དང་པོ། འབྲོག་པའི་གཉེན་སྒྲིག
༡. ཕོ་མོ་མོས་མཐུན་གྱི་གཉེན་སྒྲིག
འདི་ནི་གཞོན་ནུ་ཕོ་མོ་རྣམས་དུས་རྒྱུན་ལས་ཀ་མཉམ་པོར་འཛོམས་ནས་ཕན་ཚུན་བརྩེ་བ་ཆགས་ཏེ་རང་མོས་ཀྱི་སྒོ་ནས་ལྷན་དུ་ཁྱིམ་གསར་འཛུགས་པ་ལ་ཟེར། དེ་ཡང་ཞིང་པ་ཡིན་ན་གྲོང་པའི་ཕོ་གསར་དང་མོ་གསར་མང་པོ་ལྷན་དུ་ཞིང་ཁ་ན་ལས་ཀ་བྱེད་སྐབས་ཕན་ཚུན་ངོ་ཤེས་པར་གྱུར་བ་དང་། འབྲོག་པ་ཡིན་ན་ཉིན་ལྟར་ཕྱུགས་རྫི་ལྷན་དུ་འགྲོ་ནས་ཕན་ཚུན་འདྲིས་འགྲོ་ཞིང་ཡོད་པ་རེད། སྐབས་དེར་ཕོ་མོ་ཕན་ཚུན་སེམས་པ་ཤོར་ན་བརྡ་གཏོང་ཞིང་ཡོད་པ་རེད། ཞིང་འབྲོག་ས་ཁུལ་གྱི་མི་དེ་དག་ཕལ་ཆེ་བ་ཡིག་རྨོངས་ཡིན་སྟབས་ཁོ་ཚོས་ཡི་གེའི་ལམ་ནས་འབྲེལ་བ་བྱེད་མི་ཐུབ་ཀྱང་། གཙོ་བོ་ཁོ་ཚོས་གླུ་གཞས་གཏོང་ནས་ཕན་ཚུན་དགའ་རེས་ཡོད་མེད་བརྡ་ལེན་གཏོང་བཞིན་ཡོད་པ་སྟེ། དེ་ཡང་བུ་ཞིག་བུ་མོ་ཞིག་ལ་དགའ་ན་ཁོ་རང་གི་གླུ་གཞས་ཀྱི་ལམ་ནས་དགའ་བའི་བརྡ་སྟོན་ཞིང་། བུ་མོ་དེ་ཚུར་ལ་དགའ་ཞིང་ཡོད་མེད་སྐད་ཆ་འདྲི་ཞིང་ཡོད་པ་རེད། དེ་ལྟ་བུའི་སྙན་ངག་དེ་དག་བོད་མི་ཚོའི་ཁ་ལ་རང་བཞིན་དུ་གནས་ཡོད་པ་རེད་མ་གཏོགས་ཁོ་ཚོས་སྙན་ངག་གི་གཞུང་ལ་སློབ་སྦྱོང་བྱེད་རྒྱུ་འདྲ་པོ་རྩ་བ་ནས་ཡོད་པ་མ་རེད། དེ་འདྲ་བྱས་ནས་ཁོ་རང་ཚོ་རང་བཞིན་གྱིས་དགའ་རོགས་བསྒྲིགས་ནས་སོ་སོའི་ཁྱིམ་ཚང་ནས་ཕྱིར་ཐོན་སྟེ་རང་ལ་དབང་བའི་ཁྱིམ་གསར་ཞིག་ཐུན་མོང་དུ་འཛུགས་ཞིང་ཡོད་པ་དེ་ལ་གཞིས་བཟུང་དང་། ཁམས་ཕྱོགས་ཀྱི་ཡུལ་སྐད་ལ་མྱེ་འབུད་ཅེས་ཟེར་ཞིང་ཡོད་པ་རེད།
༢.མག་པ་བསུ་བ།
