འཛམ་གླིང་གི་ཆེས་དོག་ཅིང་རིང་བའི་རྒྱལ་ཁབ།
ཕག་མོ་བཀྲ་ཤིས་ཀྱིས་སྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04
ཆི་ལི་སྤྱི་མཐུན་རྒྱལ་ཁབ་སྟེ་བསྡུས་མིང་ལ་ཆི་ལི་ཞེས་འབོད་པ་ནི་མེ་གླིང་ལྷོ་མའི་ལྷོ་ནུབ་དང་ཨན་ཏིས་སི་རི་རྒྱུད་ཀྱི་ནུབ་འདབས་སུ་གནས། གནའ་བོའི་དབྱིན་ཏིས་ཨན་མིའི་ཁི་ཆིའུ་ཡ་སྐད་དང་ཨེ་དབྱི་མཱ་ལཱ་སྐད་དུ་ཆི་ལི་ནི་འཛམ་གླིང་གི་བས་མཐའ་དང་གནམ་མཁའི་མཐའ་མཚམས་ཞེས་པར་འགྲེལ།
ཆི་ལི་ནི་ལོ་ན་ཤིན་ཏུ་གཞོན་པའི་རྒྱལ་ཁབ་ཅིག་ཡིན་ཏེ། རང་བཙན་བྱས་ཏེ་ལོ་ངོ་200ལྷག་ལས་འགོར་མེད་ནའང་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་། ཆི་ལི་ལ་ཕུན་སུམ་ཚོགས་པའི་གཏེར་གྱི་ཐོན་ཁུངས་དང་ནགས་ཚལ་གྱི་ཐོན་ཁུངས། ཉ་ལས་ཀྱི་ཐོན་ཁུངས་བཅས་ཡོད། འཛམ་གླིང་གི་ཟངས་གཏེར་ཆེས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཡིན་པ་དང་། འཛམ་གླིང་གི་ཟངས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པ་ཆེས་མང་བའི་རྒྱལ་ཁབ་ཀྱང་ཡིན་པས་ཀུན་གྱིས་ཟངས་གཏེར་གྱི་རྒྱལ་ཁབ་ཞེས་ཀྱང་འབོད། ཆི་ལིའི་ས་བབ་ནི་སྐམ་ཞིང་རིང་བའི་སྡོང་རིང་ཞིག་དང་འདྲ་སྟེ། བྱང་ནས་ལྷོའི་བར་གྱི་རིང་ཚད་ལ་སྤྱི་ལེ་4270ཡོད་པ་དང་ཤར་ནས་ནུབ་བར་གྱི་རིང་ཚད་ལ་སྤྱི་ལེ་180ཡོད་པས་ཀུན་གྱི་འཛམ་གླིང་གི་ཆེས་དོག་ཅིང་རིང་བའི་རྒྱལ་ཁབ་ཅེས་འབོད།
ཆི་ལི་ནི་སའི་གོ་ལའི་ཕྱེད་ལྷོ་མར་གནས་པ་དང་ས་བབ་ཀྱི་དབང་གིས་གནམ་གཤིས་ལ་སྣ་མང་རང་བཞིན་གྱི་ཁྱད་ཆོས་ལྡན། ཟླ་12པ་ནས་ལོ་གཉིས་པའི་ཟླ་3པའི་བར་ནི་ཆི་ལི་ཡི་དབྱར་ཁ་ཡིན་པ་དང་། ཟླ་3པ་ནས་ཟླ་6པའི་བར་ནི་སྟོན་ཁ། ཟླ་6པ་ནས་ཟླ་9པའི་བར་ནི་དགུན་ཁ། ཟླ་9པ་ནས་ཟླ་12བར་ནི་དཔྱིད་ཀ་ཡིན། ཆི་ལི་ཡི་དུས་བཞིའི་འགྱུར་ལྡོག་སའི་གོ་ལའི་ཕྱེད་བྱང་མ་དང་ལྡོག་པ་སྟེ། སའི་གོ་ལའི་ཕྱེད་བྱང་མའི་དབྱར་དཔྱིད་དགུན་སྟོན་བཞི་ནི་ཆི་ལིའི་སྟོན་དགུན་དཔྱིད་དབྱར་ཡིན། ཞི་བདེ་རྒྱ་མཚོ་ཆེན་མོའི་མཐའ་འཁོར་གྱི་ས་ཡོམ་རྒྱུད་དུ་གནས་པས་མེ་རི་དང་ས་ཡོམ་གྱི་བྱུང་ཚད་ཅུང་མང་། ཆི་ལིའི་བྱང་རྒྱུད་ཀྱི་ཐའོ་ཁི་ཕིས་ལི་ཡ་དང་ཨན་ཐའོ་ཧྥ་ཅཱ་སི་ཋ་གཉིས་ཀྱི་ས་ཁོངས་ཕལ་མོ་ཆེ་བྱེ་ཐང་ཡིན་ཞིང་། བཤད་རྒྱུན་ལྟར་ན་གནས་དེར་ལོ་ངོ་400ཡི་རིང་ལ་ཆར་བ་མ་བབས་པས་ཀུན་གྱིས་འཛམ་གླིང་གི་ཐན་པ་ཆེས་ཆེ་བའི་ས་ཁུལ་དུ་ངོས་འཛིན།
ཆི་ལི་ཡི་གཞུང་ཕྱོགས་ཀྱི་སྐད་ཡིག་ནི་སེ་ཕེན་གྱི་སྐད་ཡིན་ཞིང་། དབྱིན་ཏིས་ཨ་མི་འདུས་སྡོད་ཁུལ་དུ་མཱ་ཕུ་ཆི་སྐད་སྤྱོད་པ་དང་བྱང་ཕྱོགས་ཨེ་མཱ་ལཱ་མིས་ཨེ་མཱ་ལཱ་སྐད་སྤྱོད། ཆི་ལི་མིས་ཡོ་རོབ་གླིང་གི་སྲོལ་རྒྱུན་རྒྱུན་འཛིན་བྱས་པས་མི་སྒེར་གྱི་མིང་ནི་མིང་དང་རུས་ཀྱིས་གྲུབ་པ་སྟེ། མིང་སྔོན་དང་རུས་རྗེས་ན་ཡོད། རུས་ལ་ཕའི་རུས་དང་མའི་རུས་ཀྱི་རིགས་གཉིས་ཡོད་པ་དང་། ཕའི་རུས་སྔོན་དང་མའི་རུས་རྗེས་ན་ཡོད།
ཆི་ལིའི་མི་ནི་དབྱིན་ཏིས་ཨན་མི་དང་ཡོ་རོབ་གླིང་གི་ཁྲག་རྒྱུད་འདྲེས་མའི་མི་དང་མི་དཀར་པོ། དབྱིན་ཏིས་ཨན་མི་བཅས་ཀྱིས་གཙོ་བོར་གྲུབ་ཅིང་། དབྱིན་ཏིས་ཨན་མི་དང་ཡོ་རོབ་གླིང་གི་ཁྲག་རྒྱུད་འདྲེས་མའི་མིས་མི་གྲངས་ཀྱིས་ངོས་ནས་གོ་གནས་ཆེན་པོ་བཟུང་ཡོད། དབྱིན་ཏིས་ཨན་མི་ནི་ཆི་ལི་ཡི་གཞི་འཛིན་མི་རིགས་ཡིན་ཞིང་། སྔོན་ཆད་ཆི་ལིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་སོགས་ཀྱི་འཕེལ་རྒྱས་ལ་གསུབ་ཏུ་མེད་པའི་བྱས་རྗེས་བཞག་མྱངས།
བེར་ནི་ཆི་ལི་རྒྱལ་ཁབ་ཀྱི་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་གྱོན་གོས་ཤིག་ཡིན་ཞིང་།
