེད་དང་། མི་དམངས་ལ་ཞབས་ཞུ། སྲིད་བརྩོན་དོན་གཉེར། འགན་ཁུརཕོད་པ། གཞུང་དྲང་སྤྱོད་གཙང་བཅས་བྱེད་དགོས་པ་དང་། སྒྲིག་ཡིག་འདིའི་དོན་ཚན་གསུམ་པར་གཏན་འཁེལ་བྱས་པའི་ཏང་ཡོན་གྱི་འོས་འགན་སྣ་ཚོགས་ངེས་པར་དུ་བསྒྲུབ་དགོས་པ་མ་ཟད། ངེས་པར་དུ་གཤམ་གསལ་གྱི་གཞི་རྩའི་ཆ་རྐྱེན་ཡང་འཛོམ་དགོས་པ་སྟེ།
(གཅིག)ལས་འགན་སྒྲུབ་པར་མཁོ་བའི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱི་ཆུ་ཚད་ཡོད་པ་དང་། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སྣེ་ཁྲིད་དེ་ལག་ལེན་མཐར་ཕྱིན་བྱེད་པ། ཧུར་བརྩོན་ཆེན་པོས་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་གནད་དོན་དངོས་དབྱེ་ཞིབ་དང་ཐག་གཅོད་བྱེད་པ། སློབ་སྦྱོང་ལ་མཐོང་ཆེན་དང་། ཆབ་སྲིད་ལ་དང་དོད། སྲོལ་བཟང་དར་སྤེལ་བཅས་རྒྱུན་འཁྱོངས་བྱས་ནས་དཀའ་ཉེན་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ་བྱ་རྒྱུ།
(གཉིས།)གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་ལྡན་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་བརྟན་པོ་བྱེད་ཅིང་། བློ་ཐག་རྦད་ཆོད་ཀྱིས་ཏང་གི་གཞི་རྩའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད། དེང་རབས་ཅན་དུ་འགྱུར་བའི་ལས་དོན་ལ་རང་ནུས་གང་ཡོད་བཏོན་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ནང་དཀའ་སྤྱད་ལས་སྒྲུབ་དང་སྲིད་སྐྱོང་གི་བྱས་རྗེས་ལྟ་བ་ཡང་དག་པ་བཙུགས་ནས་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་བྱས་རྗེས་འཇོག་པ།
(གསུམ།)བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་ལྷན་སྐྱོད། གསར་གཏོད་གསར་སྐྲུན་བཅས་རྒྱུན་འཁྱོངས་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱས་ནས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དེ་ས་ཁུལ་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཕན་ཡོད་པའི་སྒོ་ནས་བྱ་བ་སྤེལ་བ་དང་སྐད་ཆ་དྲང་པོ་བཤད་པ། དོན་དངོས་སྒྲུབ་པ་བཅས་བྱེད་དགོས།
(བཞི།)གསར་བརྗེའི་ལས་དོན་སྒྲུབ་སེམས་དང་ཆབ་སྲིད་ཀྱི་འགན་ཁུར་པའི་འདུ་ཤེས་དྲག་པོ་ཡོད་པ་དང་། ལག་ལེན་ཉམས་མྱོང་དང་མགོ་ཁྲིད་ཀྱི་ནུས་པ། རྩ་འཛུགས་བྱེད་ནུས། རིག་གནས་ཀྱི་ཡོན་ཚད། ཆེད་ལས་ཀྱི་ཤེས་བྱ་བཅས་ཡོད་དགོས།
(ལྔ།)མི་དམངས་ཀྱིས་སྤྲད་པའི་དབང་ཆ་ལག་བསྟར་ཡང་དག་པ་བྱེད་པ་དང་རྩ་དོན་རྒྱུན་འཁྱོངས། བཅའ་ཁྲིམས་ལྟར་ལས་སྒྲུབ། གཞུང་དྲང་སྤྱོད་གཙང་། སྲིད་བརྩོན་དམངས་བསམ། རང་དཔེ་གཞན་སྟོན། དཀའ་སྤྱད་བབ་ཆགས། མང་ཚོགས་དང་འབྲེལ་འདྲིས་དམ་པོར་བྱེད་པ། ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས། རང་རྟོགས་ཀྱི་སྒོ་ནས་ཏང་དང་མང་ཚོགས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་དང་ལེན། ཀུན་སྤྱོད་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་གཤིས་རྒྱུན་འཁྱོངས་བྱེད་པ། སྤྱོད་བཟང་གཙོ་བོར་འཛིན་པ། མིག་དཔེ་སྟོན་པ། རང་བཀུར། རང་ཞིབ། རང་གཅུན། རང་སྐུལ་བཅས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། ལོངས་སྤྱོད་རིང་ལུགས། རྒྱས་སྤྲོས་ཆུད་ཟོས་བཅས་ལ་ངོ་རྒོལ་དང་། དབང་ཆ་གང་བྱུང་དུ་སྤྱོད་པ་དང་སྒེར་གྱི་ཁེ་ཕན་གཉེར་བའི་སྤྱོད་པར་ངོ་རྒོལ་བྱེད་དགོས།