མི་ཚང་ཞིག་གི་ནང་དུ་བུ་མོ་མ་གཏོགས་བུ་མེད་ན། བུ་མོ་དེ་ལ་ཕ་མའི་བློ་དང་མཐུན་པའི་ཁྱོ་ཀ་ཞིག་བཙལ་ནས་ནང་དུ་བསུ་ཞིང་ཡོད་པ་དེ་ལ་མག་པ་བསུ་ཟེར། དེ་ལ་དང་པོ་མག་པ་སློང་དུས་བུ་མོའི་ཕ་མའི་བློ་ལ་བབས་པའི་བུ་གང་ཞིག་གི་ཁྱིམ་ཚང་ལ་འབྲེལ་བ་བྱེད་ནས། དར་དཀར་ཞིག་གིས་སྣེ་དྲངས་ཏེ་སློང་རྟེན་གྱི་ནོར་རྫས་གང་འཚམས་ཞིག་ཁྱེར་སྟེ་ཕ་རོལ་པོའི་ཁྱིམ་དུ་འགྲོ་ཞིང་ཡོད་པ་རེད། དེ་ནས་བློ་བབས་བྱུང་ཚེ་ཕྱོགས་གཉིས་ཀ་བློ་བབས་ཡོད་པའི་གཟའ་སྐར་བཟང་པོའི་དུས་ཚོད་ཞིག་གཏན་འཁེལ་བྱ་ཞིང་། དུས་ཐོག་ཏུ་བུ་མོའི་ཁྱིམ་དུ་མག་པ་དེ་བསུ་འགྲོ་ཞིང་ཡོད་པ་རེད། མག་པ་བསུ་བའི་ཉིན་དེར་བུ་མོའི་ཉེ་བའི་ཕྱོགས་ནས་རྐྱ་མི་ཁ་ཤས་ཞིག་བཟའ་ཆས་ལེགས་པར་སྤྲད་ནས་ལམ་བར་བསུ་སར་འགྲོ་དགོས་ཞིང་ཡོད་པ་དང་། ཁྱོ་ཀ་རང་གི་ཕྱོགས་ནས་ཀྱང་གཉེན་ཉེ་དང་སྤུན་སོགས་ཀྱིས་བཟའ་ཆས་ལེགས་པར་སྤྲད་དེ། གྲི་བོག་རྟ་གསུམ་སྟེ་ཕ་ཆས་སྣེ་གསུམ་གྱི་ཐོག་དྲངས་པའི་རང་ནོར་གང་འཚམས་ཞིག་དང་བཅས་ཏེ་སྐྱེལ་དགོས་ཞིང་ཡོད་པ་རེད། ཉིན་དེ་ནས་བཟུང་བུད་མེད་ཕྱོགས་ཀྱི་ཁྱིམ་བདག་ཆགས་ཚར་པ་རེད།
༣.མནའ་མ་བསུ་བ།
གོང་གསལ་ལྟར་བུ་མང་པོ་ཡོད་པའི་མི་ཚང་དེས་རང་གི་བློ་ཁ་དང་མཐུན་པའི་མི་ཚང་ཞིག་གི་བུ་མོ་མནའ་མ་སློང་སར་འགྲོ་ཞིང་ཡོད་པ་རེད། མནའ་མ་སློང་ཚུལ་དང་བསུ་ཚུལ་གོང་གི་མག་པའི་སྐབས་དང་མཚུངས་ལ། ནོར་སྐལ་གཟི་བྱུར་སྤོས་གསུམ་དང་གསེར་དངུལ་གྱི་རྒྱན་ཆ་རང་ལ་གང་ཡོད་པའི་ནོར་རུ་རྣམས་དང་། རྟ་ནོར་ལུག་གསུམ་སོགས་རང་ལ་གང་འཚམས་ཀྱི་ནོར་སྐལ་དང་བཅས་མནའ་མ་བརྫངས་ཤིང་ཡོད་པ་རེད། བུ་མོ་ནོར་དང་བརྗེ་བ་རྒྱ་ནག་གི་ལུགས་སྲོལ་དང་། བག་མ་ནོར་དང་ལྷན་དུ་བསུ་བ་རྒྱ་གར་གྱི་ལུགས་སྲོལ་ལྟར་མཐའ་གཉིས་སུ་ལྷུང་བ་མ་ཡིན་པ། ཕོ་མོ་སུ་ཡིན་ཀྱང་རང་གི་ནོར་སྐལ་དང་ལྷན་ཏུ་ཁྱིམ་གྱི་ཁབ་ཏུ་བསུ་བ་ནི་བོད་གངས་ཅན་པའི་ལུགས་སྲོལ་ཡིན་ནོ།