ས་གནས་རང་གིས་མིསPonchoཞེས་འབོད། དེ་ལ་རིགས་དང་ཁ་དོག དབྱིབས་སོགས་རིགས་མི་འདྲ་བ་མང་པོ་མཆིས་པ་དང་། གཙོ་བོར་གྲང་འགོག་དྲོད་སྲུང་གི་ནུས་པ་ལྡན། བུད་མེད་རྣམས་ལྷ་ཁང་དུ་འགྲོ་སྐབས་ངེས་པར་དུ་བེར་གྱོན་དགོས་པའི་སྲོལ་ཡོད།
ཕ་དབང་ཁྱིམ་བདག་ལམ་ལུགས་ནི་ཆི་ལིའི་སྲོལ་རྒྱུན་ཁྱིམ་ཚང་སྒྲིག་གཞི་གལ་ཆེན་ཞིག་ཡིན་ཞིང་། ཁྱིམ་ཚང་གི་ལོ་ན་ཆེས་རྒན་པ་དེས་ཁྱིམ་བདག་གི་འགན་ཁུར་དགོས། ཆི་ལིའི་གཉེན་སྒྲིག་གི་ལུགས་སྲོལ་ལ་རྣམ་པ་གཉིས་མཆིས་ཏེ། གཅིག་ནི་འཇིག་རྟེན་པའི་གཉེན་སྒྲིག་ལུགས་སྲོལ་དང་གཞན་ཤོས་ནི་ཆོས་ལུགས་པའི་གཉེན་སྒྲིག་ལུགས་སྲོལ་ཡིན། འཇིག་རྟེན་པའི་གཉེན་སྒྲིག་ལུགས་སྲོལ་ལ་ཁྲིམས་ཀྱིས་ཁས་ལེན་ཞིང་། ཆོས་ལུགས་པའི་གཉེན་སྒྲིག་ལུགས་སྲོལ་ནི་ཁྲིམས་ཀྱི་ཁས་ལེན་མེད་པའི་དད་མོས་ཀྱི་ཆོས་ལུགས་ཆོ་ག་ཞིག་ཡིན། གནམ་བདག་ཆོས་ལུགས་ཀྱི་དད་ལྡན་པས་སྤྱིར་བཏང་དུ་ལུགས་སྲོལ་གཉིས་ཀ་བརྩི་ཞིང་། འབྱོར་འཁོས་ཞན་ཞིང་གྲོང་ཁྱེར་དང་ཁ་ཐག་རིང་བའི་ས་ཁུལ་དག་ཏུ་འཇིག་རྟེན་པའི་གཉེན་སྒྲིག་ལུགས་སྲོལ་གཙོར་འཛིན་པ་དང་། ས་ཆ་ལ་ལར་གཉེན་མི་སྒྲིག་པའི་སྲོལ་ཡང་ཡོད།
ཆི་ལི་ཡི་མི་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་གོ་རིམ་ཁྲོད་མེས་པོ་གོང་མ་དག་ལས་རྒྱུན་འཛིན་བྱས་པའི་གུས་སྲོལ་ལ་མཐོང་ཆེན་བྱེད་པ་ཡིན། རྒྱུས་ཡོད་ཀྱི་མི་གཉིས་མཉམ་དུ་འཕྲད་སྐབས་ཕན་ཚུན་འཐམ་པ་དང་མཆུ་སྦྱོར་གྱི་སྲོལ་བརྩི་ལ། ན་གཞོན་དང་འཕྲད་སྐབས་ཞྭ་ཕུད་ནས་གུས་ལུགས་མཚོན་པ་དང་། གཉེན་མ་སྒྲིག་པའི་ན་གཞོན་ཕོ་མོ་ལ་སྐུ་སྲས་དང་སྲས་མོ་ཞེས་བོས་ནས་གུས་པ་མཚོན་པར་བྱེད། གྲངས་ཀའི་ཁྲོད་དུ་ལྔ་ནི་བཀྲ་མི་ཤེས་པའི་གྲངས་ཀ་ཞིག་ཏུ་བརྩི་བ་སོགས་ཀྱི་ལུགས་སྲོལ་མང་ངོ་། །(རྩོམ་པ་པོ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ཡིན།)