༄༅། །གླིང་སྒྲུང་ནང་གི་བུད་མེད་ཀྱི་སྣང་བརྙན་དང་ཐོབ་ཐང་རྒྱན་གོས་སྐོར་རགས་ཙམ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


     འཛམ་གླིང་བུ་མོའི་རྣ་རྒྱན་དུ་གྱུར་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་རང་རེའི་ཁ་བའི་ལྗོངས་དང་།ལྷག་པར་དུ་ཀྲུང་ཧྭ་མི་རིགས་རིག་གནས་བང་མཛོད་ནང་གི་ཏོག་ལྟ་བུར་གྱུར་འདུག་པ་ཀུན་གྱིས་ཤེས་གསལ་ལྟར། རིན་ཐང་གཞལ་དུ་མེད་པའི་ཡིག་ཚང་ཆེན་མོ་འདི་ནི་གནའ་རབས་བོད་ཀྱི་རིག་གནས་དང་སྒྱུ་རྩལ། ཆབ་སྲིད་དང་དཔལ་འབྱོར།དམག་དོན་དང་ལོ་རྒྱུས།དམངས་སྲོལ་དང་ཆོས་ལུགས་བཅས་ཀྱི་བཙལ་ན་རྙེད་པར་དཀའ་བའི་གླེགས་བམ་གལ་ཆེན་ཞིག་ལགས།གཤམ་དུ་གླིང་སྒྲུང་ནང་གི་བུད་མེད་ཀྱི་སྣང་བརྙན་དང་ཐོབ་ཐང་རྒྱན་གོས་སྐོར་རགས་ཙམ་གླེང་བར་བྱའོ།།

   དང་པོ། བུད་མེད་ཀྱི་སྣང་བརྙན་སྐོར་གླེང་བ།

   སྤྱིར་གཏམ་རྒྱུད་གང་ཡིན་རུང་གཙོ་བོ་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་པ་ནི་རྩོམ་རིག་སྒྱུ་རྩལ་གྱི་རྡོག་རྩ་ལྟ་བུ་ཡིན།གླིང་སྒྲུང་ནང་དུ་དེ་འདྲའི་མི་སྣ་མང་པོ་ཞིག་ཞིབ་འབྲི་བགྱིས་པ་གསོན་ཉམས་ལྡན་པས་རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་ཡང་དེ་བས་གཞལ་དུ་མེད།དེའི་ནང་ནས་ཀྱང་སྣང་བརྙན་ཞིབ་འབྲི་རྩེར་སོན་འདུག་པ་ནི་བུད་མེད་ཀྱི་སྣང་བརྙན་སྐོར་ཡིན།བུད་མེད་དེ་ཚོའི་ནང་ནས་ཀྱང་སྣང་བརྙན་ཞིབ་འབྲི་རྩེར་སོན་འདུག་པ་ནི།གླིང་གེ་སར་རྒྱལ་པོའི་ཇ་མ་རྣམས་ཀྱི་ནང་ནས་ཆེས་མཛེས་པའི་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ལགས།དཔེར་ན།《ཧོར་གླིང་གཡུལ་འགྱེད》དུ།དར་དཀར་འདྲ་བའི་ཤ་ལོ་གདའ།།དར་དམར་འདྲ་བའི་ཤ་བཀྲག་གདའ།།ཧོར་བ་ཁྲ་ཡི་སྤྱན་མིག་གདའ།།སྨུག་ཆུང་འཛིན་མའི་གཟི་མདངས་གདའ།།ཞེ་སྡང་སྦྲུལ་གྱི་ཨ་འབྲས་གདའ།།ཕར་འགྲོས་གོམ་པ་རྟ་བརྒྱ་གདའ།།དེ་མིན་རྟ་བརྒྱ་མི་རི་སྟེ།།མཁའ་འགྲོའི་གར་སྟབས་ཤིག་གེར་གདའ།།ཚུར་ཡོང་གོམ་པ་དྲེལ་བརྒྱ་རི།།དེ་མིན་དྲེལ་བརྒྱ་མི་རི་སྟེ།།རིག་འཛིན་རྩེ་བྲོ་ཤིགས་སེ་གདའ།།སྐྲ་ལོ་སྨུག་པོ་མཛོ་བརྒྱ་རི།།དེ་མིན་མཛོ་བརྒྱ་མི་རི་སྟེ།།དབུ་སྐྲ་ཉག་མ་རེ་རེ་ན།།ཤེལ་མུ་ཏིག་ཚོམ་བུ་ཤ་ལེར་གདའ།།མཆིལ་མ་གཡང་དཀར་ལུག་བརྒྱ་རི།།དེ་མིན་ལུག་བརྒྱ་མི་རི་སྟེ།།ལྗགས་ལ་ཨ་ཡིག་རང་བྱོན་གདའ།།ཞེས་པ་ལྟ་བུ་དང་།ཡང་།ཁྱོད་འདྲའི་ན་ཆུང་མཚར་མོ་ཞིག།བོད་མ་བརྒྱའི་རུམ་ནས་སྐྱེ་ཚུལ་མེད།།དེ་སྐྱེས་ཀྱང་ཁྱོད་འདྲ་འོང་ལུགས་མེད།།ཁྱོད་སྒྲོལ་མ་དཀར་མོའི་སྐྱེ་མཐའ་ཡིན།།ཁ་ཕར་འཁོར་སྐྲ་མཛེས་རྒྱན་ཡག་མ།།ཁ་ཚུར་འཁོར་འཇའ་རིས་མདངས་ལྡན་མ།།སྐྲ་གཡས་པ་གཡས་སུ་འཕངས་པ་ན།།རྒོད་ཐང་དཀར་གཤོག་པ་བརྐྱངས་པ་འདྲ།།སྐྲ་གཡོན་པ་གཡོན་དུ་འཕངས་པ་ན།།རྒོད་ཐང་སྨུག་གནམ་འཕང་གཅོད་པ་འདྲ།།མདུན་ཁ་དོག་སྣ་ལྔའི་རྒྱན་ཆ་དེ།།བྱ་རྨ་བྱས་སྒྲོ་གུར་ཕུབ་པ་འདྲ།།ཡར་ལངས་ན་རྒྱ་དར་འཕྱར་བ་འདྲ།།མར་བསྡད་ན་གུར་ཁང་ཕུབ་པ་འདྲ།།མདའ་ཉག་ཕྲན་ཞིག་ལ་ཅི་ཚང་བ།།ཁྱོད་སེང་ལྕམ་འབྲུག་མོར་ཚང་ནས་ཡོད།།བློ་རྣོ་བ་མདེའུ་ངར་མ་འདྲ།།ཁོག་ཡིད་སེམས་དྲང་བ་མདའ་མོ་འདྲ།།ཡིད་དྭངས་པ་མེ་ལོང་གཟུགས་བརྙན་འདྲ།།ཞེས་པ་སོགས་ཧ་ཅང་ཞིབ་ཚགས་ཀྱི་སྒོ་ནས་བོད་རིགས་བུད་མེད་ཞིག་གི་སྣང་བརྙན་རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་བརྗོད་དེ།ཕར་འགྲོས་གོམ་པ་རྟ་བརྒྱ།ཚུར་ཡོང་གོམ་པ་དྲེལ་བརྒྱ།སྐྲ་ལོ་སྨུག་པོ་མཛོ་བརྒྱ།མཆིལ་མ་གཡང་དཀར་ལུག་བརྒྱ།བློ་རྣོ་བ་མདེའུ་ངར་མ།ཁོག་ཡིད་སེམས་དྲང་བ་མདའ་མོ།ཡིད་དྭངས་པ་མེ་ལོང་གཟུགས་བརྙན་ལ་སོགས་པ་སྟེ།ཕྱིའི་རྣམ་པ་དང་ནང་ཀུན་སྤྱོད་ཞིབ་འབྲི་བགྱིས་ཡོད་པ་དེ་བོད་རིགས་རང་གི་བརྩམས་ཆོས་མ་གཏོགས་གཞན་ལས་འདི་འདྲའི་སྣང་བརྙན་ཉིན་མའི་སྐར་མ་བཞིན་དུ་ཧ་ཅང་དཀོན་པོ་འདུག་པས་གླིང་སྒྲུང་གི་མི་སྣ་སྒྲུབ་བཞེངས་ཀུན་ལས་ཏོག་ལྟ་བུའི་གོ་གནས་ངེས་ཅན་ཞིག་ཟིན་ཡོད་དོ།།