དེ་ཡང་བུ་རེ་ལ་མནའ་མ་རེ་བསུ་རྒྱུ་དང་། བུ་སྤུན་གཉིས་གསུམ་རེ་ལ་མནའ་མ་གཅིག་བསུ་རྒྱུའི་ལུགས་སྲོལ་ཡང་ཡོད་པ་རེད། ཡིན་ནའང་བུ་མོ་སྤུན་གཉིས་གསུམ་རེ་ལ་མག་པ་རེ་ལེན་རྒྱུའི་ལུགས་སྲོལ་རྩ་བ་ནས་ཡོད་པ་མ་རེད། དེ་ཡང་རྒྱུ་མཚན་གཙོ་བོ་སྐྱེས་པ་རྣམས་བུད་མེད་ཀྱི་ཆེད་དུ་ཕྲག་དོག་དང་མིག་སེར་ཆུང་ཞིང་། བུ་སྤུན་བར་གྱི་བརྩེ་དུང་དེ་ལས་ཟབ་ཞིང་ཡོད་པ་དང་། བུད་མེད་རྣམས་སྤུན་མཆེད་བར་ལ་བརྩེ་དུང་ཟབ་ནའང་མིག་སེར་གྱི་ནུས་སྟོབས་དེ་སྐྱེས་པ་ལས་ཆེ་བ་ཡིན་པ་འདྲ་བར་སེམས། གཞན་ཡང་བླ་མས་བག་ཆོག་འདོན་ཞིང་གཡང་ལེན་བྱེད་པའི་ཚུལ་དང་། ཁ་ལྕེ་བདེ་པོས་བག་བཤད་བྱ་ཚུལ། ནང་དུ་བག་སྟོན་གྱི་བཟའ་ཆས་བཤམས་ཚུལ་སོགས་ལག་ལེན་རྒྱས་པ་ཡོད་པ་རེད།
འབྲོག་མི་དག་གི་ཉེ་ཚན་ནི་མི་རབས་བདུན་བརྒྱུད་ཀྱི་བར་དུ་བརྩི་ཞིང་། ཕན་ཚུན་གཉེན་སྒྲིག་བྱེད་འོས་པའང་མི་རབས་བདུན་བརྒྱུད་ཀྱི་ཉེ་ཚན་མ་ཡིན་པ་ཞིག་དགོས་ཀྱི་ཡོད་པ་རེད། གལ་ཏེ་ཉེ་ཚན་འགའ་ཞིག་མི་རབས་བདུན་བརྒྱད་མ་བརྒལ་བའི་གོང་དུ་གཉེན་གསར་བྱས་པ་ཡིན་ན། དེ་ནི་ཐན་ཞེས་བྱ་བ་སྟེ་ངོ་ཚ་ཧ་ཅང་ཆེ་བར་བརྩི་ཞིང་། འབྲོག་མི་དག་གི་ལྷན་སྐྱེས་ཀྱི་བསམ་པ་སྤྱོད་ཚུལ་དེས་ནི་ཡུལ་ཁམས་དེར་བཀྲ་མི་ཤིས་པར་བྱེད་དེ། མི་ཕྱུགས་ལ་ནད་ཡམས་དང་གོད་ཁ་འབྱུང་བ་དང་། ངོ་ཚ་བསྲེས་པ་ལས་ཆད་པའི་མི་བརྒྱུད་དེ་ནི་ནལ་ཞེས་བྱ་བ་སྟེ་མིའི་རིགས་སྡུག་པོ་དང་མི་གཙང་བ་ཞིག་ཏུ་ངོས་འཛིན་བྱེད་ཅིང་ཡོད་པ་རེད། འབྲོག་མི་དག་གིས་ལྷ་གསོལ་བྱེད་པའི་སྐབས་སུ་ནལ་གྱི་རིགས་ཅན་དག་གིས་བསངས་ཤིང་དང་བསངས་རྫས་འབུལ་མི་ཆོག་ཅིང་། གལ་