(དྲུག)ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་དང་སྲུང་སྐྱོང་བྱས་ཐོག དམངས་གཙོའི་སྤྱོད་ཚུལ་ལྡན་པ་དང་ཕྱོགས་ཡོངས་ཀྱི་འདུ་ཤེས་ཡོད་པ། རང་ཉིད་དང་བསམ་འཆར་མི་མཐུན་པ་ཡོད་མཁན་གྱི་བློ་མཐུན་རྣམས་དང་མཐུན་སྒྲིལ་བྱས་ཏེ་མཉམ་དུ་བྱ་བ་བསྒྲུབ་དགོས།
དོན་ཚན་སོ་བདུན་པ། ཏང་ཡོན་ལས་བྱེད་པས་ཏང་ཕྱིའི་ལས་བྱེད་པ་དང་མཉམ་ལས་མཉམ་སྒྲུབ་བྱེད་པ་དང་། ཁོ་ཚོར་བརྩི་འཇོག་བྱེད་པ། ཁེངས་སྐྱུང་གིས་ཁོ་ཚོའི་དགེ་མཚན་ལ་སློབ་སྦྱོང་བྱེད་དགོས།
ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ནུས་པ་དང་ཡོན་ཏན་དངོས་གནས་ཡོད་མཁན་གྱི་ཏང་ཕྱིའི་ལས་བྱེད་པ་གསར་རྙེད་དང་ངོ་སྤྲོད་བྱས་ཏེ་ཁོ་ཚོར་མགོ་ཁྲིད་ཀྱི་བྱ་བ་ཁུར་དུ་འཇུག་པ་དང་། ཁོ་ཚོར་གོ་གནས་དང་དབང་ཆ་གཉིས་ཀ་ཡོད་པར་ཁག་ཐེག་བྱས་ནས་ཁོང་ཚོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དུ་འཇུག་དགོས།
དོན་ཚན་སོ་བརྒྱད་པ། ཏང་གི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དེ་དམངས་གཙོས་འདེམས་བསྐོ་བྱས་པའམ་ཡང་ན་མགོ་ཁྲིད་ལས་ཁུངས་ནས་འདེམ་བསྐོ་བྱས་པ་གང་ཡིན་ནའང་། ཁོ་ཚོའི་གོ་གནས་དེ་ཚེ་གང་ལ་བཟུང་ཆོག་པ་ཞིག་མིན་པར་ཚང་མ་བསྒྱུར་ཆོག་པའམ་ཕྱིར་འཐེན་བྱས་ཆོག
ལོ་ན་དང་ལུས་ཁམས་བདེ་ཐང་མིན་པའི་རྐྱེན་གྱིས་བྱ་བ་མུ་མཐུད་དུ་བྱེད་མི་འོས་པའི་ལས་བྱེད་པ་རྣམས་རྒྱལ་ཁབ་ཀྱི་ཆེད་དོན་ལྟར་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་བྱེད་དགོས།
ལེའུ་བདུན་པ། ཏང་གི་སྒྲིག་ཁྲིམས།
དོན་ཚན་སོ་དགུ་བ། ཏང་གི་སྒྲིག་ཁྲིམས་ནི་ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་བྱ་སྤྱོད་སྤེལ་བའི་ལམ་སྲོལ་ཡིན་པ་དང་། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་དང་ཏང་གི་ལས་འགན་རྣམས་ལེགས་འགྲུབ་བྱེད་པའི་ཁག་ཐེག་ཡིན། ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཏང་གི་སྒྲིག་ཁྲིམས་ལག་ལེན་དང་སྲུང་སྐྱོང་ནན་ཏན་བྱེད་དགོས་པ་དང་། གུང་ཁྲན་ཏང་ཡོན་རྣམས་ཀྱིས་ངེས་པར་དུ་ཏང་གི་སྒྲིག་ཁྲིམས་ཀྱི་ཚོད་འཛིན་དང་ལེན་བྱེད་དགོས།
དོན་ཚན་བཞི་བཅུ་བ། ཏང་གི་སྒྲིག་ཁྲིམས་སུ་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། མང་ཚོགས་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ཡོད།
སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་ཀྱི་དགོངས་དོན་གཞིར་བཟུང་ནས། སྒྲིག་ཁྲིམས་ནན་སྲུང་དང་ཁྲིམས་འགལ་བྱེད་ན་ངེས་པར་དུ་རྩད་གཅོད་བྱེད་པ་དང་། སྔ་མོར་ཆུང་བ་ནས་འཛིན་པ། སྐྱོན་ཆུང་ནས་སེལ་བ་བཅས་རྒྱུན་འཁྱོངས་བྱས་ཏེ་ནོར་འཁྲུལ་གྱི་ངོ་བོ་དང་ནོར་འཁྲུལ་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སྐྱོན་བརྗོད་སློབ་གསོ་གཏོང་བ་དང་ཐ་ན་སྒྲིག་ཁྲིམས་ཐོག་ཀྱི་ཆད་པ་གཅོད་དགོས། ལྟ་སྐུལ་དང་སྒྲིག་བསྟར་ཐད་ཀྱི"རྣམ་པ་བཞི"བཀོལ་ནས"གདོང་དམར་པོར་འགྱུར་པ་དང་རྔུལ་ཆུ་བཞུར་པ"དེ་རྒྱུན་རྣམ་དུ་འགྱུར་བར་བྱ་རྒྱུ་དང་། ཏང་གི་སྒྲིག་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་རྩ་འཛུགས་ཀྱིས་ལེགས་སྒྲིག་བྱེད་པ་དེ་ཏང་ལ་དོ་དམ་དང་ཏང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་འགྱུར་བ་དང་། ཁྲིམས་འགལ་བྱས་པའི་ཏང་ཡོན་ལ་ངེས་པར་དུ་ཏང་ནང་ནས་ཕྱིར་ཕུད་དགོས།
