ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་མཚམས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་པའི་གནད་འགག་ཆེ་བའི་དུས་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་ཟླ10བའི་ཚེས18ཉིན་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས།
ཞི་ཅིན་ཕེན་གྱིས་ཚོགས་ཆེན་ཐེངས་བཅུ་དགུ་བར་ཕུལ་བའི་སྙན་ཞུའི་ནང་གི་བསམ་བློ་གསར་བ་དང་ཆོད་གཏམ་གསར་བ། བཤད་སྲོལ་གསར་བ། བྱེད་སྟངས་གསར་བ་བཅས་ལ་དོ་སྣང་རྒྱ་ཆེན་པོ་དང་ཚུར་སྣང་ལན་ཆ་དྲག་པོ་བྱུང་།
ལོ་རྒྱུས་ཀྱི་ཕྱོགས་མཚམས་གསར་བ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་པ།
སྙན་ཞུའི་ནང་ཀྲུང་གོ་གོང་དུ་འཕེལ་བའི་ལོ་རྒྱུས་ཁ་ཕྱོགས་གསར་བ་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་ཡོད་པ་བཏོན། འདི་ནི་ཚོད་དཔག་གལ་ཆེན་ཞིག་ཡིན།
དུས་རབས་གསར་བར་སླེབས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་མཐོང་རྒྱ་དང་། ལོ་ངོ40ཙམ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་བརྒྱུད་རིམ། འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ལོ5ཡི་ནང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གྱི་ཕྱོགས་མཚམས་དཔག་ཅིག་ཡིན།
དུས་རབས་གསར་བ་འདི་ནི་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པའི་དུས་རབས་ཤིག་ཡིན། སྙན་ཞུའི་ནང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ལག་ལེན་གསར་བ་དང་གྲུབ་འབྲས་གསར་བར་རྐང་བཙུགས་ཏེ། དུས་རབས་འདིའི་དུས་དཀྱིལ་བར་གྱི་འབད་བརྩོན་དམིགས་འབེན་ཇུས་འགོད་བྱས།
ཕྱོགས་མཚམས་ཀྱིས་འཆར་གཞི་ཆེན་པོ་ཐག་བཅད་པ་རེད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཏུ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་དགོས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་དུས་རབས་གསར་བའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་ལ། དེ་ནི་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་འདུན་མའང་ཡིན། སྙན་ཞུའི་ནང་དུས་རབས་གསར་བར་ཕྱིན་ནས་རླབས་ཆེན་གྱི་འདུན་མ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་བཟོ་འགོད་འཛུགས་སྐྲུན། རླབས་ཆེན་གྱི་ལས་དོན་ལ་སྐུལ་འདེད་བཅས་བྱེད་དགོས་ཞེས་བཏོན།
རིགས་པའི་གཞུང་ལུགས་ཀྱི་གསར་སྐྲུན་གྲུབ་འབྲས་གསར་བ་སྟེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ།
འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བས་རིགས་པའི་གཞུང་ལུགས་ཀྱི་གསར་སྐྲུན་གྲུབ་འབྲས་གལ་ཆེན་བཏོན་ཏེ་བསྟན་དོན། དུས་རབས་གསར་བའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་མར་ཁེ་སི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་བ་ཡིན་པ་དང་། དེ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་ཆེས་གསར་བ་ཡིན།
དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕེན་གྱི་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སྙིང་བསྡུས་གང་ལེགས་བྱས་པ་ཡིན་ལ། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་གི་བློ་རིག་ཉིང་བཅུད་ཡིན། སྙན་ཞུའི་ནང་དུས་རབས་གསར་བའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི"ཁ་གསལ་བརྒྱད"དང"རྒྱུན་འཁྱོངས་བཅུ་བཞི"ལས་གྲུབ་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་དུ་འཕེལ་བའི་གཞི་རྩའི་ཐབས་ཇུས་བཏོན། དེ་གཉིས་ཕན་ཚུན་གཅིག་གྱུར་བྱས་ནས་མཉམ་དུ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་གཞི་སྒྲོམ་གྲུབ།
དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་བསམ་བློའི་མཚོན་ཆ་ཡིན། སྙན་ཞུའི་ནང་མི་སེམས་ལ་སྐུལ་མ་ཐེབས་པའི་ངང་དུས་རབས་ཉེར་གཅིག་པའི་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱིས་ངེས་པར་དུ་སྔར་ལས་གོ་སྐོན་བློ་འགུག་གི་ནུས་པ་ཆེན་པོ་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་མངོན་ཐུབ་ངེས་ཡིན་ཞེས་བསྟན་ཡོད།
སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གསར་བ་སྟེ། "མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར"གྱུར་ཡོད།
འདས་པའི་དུས་ཡུན་རིང་པོ་ཞིག་གི་ནང་ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་རྒྱས་བཤད་ཚང་མ་ནི"མི་དམངས་ཀྱི་ཉིན་རེ་བཞིན་འཕར་བའི་དངོས་པོའི་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཡིན་པའི་སྤྱི་ཚོགས་ཐོན་སྐྱེད་བར་གྱི་འགལ་བ"ཡིན། འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བསྟན་དོན། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ"མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར"གྱུར་ཡོད།
མིག་སྔར་མི་དམངས་ཀྱིས་འཚོ་བ་སྐྱིད་པོའི་དགོས་མཁོ་དེ་དངོས་པོའི་རིག་གནས་འཚོ་བར་རེ་བ་ཆེན་པོ་བཅངས་ཡོད་པ་མ་ཟད། ད་དུང་དམངས་གཙོ་དང་ཁྲིམས་སྐྱོང་། དྲང་གཞག དྲང་བདེན། བདེ་འཇགས། ཁོར་ཡུག་ལ་སོགས་པའི་ཕྱོགས་ཀྱི་རེ་བ་ཡང་ཉིན་རེ་བཞིན་འཕར་བཞིན་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྤྱི་ཁོག་ནས་མཐོར་འདེགས་མངོན་གསལ་བྱུང་ཡོད་པས། འབུར་དུ་ཐོན་པའི་འགལ་བ་ནི་མཁར་གྲོང་དང་ས་ཁོངས། ཡོང་སྒོའི་བགོ་བཤའ་སོགས་སུ་གནས་པའི་དོ་མི་མཉམ་པ་དང་མི་ལེགས་པ་སོགས་ཀྱི་གནད་དོན་ཡིན། འདི་ནི་མི་དམངས་ཀྱི་ཉིན་རེ་བཞིན་འཕར་བའི་འཚོ་བ་སྐྱིད་པོའི་དགོས་མཁོའི་འགལ་རྐྱེན་གཙོ་བོར་གྱུར་ཡོད།
སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་དེ་ཁྱོན་ཡོངས་དང་འབྲེལ་བ་དང་། ཤུགས་རྐྱེན་ཆེན་པོ་ཡོད་པས། དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་བར་བླང་བྱ་གསར་བ་མང་པོ་བཏོན་ཡོད། སྙན་ཞུས་དམིགས་བསལ་དུ་བསྟན་དོན། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དེས་ང་ཚོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་གནས་སའི་ལོ་རྒྱུས་དུས་མཚམས་ཀྱི་རྩད་ཆོད་བསྒྱུར་མེད་ལ། རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་གནས་ཡོད་པ་དང་ཡུན་རིང་དུ་གནས་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་བསྒྱུར་མེད།
འབད་བརྩོན་གྱི་དམིགས་འབེན་གསར་བ་སྟེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་པ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་བར་ཡིན།
འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་ནས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བའི་བར་ནི"ལོ་བརྒྱ་ཕྲག་གཉིས"ཀྱི་འབད་བརྩོན་དམིགས་འབེན་གྱི་ལོ་རྒྱུས་བར་མཚམས་ཡིན། སྙན་ཞུས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་པ་དང་། ལོ་བརྒྱའི་འབད་བརྩོན་དམིགས་འབེན་ཨང་དང་པོ་མངོན་འགྱུར་བྱེད་དགོས་ལ། གནས་བབ་དང་བསྟུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་ཡང་བཏོད་ནས་ལོ་བརྒྱའི་འབད་བརྩོན་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་དགོས། འབད་བརྩོན་དམིགས་འབེན་གསར་བའི་བར་ཐག་ནི"ད་ལྟ་ནས་དུས་རབས་འདིའི་དཀྱིལ་བར"ཡིན། འདི་དམིགས་འབེན་གསུམ་དང་དུས་མཚམས་གཉིས། རིམ་པ་གཉིས་བཅས་སུ་བགོས་ཆོག་ལ། དེ"ཉེ་ལམ་དང་བར་མ། རྒྱང་རིང"བཅས་ཀྱི་དམིགས་འབེན་ལ་ཟུང་འབྲེལ་ནུས་ལྡན་བྱས་ཡོད། སྙན་ཞུའི་ནང་བཏོན་པ་ལྟར་ན། "དམིགས་འབེན་གསུམ"ནི་སོ་སོར2020ལོར་ཐོན་དུས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཏེ། ལོ་བརྒྱའི་འབད་བརྩོན་དམིགས་འབེན་ཨང་དང་པོ་མངོན་འགྱུར་བྱེད་དགོས། 2035ལོའི་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་དགོས། དུས་རབས་འདིའི་དུས་དཀྱིལ་བར་འབྱོར་ཕྱུག་དམངས་གཙོ་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་དགོས། "དུས་མཚམས་གཉིས"དང"རིམ་པ་གཉིས"ནི2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་ལ་འབད་བརྩོན་གཉིས་སུ་བགོས་པ་དང་ལོ15རུ་བཀོད་སྒྲིག་བྱས་པ་ཡིན།
དོ་སྣང་བྱེད་དགོས་པ་ནི། སྙན་ཞུའི་ནང་བཏོན་པའི"2035ལོའི་བར་གྱི་དམིགས་འབེན"ནི་རང་རྒྱལ་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལྟར། སྔོན་ཆད་བཏོན་པའི་ལོ་བརྒྱའི་འབད་བརྩོན་དམིགས་འབེན་གཉིས་པ་དང་དུས་རབས་འདིའི་དུས་དཀྱིལ་བར་ཐོབ་དགོས་པའི་འཕེལ་རྒྱས་ཆུ་ཚད་དེ2035ལོར་སྔ་སྣུར་བྱས་ནས་མངོན་འགྱུར་བྱེད་རྒྱུ་ཡིན་པས། དུས་ཡུན་ལོ15ཇེ་ཐུང་དུ་བཏང་།
འཕེལ་རྒྱས་འཐབ་ཇུས་དམིགས་འབེན་བཙུགས་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་དགོས།
འཕེལ་རྒྱས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་གལ་ཆེན་ཞིག་ཡིན། ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་འཕེལ་ཚད་དེ་མགྱོགས་པ་ནས་སྤུས་ལེགས་སུ་འཕར་བའི་དུས་མཚམས་སུ་བསྒྱུར་ཏེ། འཕེལ་ཐབས་སྒྱུར་བ་དང་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྱུར། འཕར་ཤུགས་སྤོ་སྒྱུར་བཅས་ཀྱི་གནད་འགག་གི་དུས་སུ་གནས་འདུག དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་ནི་འགག་རྒྱ་ལས་བརྒལ་བའི་བླང་བྱ་གལ་ཆེན་དང་རང་རྒྱལ་འཕེལ་རྒྱས་འཐབ་ཇུས་ཀྱི་དམིགས་འབེན་ཡིན།
མི་རྣམས་ཀྱིས་དོ་སྣང་བྱེད་བཞིན་པ་ནི། སྙན་ཞུའི་ནང་བཏོན་པའི་འཕེལ་རྒྱས་དམིགས་འབེན་ཏེ་སྤྱི་ཡོངས་རང་བཞིན་དང་སྤྱིའི་ཁྱབ་ཚུལ་ལ་དོ་སྣང་བྱེད་རྒྱུ་དེ་ཡིན། འདི་ནི་རང་རྒྱལ་དུས་རབས་གསར་བར་སླེབ་པའི་ཁྱད་ཆོས་ལ་རག་ལས་ཡོད་པ་དང་། དཔལ་འབྱོར་གྲངས་ཀ་ཅན་གྱི་དམིགས་འབེན་ཙམ་གྱིས་ལས་སླ་མོའི་ངང་ཡིད་ཚིམ་ཐུབ་མེད།
སྙན་ཞུའི་ནང་བསྟན་དོན། ངེས་པར་དུ་སྤུས་ཀ་དང་པོ་དང་ཕན་འབྲས་སྔོན་ཐོན་རྒྱུན་འཁྱོངས་བྱས་ཏེ། འདོན་སྤྲོད་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་བོ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཀ་བཅོས་སྒྱུར་དང་ལས་ཆོད་བསྒྱུར་བཅོས། སྒུལ་ཤུགས་བཅོས་སྒྱུར་བཅས་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་གསར་སྐྲུན་ནུས་ཤུགས་དང་འགྲན་རྩོད་ནུས་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།