ཏེ་ཕུལ་བ་ཡིན་ན་ཡུལ་ལྷ་ལ་མནོལ་གྲིབ་ཕོག་ནས་ཉམས་པར་འགྱུར་བ་དང་། འབྲོག་མིའི་ཕྲུ་གུ་བཙལ་བའི་ཚེ་ནལ་གྱི་རིགས་ཅན་དག་མདུན་ན་འགྲོ་མི་ཆོག་པ་དང་ཕྲུ་གུ་ལ་ལག་པས་རེག་མི་ཆོག་ཅིང་། གལ་ཏེ་ཕྲུ་གུར་རེག་པ་ཡིན་ན། ཕྲུ་གུ་ལ་ནལ་གྲིབ་ཕོག་ནས་འཚོ་དཀའ་བའམ། ཡང་ན་ཕྲུ་གུའི་ངག་ལྐུགས་པའམ། རིག་པ་མི་གསལ་བ་སོགས་འགྱུར་བར་ཡིད་ཆེས་བྱེད་ཅིང་ཡོད་པ་རེད། མདོར་ན་ནལ་ཞེས་པ་དེ་མཚན་མ་ཧ་ཅང་ངན་པར་བརྩི་ཞིང་འབྲོག་མི་ཀུན་གྱི་སྤང་བྱའི་གཞི་ཞིག་ཡིན་པར་བརྟེན། འབྲོག་ཡུལ་དེ་དག་ཏུ་ནལ་གྱི་མི་རྒྱུད་ནི་སྲིད་མཐའ་ཙམ་ལས་མེད་པའམ་ཤིན་ཏུ་དཀོན་པ་ཡིན་ནོ།
གཉིས་པ། འབྲོག་པའི་རྔོན་ཁྲིམས།
འབྲོག་ཡུལ་གང་དུ་ཡིན་ཡང་རུང་། ཡུལ་སོ་སོའི་བླ་རི་དང་གཞི་བདག་གམ། ཡང་ན་དགོན་པ་ཁག་གི་བཀག་རི་རྣམས་ནས་རི་དྭགས་ཆེ་ཕྲ་མཐའ་དག་གསད་མི་ཆོག་ཅིང་། གལ་ཏེ་གསོད་མཁན་ཞིག་བྱུང་ན། དེ་མ་ཐག་ཏུ་ཡུལ་དེའི་མི་སྡེའི་ཚོས་རྗེས་འདེད་བྱེད་ཅིང་། སེམས་ཅན་གང་བསད་པ་དེའི་རོ་དང་། གསོད་མཁན་གྱི་རྟ་བོག་རྣམས་འཕྲོག་སྟེ་ཡུལ་དེའི་གླང་ཟླའི་བཞི་རྒྱལ་གྱི་རྟེན་ཐེབས་སུ་འཇོག་གི་ཡོད་པ་རེད། གལ་ཏེ་གསོད་མཁན་དེ་མི་སྡེའི་དཔུང་ཚོགས་ཤིག་ཡིན་ན་དེར་ཡོད་དགོན་པ་གང་རུང་གིས་བར་འདུམ་བྱེད་ཅིང་། རྔོན་པ་ཚོས་གང་བསད་པའི་རོ་དང་། རྟ་བོག་ཆ་གཅིག་གིས་བཤགས་པ་འབུལ་དགོས་པ་དང་། གལ་ཏེ་རྔོན་པ་ཚོས་ཁས་མ་བླངས་ན་ཡུལ་དེ་དང་མི་ཚོགས་དེའི་བར་ཏིས་རྩོད་ཀྱི་གཞི་ཆེན་པོར་འགྱུར་གྱི་ཡོད། འོན་ཀྱང་འབྲོག་མི་ཚོས་གཞི་བདག་དང་བཀག་རི་རྣམས་ལས་རི་དྭགས་བསད་ན་རང་རང་གི་ཁ་ཞེ་གུད་པ་དང་། ཚེ་ཐུང་བ་དང་། གང་བྱས་ལམ་དུ་མི་འགྲོ་བ། སྒོ་ནོར་ལ་ཤི་གོད་འབྱུང་བའི་ཡིད་ཆེས་གཏིང་ཟབ་མོར་ཡོད་པར་བརྟེན་ཁྲིམས་འགལ་བྱེད་མཁན་ཤིན་ཏུ་ཉུང་ཞིང་། གལ་ཏེ་བྱས་ནའང་འཕྲལ་དུ་བཤགས་པ་དང་ལེན་བྱེད་ཀྱི་ཡོད་པ་རེད།