ཏང་ནང་དུ་ཏང་གི་སྒྲིག་ཡིག་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་བའི་བྱེད་ཐབས་སྤྱད་ནས་ཏང་ཡོན་ལ་སྤྱོད་ཚུལ་འཛིན་པར་གཏན་འགོག་དང་། གནག་ལན་སློག་པ་དང་སྙོན་འཛུགས་ཞུ་གཏུག མ་ཉེས་ཁག་གཡོགས་བྱེད་པར་གཏན་འགོག་བྱེད་དགོས། གཏན་འབེབས་དེ་དག་དང་འགལ་བའི་རྩ་འཛུགས་དང་མི་སྒེར་ལ་ངེས་པར་དུ་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱེད་དགོས།
དོན་ཚན་ཞེ་གཅིག་པ། ཏང་ཡོན་ལ་སྒྲིག་ཁྲིམས་ཐོག་ནས་ཆད་པ་གཅོད་སྟངས་སྣ་ལྔ་ཡོད་དེ། ཐ་ཚིག་སྒྲོག་པ་དང་ཐ་ཚིག་དྲག་པོ་སྒྲོག་པ། ཏང་ནང་གི་གོ་གནས་ཕྱིར་འཐེན་པ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ། ཏང་ནང་ནས་ཕུད་པ་བཅས་ཡིན།
ཏང་ནང་བཞག་ནས་ལྟ་ཞིབ་བྱེད་ཡུན་རིང་ཤོས་ནི་ལོ་གཉིས་ལས་བརྒལ་མི་རུང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ནང་ཏང་ཡོན་དེར་བརྡས་ཐག་གཅོད་པའི་དབང་ཆ་དང་འདེམ་པའི་དབང་ཆ། གདམ་བྱའི་དབང་ཆ་བཅས་མེད། ཏང་ཡོན་ཞིག་ཏང་ནང་བཞག་ནས་ལྟ་ཞིབ་བྱས་རྗེས་དེས་དངོས་གནས་ནོར་འཁྲུལ་ཡོ་བསྲང་བྱས་ཡོད་ན་དེའི་ཏང་ཡོན་གྱི་དབང་ཆ་སླར་གསོ་བྱེད་དགོས་ཤིང་། ནོར་འཁྲུལ་མཁྲེགས་བཟུང་བྱས་ནས་ཡོ་བསྲང་མ་བྱས་ཚེ་ཏང་ནང་ནས་ཕུད་དགོས།
ཏང་ནང་ནས་ཕྱིར་འབུད་བཏང་བ་དེ་ནི་ཏང་ནང་གི་ཆད་པ་ཆེ་ཤོས་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ཞིག་ཏང་ནང་ནས་ཕྱིར་འབུད་རྒྱུའི་ཐག་གཅོད་པའམ་ཆོག་མཆན་འགོད་པའི་སྐབས་སུ་འབྲེལ་ཡོད་དཔྱད་གཞི་ཡིག་རིགས་དང་བསམ་འཆར་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་དགོས་པ་དང་ཧ་ཅང་གཟབ་ནན་གྱི་སྤྱོད་ཚུལ་འཛིན་དགོས།
དོན་ཚན་ཞེ་གཉིས་པ། ཏང་ཡོན་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དུས་ངེས་པར་དུ་ཀྲི་པུའུ་ཚོགས་ཆེན་ཐོག་གྲོས་བསྡུར་བྱས་ནས་ཐག་བཅད་རྗེས། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་ལ་ཞུ་དགོས་པ་དང་། གལ་ཏེ་དེ་དང་འབྲེལ་བའི་གནད་དོན་ཅུང་གལ་ཆེ་བའམ་རྙོག་འཛིང་ཆེ་བ་ཡིན་པ། ཡང་ན་ཏང་ཡོན་ལ་ཏང་ནང་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་ཡིན་ན། གནས་ཚུལ་མི་འདྲ་བར་དམིགས་ཏེ་རྫོང་རིམ་པའམ་རྫོང་རིམ་པ་ཡན་གྱི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས། དམིགས་བསལ་གྱི་གནས་ཚུལ་བྱུང་སྐབས་རྫོང་རིམ་པ་དང་རྫོང་རིམ་པ་ཡན་གྱི་རིམ་པ་སོ་སོའི་ཏང་གི་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་ལ་སྒྲིག་ཁྲིམས་ཐོག་གི་ཆད་པ་ཐད་ཀར་གཅོད་ཆོག
ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ལ་ཐ་ཚིག་སྒྲོག་པ་དང་ཐ་ཚིག་དྲག་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དེ་ནི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་རྗེས་ཏང་ཀྲུང་དབྱང་ལ་ཆོག་མཆན་ཞུ་དགོས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་གི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ལ་ཐ་ཚིག་སྒྲོག་པ་དང་ཐ་ཚིག་དྲག་པོ་སྒྲོག་པའི་ཆད་པ་གཅོད་རྒྱུར་རིམ་པ་གཅིག་ལས་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་སྤྲོད་དགོས་པ་མ་ཟད། རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུ་དགོས།
ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ས་གནས་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ལ་ཏང་ནང་གི་གོ་གནས་ཕྱིར་འཐེན་པ་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་ནང་ནས་འབུད་རྒྱུའི་ཆད་པ་གཅོད་པ་དེ་ངེས་པར་དུ་མི་དེ་གནས་སའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་མི་གྲངས་ཀྱི་སུམ་ཆའི་གཉིས་ཡན་གྱི་མི་གྲངས་མང་བས་ཐག་གཅོད་དགོས། ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ས་གནས་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔོན་ལ་གཏན་འཁེལ་བྱེད་པ་དང་། དེའི་རྗེས་སུ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་འཚོགས་ནས་ཁས་ལེན་བྱས་ཆོག ས་གནས་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ལ་གོང་དུ་བཤད་པའི་ཆད་པ་གཅོད་པར་ངེས་པར་དུ་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་པ་བརྒྱུད་དེ་རིམ་པ་དེའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་དགོས།
ཉེས་དོན་སྐོར་གྱི་བཅའ་ཁྲིམས་ལས་འགལ་བ་ཚབས་ཆེན་ཡིན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ནི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་ནང་ནས་ཕྱིར་འབུད་རྒྱུའི་ཐག་གཅོད་པ་དང་། ཉེས་དོན་སྐོར་གྱི་བཅའ་ཁྲིམས་ལ་འགལ་བ་ཚབས་ཆེན་ཡིན་པའི་ས་གནས་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ནི་རང་དང་རིམ་པ་མཉམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ནང་ནས་ཕྱིར་འབུད་བྱེད་རྒྱུ་ཐག་གཅོད་རྒྱུ།
དོན་ཚན་ཞེ་གསུམ་པ། ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་ཆད་པ་གཅོད་པའི་ཆོད་དོན་གཏན་འཁེལ་བྱེད་སྐབས། དངོས་ཐོག་བདེན་འཚོལ་གྱིས་དོན་དངོས་ལ་རྩད་ཞིབ་གསལ་བོར་བྱེད་དགོས། ཆད་པ་གཅོད་པའི་ཆོད་དོན་གྱི་གཞི་འཛིན་སའི་དོན་དངོས་ཀྱི་དཔྱད་གཞིའི་ཡིག་རིགས་དང་ཆད་པ་བཅད་པའི་ཆོད་དོན་ངེས་པར་དུ་དོ་བདག་རང་ལ་སྟོན་དགོས་པ་དང་སྦྲགས་ཁོ་རང་གིས་གནས་ཚུལ་གསལ་བཤད་དང་དག་སེལ་བྱས་པར་ཉན་དགོས། གལ་ཏེ་ཆད་པ་བཅད་པའི་ཆོད་དོན་དོ་བདག་གིས་བློ་ལ་མ་བབ་ན་རྒྱུ་མཚན་ཞུ་འབུལ་བྱས་ཆོག་ཅིང་། འབྲེལ་ཡོད་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཐག་གཅོད་རྒྱུའི་འགན་ཁུར་བའམ་ཡང་ན་མྱུར་དུ་བརྒྱུད་སྤྲོད་བྱེད་དགོས་པ་ལས་བཀག་ཉར་བྱས་མི་ཆོག ནོར་འཁྲུལ་གྱི་བསམ་འཆར་དང་ཁུངས་ལུང་མེད་པའི་རེ་འདུན་མཁྲེགས་བཟུང་བྱེད་མཁན་རྣམས་ལ་སྐྱོན་བརྗོད་དང་སློབ་གསོ་གཏོང་དགོས།
དོན་ཚན་ཞེ་བཞི་བ། ཏང་གི་སྒྲིག་ཁྲིམས་སྲུང་སྐྱོང་བྱེད་པའི་ཐད་ཏང་རྩ་འཛུགས་ལ་གལ་ཏེ་འགན་འཛོལ་བྱུང་བ་ཡིན་ན། ངེས་པར་དུ་འགན་འདེད་བྱེད་དགོས།
ཏང་གི་སྒྲིག་ཁྲིམས་ལ་འགལ་བ་ཚབས་ཆེན་ཡིན་པ་དང་རང་ཉིད་ཀྱིས་ཡོ་བསྲང་ཡང་བྱེད་མི་ཐུབ་པའི་ཏང་རྩ་འཛུགས་བྱུང་ན། རིམ་པ་གཅིག་ལས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་རྩད་ཞིབ་ཁུངས་འཚོལ་བྱས་རྗེས། གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་དེ་ཉིད་བཅོས་སྒྲིག་གམ་ཡང་ན་མི་དགོས་པར་བཟོ་རྒྱུའི་ཐག་གཅོད་བྱེད་དགོས་པ་དང་རང་ལས་རིམ་པ་གཅིག་གི་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་ཆོག་མཆན་ཞུས་ནས་ལག་ལེན་བྱེད་པ་དང་དངོས་སུ་ཁྱབ་བསྒྲགས་བྱེད་དགོས།
ལེའུ་བརྒྱད་པ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས།
དོན་ཚན་ཞེ་ལྔ་པ། ཏང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་བྱ་བ་སྤེལ་བ་དང་། ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་གཞི་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་དང་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཉིས་བརྩེགས་འོག་བྱ་བ་བསྒྲུབ་རྒྱུ། གོང་རིམ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འོག་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཏང་གི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཁུར་ཡུན་ཚད་ནི་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་ཡུན་ཚད་དང་འདྲ་མཚུངས་ཡིན།
ཏང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་འདེམ་བསྐོ་བྱེད་པ་དང་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཡང་ཞུ་རྒྱུ། ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་འདེམ་བསྐོ་བྱེད་པ་དང་། རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ནས་གྲོས་འཆམ་བྱུང་རྗེས་གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་རྒྱུ། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའམ་ཡང་ན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་འདེམ་བསྐོ་གང་བྱེད་པ་དེ་རིམ་པ་གཅིག་ལས་མཐོ་བའི་ཏང་རྩ་འཛུགས་ཀྱིས་གནས་ཚུལ་དངོས་ལྟར་ཐག་གཅོད་རྒྱུ། ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་འདེམ་བསྐོ་བྱ་རྒྱུ།
ཏང་གི་ཀྲུང་དབྱང་དང་ས་གནས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་དང་རིམ་པ་མཉམ་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ལ་ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་མངག་གཏོང་བཅའ་སྡོད་བྱ་རྒྱུ། སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་གི་ཙུའུ་ཀྲང་ནི་བཅའ་སྡོད་བྱེད་སའི་སྡེ་ཁག་གི་ཏང་གི་མགོ་ཁྲིད་རྩ་འཛུགས་ཀྱི་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས་རྒྱུ། ཁོང་ཚོའི་བྱ་བར་ལས་ཁུངས་དེའི་ཏང་གི་མགོ་ཁྲིད་རྩ་འཛུགས་ཀྱིས་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་ཞེ་དྲུག་པ། ཏང་གི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནི་ཏང་ནང་གི་ལྟ་སྐུལ་ཆེད་འགན་ཁུར་བའི་ལས་ཁུངས་ཡིན་ཞིང་