ཏང་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ་གསར་བ་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་གཙོ་བོར་བཞག་ཡོད།
དུས་རབས་གསར་བར་སླེབས་རྗེས་ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བཟོ་འགོད་གསར་བས་གཅིག་འདོམས་དང་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཡོད། འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བསྟན་དོན། རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་ལས་དོན་ལ་སྐུལ་འདེད། རླབས་ཆེན་གྱི་འདུན་མ་མངོན་འགྱུར་བཅས་བྱེད་ན་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས།
སྙན་ཞུར་བལྟས་པ་ན། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་འཆར་གཞི་ཆེན་པོའི"རྒྱུན་འཁྱོངས14"ནང་གི"མགོ་གཅིག་མཇུག་གཅིག"གི་དོན་ཚན་དང་པོ་དང་བཅུ་བཞི་བ་སོ་སོ་ནི"ཏང་གིས་བྱ་བ་ཡོད་ཚད་ལ་མཐའ་གཅིག་ཏུ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས"དང"ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས"ཞེས་བསྟན་ཡོད་པ་དང་། སྙན་ཞུའི་མཇུག་ཏུ་ཡང"བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱས་ནས། ཏང་གིས་སྲིད་སྐྱོང་བའི་ནུས་པ་དང་མགོ་ཁྲིད་ཆུ་ཚད་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས"ཞེས་ཡང་བསྐྱར་ནན་གྱིས་བསྟན་ཡོད་ལ། དུས་རབས་གསར་བར་ཏང་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ་གསལ་བོར་བཏོན་ཡོད།
སྙན་ཞུའི་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་པས། རང་རེའི་ཏང་ལ་ངེས་པར་དུ་རྣམ་པ་གསར་བ་དང་བྱེད་སྟངས་གསར་བ་ཡོད་དགོས། "སྐོར་གཟིགས་སྐོར་ཞིབ་དང་གོང་འོག་སྐུལ་ཁྲིད་ཀྱི་ལྟ་སྐུལ་དྲ་བ་འཛུགས་པ"དང"རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱེད་པ"སོགས་བྱེད་ཐབས་སྙན་ཞུའི་ནང་བཀོད་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་མ་ལག་ཆ་ཚང་དང་དམ་ཚགས་བཀོད་ཡོད།
དུས་རབས་གསར་བ་དང་མཐུན་པའི་བྱེད་ཐབས་གསར་བ་བཏོན་ཏེ། འཆར་གཞི་ལྟར་བསྒྲུབ་པར་ཁག་ཐེག་བྱས།
སྙན་ཞུའི་ནང་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཕྱོགས་སོ་སོར་བྱེད་ཐབས་གསར་བ་བརྒྱ་ལྷག་བཏོན་པས། འཕེལ་རྒྱས་གསར་བར་སྐུལ་འདེད་དང་དམིགས་འབེན་གསར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་ནུས་པ་གལ་ཆེན་ཐོན་ཡོད།
དམངས་འཚོ་ལེགས་སྒྱུར་གྱི་བྱེད་ཐབས་ནང"བྱིས་པར་གསོ་སྦྱོང་ཡོད་པ"དང"ཉམས་ཞན་ལ་རོགས་སྐྱོར་ཡོད་པ"ཞེས་པ་གསར་དུ་བསྣན་ཏེ། བྱིས་པ་ལ་སྙོར་སྐྱོར་དང་གཅེས་སྐྱོང་། ལུས་ཕུང་དབང་བོ་སྐྱོན་ཅན་དང་ཉམས་ཞན་ཡིན་པ་དང་། ཡོང་སྒོ་ཉུང་བ་སོགས་ཀྱི་མི་ཚོགས་ལ་རོགས་སྐྱོར་བྱེད་དགོས། "ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ཐབས"བཏོན་པ་དང་། "ཞིང་གསུམ"ལ་ཤུགས་སྣོན་སོགས་སྙན་ཞུའི་ནང་ཕྱོགས་མང་བ་དང་རིམ་པ་མང་བའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་ཐུབ་ངེས་ཡིན།
བསྟན་རིན་ཡོད་པ་ཞིག་ནི། སྙན་ཞུའི་ནང་མ་འོངས་པའི་སྐྱོད་ལམ་དུ"གནས་ལྔ་ཕུང་གཅིག"གི་སྤྱི་ཁོག་ཁྱབ་ཚུལ་དང"ཁྱོན་ཡོངས་བཞི"ཡི་འཐབ་ཇུས་ཁྱབ་ཚུལ་ནན་གྱིས་བསྟན་པ་དང་། དུས་མཉམ་དུ་དུས་རབས་གསར་བའི་བླང་བྱ་ལྟར་བྱེད་ཐབས་གསར་བ་མང་པོ་བཏོན་པས། འཆར་གཞི་ཆེན་པོ་ལྟར་སྒྲུབ་པར་ཁག་ཐེག་བྱས།།
(གནམ་མཚོས་བསྒྱུར། )