གསུམ་པ། འབྲོག་པའི་རི་རྒྱ།
འབྲོག་ཡུལ་གྱི་བླ་རི་དང་གཞི་བདག་རྣམས་ནས་སུས་ཀྱང་རི་དྭགས་བསད་མི་ཆོག་པར་མ་ཟད། ཤིང་ནག་གཅོད་པ། ས་བརྐོ་བ། རྡོ་སློག་པ། གང་བྱུང་ཆུ་ཡུར་དྲངས་ས་སོགས་རང་བྱུང་འཁོར་ཡུག་ལ་གཏོར་བཤིག་བྱ་མི་ཆོག་ཅིང་། དེ་དག་ནི་འབྲོག་མིས་བཤད་སྲོལ་དུ་ཡུལ་ལྷ་རིགས་མི་འདྲ་བ་རྣམས་གནས་ཡུལ་ཡིན་སྟབས། གང་བྱུང་གིས་གཏོར་བཤིག་བྱས་ན་དེའི་མི་ཕྱུགས་ལ་ནད་ཡམས་དྲག་པོ་འབྱུང་ཞིང་། དེའི་རྐྱེན་གྱིས་ཡུལ་ཁམས་ལ་ནད་ཡམས་འབྱུང་གི་རེད། ཅེས་ཟེར་ཞིང་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད་པ་རེད།
བཞི་བ། འབྲོག་པའི་རི་བཤེར།
འབྲོག་པའི་ཡུལ་ཁྲིམས་ཀྱི་རྐང་འཛིན་པ་དང་། ཡུལ་གྱི་བདེ་འཇགས་སྲུང་སྐྱོང་གི་ལས་འཁུར་གལ་ཆེ་ཤོས་ནི་རི་བཤེར་བྱེད་དགོས་པ་དེ་ཉིད་ཡིན་འདུག་ཅིང་། དེ་ཡང་འབྲོག་སྡེ་རུ་ཁག་སོ་སོ་ནས་དབྱར་སྟོན་དུས་གཉིས་སུ་ཉིན་དུས་ངེས་མེད་ལ་རི་བཤེར་དུ་ཡང་ཡང་འགྲོ་སྲོལ་ཡོད་འདུག་ཅིང་། རི་བཤེར་འགྲོ་མཁན་ནི་ཡུལ་སོ་སོའི་ཕོ་གཞོན་བཞོན་རྟ་བཟང་གྲས་རྣམས་ཡིན་པ་རེད། འབྲོག་པའི་ཕོ་གཞོན་རྣམས་རྟག་པར་རི་བཤེར་དུ་འགྲོ་བ་ལ་ཧ་ཅང་དགའ་པོ་ཡོད་པ་རེད། གང་ལགས་ཞེ་ན། དེ་དག་ནི་རྟག་པར་ཡུལ་གྱི་དགྲ་དང་འཐབ་རྩོད་བྱེད་པ་ལ་ཧ་ཅང་དགའ་པོ་ཡིན་པ་ལྟར། སྐབས་དེར་ཕྱི་ཡུལ་ནས་འབྱོར་པའི་རྔོན་པ་དང་། རི་རྒྱ་བཤིག་མཁན། ཏིས་རྩོད་བྱེད་མཁན་སོགས་དང་འཕྲད་སྲིད་ཀྱི་ཡོད་པ་རེད། རི་བཤེར་གྱི་ལས་དོན་གཙོ་བོ་ནི