། དེའི་ལས་འགན་གཙོ་བོ་ནིཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་སྲུང་སྐྱོང་བྱ་རྒྱུ་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ། ཏང་གི་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་སྲོལ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ། རུལ་སུངས་སུ་འགྱུར་བར་ངོ་རྒོལ་བྱེད་པའི་བྱ་བ་མཐུན་སྦྱོར་ཡོང་བའི་རྩ་འཛུགས་བྱེད་པར་གཞོགས་འདེགས་བྱ་རྒྱུ་བཅས་ཡིན།
ཏང་གི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་ནི་ལྟ་སྐུལ་དང་སྒྲིག་བསྟར། འགན་འདྲི་ཡིན་པས། དུས་རྒྱུན་དུ་ཏང་ཡོན་རྣམས་ལ་སྒྲིག་ཁྲིམས་བརྩི་སྲུང་བྱ་རྒྱུའི་སྐོར་གྱི་སློབ་གསོ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཆོད་དོན་གཏན་འཁེལ་བྱེད་པ་དང་། ཏང་གི་རྩ་འཛུགས་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་འགན་འཁྲི་ཁུར་ཚུལ་དང་འགན་དབང་སྤྱོད་ཚུལ་ལ་ལྟ་སྐུལ་དང་། ཏང་ཡོན་དང་མང་ཚོགས་ཀྱིས་ཉེས་འདོན་དང་ཐེར་འདོན་བྱས་པའི་གནད་དོན་བདག་སྤྲོད་དང་ཐག་གཅོད་བྱེད་པ་དང་། ཁ་བརྡ་བྱས་ནས་དྲན་སྐུལ་བྱེད་པ། སྐོང་འདྲི་དང་ཡིག་བསྐུར་འདྲི་རྩད་བཅས་བྱེད་པ། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་དང་འགལ་བའི་གྱོད་དོན་ཅུང་ཚབས་ཆེ་བའམ་རྙོག་འཛིང་ཆེ་བར་ཞིབ་བཤེར་དང་ཐག་གཅོད་བྱེད་པ། གྱོད་དོན་དེའི་ནང་ཐེ་བའི་ཏང་ཡོན་ལ་ཆད་པ་གཅོད་རྒྱུའམ་ཆད་གཅོད་ཕྱིར་འཐེན།འགན་འདྲི་དང་འགན་འཁྲི་རྩད་གཅོད་པའི་གྲོས་མགོ་འདོན་པ། ཏང་ཡོན་གྱིས་ཞུ་གཏུག་དང་རྒྱུ་མཚན་ཞུ་འབུལ་བྱེད་རིགས་བདག་སྤྲོད། ཏང་ཡོན་གྱི་ཁེ་དབང་འགན་ལེན་བཅས་བྱེད་དགོས།
རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གྱོད་དོན་ཧ་ཅང་གལ་ཆེ་བའམ་ཡང་ན་རྙོག་འཛིང་ཆེ་བ་ཐག་གཅོད་བྱེད་སྐབས་བྱུང་བའི་གནད་དོན་དང་ཐག་བཅད་པའི་མཇུག་འབྲས་དེ་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས། ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་གཞི་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་དུས་མཚུངས་སུ་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས།
རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་གནས་པ་ཤེས་ན། སྔོན་ལ་བདེན་མིན་རྩད་ཞིབ་བྱས་ཆོག་ཅིང་། གལ་ཏེ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བྱེད་དགོས་ན་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་བའི་དུས་མཚུངས་སུ། རིམ་པ་གཅིག་ལས་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས། རྒྱུན་ལས་ཨུ་ཡོན་དང་འབྲེལ་བ་ཡོད་ན་རིམ་པ་གཅིག་ལས་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས། རིམ་པ་གཅིག་ལས་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྔོན་ལ་བདེན་མིན་རྩད་ཞིབ་བྱས་ཆོག་ཅིང་། གལ་ཏེ་ཞིབ་བཤེར་ཡོད་ན་རིམ་པ་གཅིག་ལས་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་ཕུལ་རྗེས་དེ་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་དགོས།