་རྔོན་པ་དང་། རི་རྒྱ་བཤིག་མཁན། ཇག་རྐུན་དང་། ཏིས་རྩོད་ནམ་དེ་དག་གི་སོ་ཉུལ་སོགས་ཡོད་མེད་རྟོག་ཞིབ་བྱེད་དགོས་པ་དག་ཡིན་འདུག་པ་དང་། རི་བཤེར་དུ་འགྲོ་དུས་ཀྱང་སྔོན་མ་སྔོན་མའི་སྐབས་སུ་ཕྱི་མ་ཕྱི་མའི་དུས་ཚོད་ཁས་ཆད་བྱེད་པ་ཙམ་ལས་ངེས་ཆ་ཅན་གང་ཡང་མི་སྣང་ངོ་།
ལྔ་བ། འབྲོག་པའི་ཇག་ཁྲིམས།
འབྲོག་མི་སུ་ཞིག་དེ་སྔོན་འཁོན་གཞི་བྱུང་མེད་པའི་མི་སྡེ་གང་རུང་དང་། མི་སྡེ་ནང་ཁུལ་བཅས་པར་ཇག་པ་རྒྱག་མི་ཆོག་ཅིང་། གལ་ཏེ་ཁྲིམས་འགལ་བྱེད་མཁན་ཞིག་བྱུང་ན་གླང་ཟླའི་བཞི་རྒྱལ་ལམ་སྟག་ཟླའི་འདུ་བའི་སྐབས་སུ་གང་འཕྲོག་བཅོམ་བྱས་པའི་དངོས་པོ་རྣམས་རྩིས་ལེན་གྱིས་དགྲ་ལ་རྩོད་འདུམ་བྱེད་ཀྱི་ཡོད་པ་རེད། འབྲོག་མིས་འཇབ་རྐུན་བྱེད་སྲོལ་མི་འདུག་པར་སུ་ཞིག་གིས་བྱས་པ་ཡིན་ན་དེ་ནི་སྐྱེས་པ་ཕོའི་གྲལ་ནས་ཐོན་པའི་ཁྲེལ་དང་ངོ་ཚ་ཧ་ཅང་ཆེ་བར་བྱེད་པ་དང་། གལ་ཏེ་མི་སུ་ཞིག་ཡུལ་དེའི་དགྲ་ཡིན་པའི་ཡུལ་དུ་ཕྱིན་ཏེ་རྟ་ནོར་སོགས་འཕྲོག་བཅོམ་བྱེད་ཐུབ་པ་ཡིན་ན། མི་དེ་ནི་ཡུལ་མི་ཚང་མས་རྩིས་ཐང་ཆེ་ཞིང་དཔའ་བོའི་གྲངས་སུ་འཇོག་གི་ཡོད་པ་རེད། སྤྱིར་འབྲོག་མིའི་རང་གཤིས་གོམས་འདྲིས་སུ་དབྱར་ཁ་སྐྱེས་པ་དར་མ་རྣམས་དགྲ་ཇག་ལ་ཐེངས་རེ་འགྲོ་མ་ཐུབ་པ་ཡིན་ན་གོ་ཁའི་རྒན་མོ་ཞེས་འཕྱ་སྨོད་བྱེད་སྲོལ་ཡོད་འདུག་ཅིང་། དེ་འདྲའི་ཇག་ཆོམ་དུ་འགྲོ་ཡུལ་ནི་ཡུལ་དེའི་སྤྱི་སྒེར་གྱི་ཏིས་རྩོད་གང་དུ་ཡོད་པ་དེར་འགྲོ་བའམ། དེ་ལྟ་བུ་མེད་ན་ས་ཐག་ཧ་ཅང་རིང་ཞིང་ཆ་རྒྱུས་མེད་པའི་ཡུལ་དག་ཏུ་འགྲོ་དགོས་ཀྱི་ཡོད་པ་རེད།
དྲུག་པ། བོད་མིའི་གྱོད་དང་ཁ་མཆུ།