དོན་ཚན་ཞེ་བདུན་པ། གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་འོག་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བར་ཞིབ་བཤེར་བྱེད་པའི་དབང་ཆ་ཡོད་པ་མ་ཟད། འོག་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གྱོད་དོན་ལ་ཆོད་དོན་བཞག་པར་ཆོག་མཆན་འགོད་རྒྱུ་དེ་བསྒྱུར་རྒྱུའི་དབང་ཆའང་ཡོད། གལ་སྲིད་བསྒྱུར་རྩིས་ཡོད་པའི་འོག་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་ཡོད་ན། བསྒྱུར་དོན་དེར་ངེས་པར་དུ་རང་དང་རིམ་པ་གཅིག་ལས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་འཐོབ་དགོས།
ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་གཞི་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་གྱོད་དོན་ཐག་བཅད་པའི་ཆོད་དོན་ཐད་བསམ་འཆར་མི་མཐུན་པ་ཡོད་ན། རིམ་པ་གཅིག་ལས་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་བསྐྱར་ཞིབ་བྱེད་རོགས་ཞུས་ཆོག་པ་དང་། གལ་ཏེ་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ངམ་དེའི་ཁོངས་མིར་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནས་ཚུལ་ཤེས་ཀྱང་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་མི་བྱེད་པའམ་ཡང་ན་ཐག་གཅོད་ཡང་དག་མིན་པའི་སྐབས་སུ། གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་རྒྱུ་མཚན་ཞུས་ནས་ཐག་གཅོད་རོགས་ཞུ་བའི་དབང་ཆ་ཡོད།
ལེའུ་དགུ་བ། ཏང་ཙུའུ།
དོན་ཚན་ཞེ་བརྒྱད་པ། ཀྲུང་དབྱང་དང་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། དཔལ་འབྱོར་རྩ་འཛུགས། རིག་གནས་རྩ་འཛུགས། ཏང་གི་རྩ་འཛུགས་མིན་པའི་མགོ་ཁྲིད་ལས་ཁུངས་གཞན་དག་བཅས་ཀྱི་ནང་དུ་ཏང་ཙུའུ་བཙུགས་ཆོག ཏང་ཙུའུ་ཡིས་མགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱ་རྒྱུ། ཏང་ཙུའུའི་ལས་འགན་གཙོ་བོ་ནི་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བྱེད་པའི་འགན་འཁུར་རྒྱུ་དང་། རང་གི་སྡེ་ཚན་གྱི་ཏང་གི་འཛུགས་སྐྲུན་གྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགན་འཁྲི་འཁུར་རྒྱུ། རང་གི་སྡེ་ཚན་ཀྱི་གནད་དོན་གལ་ཆེན་ལ་གྲོས་བསྡུར་དང་ཐག་གཅོད་་བྱ་རྒྱུ། ལས་བྱེད་པའི་དོ་དམ་བྱ་བ་ལེགས་སྒྲུབ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་གསར་འཛུགས་དང་ལེགས་སྒྲིག ཏང་ཡོན་སྤེལ་བ་དང་། ཏང་ཡོན་ལ་ཆད་པ་གཅོད་རྒྱུ་སོགས་དོན་དག་གལ་ཆེན་ལ་གྲོས་བསྡུར་བྱེད་པ་དང་ཐག་གཅོད་བྱ་རྒྱུ། ཏང་ཕྱིའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱིས་སྤྲད་པའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ། ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི་ཏང་རྩ་འཛུགས་ཀྱི་བྱ་བར་མགོ་ཁྲིད་བྱ་རྒྱུ་བཅས་ཡིན།
དོན་ཚན་ཞེ་དགུ་བ། ཏང་ཙུའུའི་ཁོངས་མི་ནི་ཏང་ཙུའུ་འཛུགས་རྒྱུར་ཆོག་མཆན་འགོད་མཁན་ཏང་རྩ་འཛུགས་ཀྱིས་ཐག་གཅོད་བྱ་རྒྱུ་དང་། ཏང་ཙུའུ་ནང་ཧྲུའུ་ཅི་འདེམ་བསྐོ་བྱ་རྒྱུ་དང་དགོས་པ་བྱུང་ཚེ་ཧྲུའུ་ཅི་གཞོན་པའང་འདེམ་བསྐོ་བྱས་ཆོག
ཏང་ཙུའུ་ཡིས་ངེས་པར་དུ་རང་ཉིད་བཙུགས་པའི་ཆོག་མཆན་འགོད་མཁན་ཏང་གི་རྩ་འཛུགས་ཀྱི་མགོ་ཁྲིད་ལ་བརྩི་བཀུར་བྱ་དགོས།
དོན་ཚན་ལྔ་བཅུ་བ། རང་གི་ཁོངས་སུ་གཏོགས་པའི་སྡེ་ཚན་ལ་གཅིག་གྱུར་མགོ་ཁྲིད་བྱེད་པའི་རྒྱལ་ཁབ་ཀྱི་ལས་དོན་སྡེ་ཁག་གིས་ཏང་ཨུ་བཙུགས་ཆོག་ཅིང་། ཏང་ཨུ་གྲུབ་སྟངས་དང་དེའི་འགན་དབང་། ལས་འགན་བཅས་ནི་ཀྲུང་དབྱང་གིས་ལོགས་སུ་གཏན་འབེབས་བྱ་རྒྱུ།
ལེའུ་བཅུ་བ། ཏང་དང་གུང་ཁྲན་རིང་ལུགས་
གུང་གཞོན་ཚོགས་པའི་བར་གྱི་འབྲེལ་བ།
དོན་ཚན་ང་གཅིག་པ། ཀྲུང་གོ་གུང་ཁྲན་རིང་ལུགས་གུང་གཞོན་ཚོགས་པ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་སྔོན་ཐོན་གུང་གཞོན་རྣམས་ཀྱི་མང་ཚོགས་རྩ་འཛུགས་ཤིག་དང་། རྒྱ་ཆེའི་གུང་གཞོན་རྣམས་ཀྱིས་ལག་ལེན་བྱེད་པའི་ནང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་སློབ་སྦྱོང་བྱེད་སའི་སློབ་གྲྭ་དང། ཏང་གི་ལས་རོགས་པ་དང་རྗེས་གྲབས་དམག་ཡིན། གུང་གཞོན་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དང་ལེན་དང་། གུང་གཞོན་ཚོགས་པའི་ས་གནས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དང་ལེན་བྱ་རྒྱུ་དང་ཆབས་ཅིག་ཏུ་གུང་གཞོན་ཚོགས་པའི་གོང་རིམ་རྩ་འཛུགས་ཀྱི་མགོ་ཁྲིད་དང་ལེན་བྱ་རྒྱུ།
དོན་ཚན་ང་གཉིས་པ། ཏང་གི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གིས་གུང་གཞོན་ཚོགས་པར་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དགོས་པ་དང་། གུང་གཞོན་ཚོགས་པའི་ལས་བྱེད་པ་གདམ་གསེས་དང་སྦྱོང་བརྡར་བྱེད་པར་དོ་སྣང་བྱེད་དགོས། གུང་གཞོན་ཚོགས་པས་རྒྱ་ཆེའི་གཞོན་ནུའི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། གསར་སྐྲུན་བྱེད་ཤུགས་ཆེན་པོ་ལྡན་པའི་སྒོ་ནས་བྱ་བ་སྒྲུབ་པར་ཏང་གིས་བློ་ཐག་རྦད་ཆོད་ཀྱིས་རྒྱབ་སྐྱོར་བྱས་ཏེ། གུང་གཞོན་ཚོགས་པའི་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་དང་རྒྱ་ཆེའི་གཞོན་ནུ་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
རྫོང་རིམ་པ་དང་རྫོང་རིམ་པ་མན་གྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ཁེ་ལས་དང་ལས་དོན་སྡེ་ཚན་གྱི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ནི་ཏང་ཡོན་ཡིན་ན་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཆོག
ལེའུ་བཅུ་གཅིག་པ། ཏང་རྟགས་དང་ཏང་གི་དར་ཆ།
དོན་ཚན་ང་གསུམ་པ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་ནི་ཟོར་བ་དང་ཐོ་བ་ལས་གྲུབ་པའི་རི་མོ་ཡིན།
དོན་ཚན་ང་བཞི་བ། ཀྲུང་གོ་གུང་ཁྲན་ཏང་གི་དར་ཆ་ནི་དར་ཆའི་ངོས་སུ་ཏང་རྟགས་ཀྱི་རི་མོ་གསེར་མདོག་ཅན་དྲུབས་པའི་དར་དམར་ཡིན།
དོན་ཚན་ང་ལྔ་བ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་ཏང་གི་དར་ཆ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྟགས་མཚན་དང་མཚོན་རྟགས་ཡིན།ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་ཚང་མས་ཏང་རྟགས་དང་ཏང་གི་དར་ཆའི་བརྗིད་ཉམས་སྲུང་སྐྱོང་བྱེད་དགོས། གཏན་འབེབས་ལྟར་ཏང་རྟགས་དང་ཏང་གི་དར་ཆ་བཟོ་བ་དང་བེད་སྤྱོད་བྱེད་དགོས།།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།