འབྲོག་མི་ཚོས་ཁ་མཆུ་ལ་“གྱོད་”ཅེས་དང་། ཁ་མཆུ་རྩོད་མཁན་ལ་“གྱོད་པ་”ཞེས་དང་། ཁ་མཆུའི་འདུམ་བྱེད་མཁན་རྣམས་ལ་“གཟུ་པ་”ཞེས་དང་། འདུམ་གྱི་ཆོད་དོན་ལ་ “གཟུ་”ཞེས་ཟེར་སྲོལ་འདུག གྱོད་ཀྱི་ལས་ཁུངས་ནི་ཡུལ་གྱི་རྒན་པོ་ཕན་ཚུན་གཉིས་དང་། རྫིག་པ་ཞེས་བྱ་བ་གྱོད་པ་ཕན་ཚུན་ལ་འདྲི་བསྡུར་བྱེད་མཁན་གྱི་མི་རང་བཞིན་དྲང་ཞིང་རིག་པ་བཀྲ་བ་གཉིས་བཅས་དགོས་ཀྱི་ཡོད་པ་རེད། གཟུ་པ་གཉིས་ནི་ཕྱོགས་རིས་མེད་པ། མ་ཟད་གཟུ་པ་རང་ཕྱོགས་ཀྱི་གྱོད་ཡ་ལ་ཅུང་ཕམ་ཁ་སྤྲད་མཁན་རེ་དགོས་འདུག་ཅིང་། གལ་ཏེ་གཟུ་པ་གང་རུང་གིས་ཕྱོགས་ཞེན་བྱས་ཏེ་གཞན་ཕྱོགས་ལ་ཕམ་ཁ་སྤྲད་འདུག་ན། གྱོད་ཡ་དེས་གཟུ་པའི་གཟུ་ལ་མི་ཉན་ཞིང་གཟུ་པ་ལ་ཡང་གྱོད་བྱེད་ཆོག་པ་དང་། དེ་འདྲ་བྱུང་ན་གཟུ་པ་གསུམ་པ་ཞིག་བཙལ་ཏེ་བདེན་རྫུན་ཤན་འབྱེད་ཐོགས་གཟུ་པ་སྔོན་རྗེས་ཐུན་མོང་ནས་གཟུ་གཏོང་དགོས་ཀྱི་ཡོད་པ་རེད། སྤྱིར་འབྲོག་མིའི་ཁ་མཆུ་འདུམ་མཁན་ནི་སྐྱེ་བོ་ཉམ་ཆུང་ཡིན་ཡང་བློ་ཁོག་དྲང་ན་གཟུ་ཆེན་པོ་དག་ཀྱང་གཏང་ཐུབ་སྟེ། མི་སྡེའི་ཁ་དཔེ་ལའང་“གཟུ་ར་སླག་ཅན་གྱིས་བཏང་ན། སྟག་སླག་ཅན་གྱི་ཡར་ཟློག་མེད”ཅེས་བརྗོད་པ་ལྟར་བརྩི་འཇོག་བྱེད་དགོས་པ་དང་། གལ་ཏེ་གཟུ་པ་ཕན་ཚུན་ནས་དྲང་བདེན་གྱི་གཟུ་བཏང་ཟིན་པའི་རྗེས་སུ་གྱོད་ཡ་གང་རུང་ནས་གཟུ་དེ་དང་ལེན་མ་བྱས་ན་གྱོད་གཟུ་པའི་གྱོད་ཅེས་པ་གཟུ་པ་རྣམས་དང་གྱོད་ཡ་དེ་བཅས་གྱོད་གཞི་ཆེན་པོ་ཆགས་ཀྱི་ཡོད་པ་རེད།
དེ་དང་དེ་ལ་སོགས་གོང་གསལ་གྱི་རིག་གནས་འདི་དག་ནི་མི་ཆོས་ཡ་རབས་ཀྱི་སྤྱོད་པ་དང་འབྲེལ་བ་དང་། ཁོར་ཡུག་སྲུང་སྐྱོབ་དང་སྲོག་ཆགས་སྲུང་སྐྱོབ་སོགས་དེང་རབས་ཅན་གྱི་དཔལ་ཡོན་དང་འདྲ་བའི་སྔོན་ཐོན་ཅན་གྱི་ཚན་རིག་དང་འབྲེལ་བའི་རིག་གནས་ཤ་སྟག་སྣང་ཡོད།།