   གླིང་གེ་སར་མཆོག་གི་ཇ་མ་བྱང་ཨ་སྟག་འཁྱིལ་བའི་ཀླུ་མོའམ་ལྷ་མོ་ནི།ཇ་མ་མིང་ཆེན་བཅུ་གསུམ་ལས་བྱས་རྗེས་ཆེས་ཆེ་བའི་བུད་མེད་ཅིག་ཡིན་ཞིང་།ཁོ་མོའི་མི་ཚེ་གང་བོར་མཐའ་གཅིག་ཏུ་གེ་སར་རྒྱལ་པོར་ཞབས་ཏོག་ལེགས་པར་བསྒྲུབས་ཏེ།རང་ནུས་ཡོད་ཚད་ནས་ཡོད་ཚད་གཞན་ཕན་གྱི་ཆེད་དུ་ཕུལ་བས།ཨ་སྟག་ལྷ་མོ་ནི་བོད་རིགས་དཔའ་མོའི་ཚབ་བྱེད་གཅིག་པུར་གྱུར་པ་དང་།གཡུལ་འགྱེད་དེ་འདྲ་མང་པོ་ཞིག་གི་ཁྲོད་དུ།མོ་རང་གི་ལོ་རྒྱུས་ཀྱི་སྣང་བརྙན་ནི་རྡོ་རིང་ཞིག་དང་མཚུངས་པར་ཀུན་གྱི་མིག་ལམ་དུ་ལྷང་ངེར་གནས་ལ།བསྐལ་བརྒྱ་མ་སྟོང་བར་དུ་བག་ཆགས་ཟབ་མོ་བཞག་ཡོད་པ་ཡིན་ནོ།།དཔེར་ན།《ཧོར་གླིང་གཡུལ་འགྱེད》དུ།གུར་ནག་པོ་མུན་པ་འཁྲིགས་འདྲ་ཞིག་གི་ནང་ནས།དཔའ་ཨ་སྟག་ལྷ་མོ་དེ།དཔའ་དྲུག་ཡིད་དུ་འོང་ཞིང་།ཆས་དྲུག་མིག་ལ་མཛེས་པ།མགོ་དར་འཕྲུ་གར་སྟབས་ལིང་ལིང་།ཁྲབ་དཀར་མོ་བྱང་ཕུད་ཉུལ་ཉུལ།སྐེད་འཁོར་གསུམ་འཁྲོལ་སྒྲ་སིལ་སིལ།རྟ་རག་པ་སྟག་ལག་གི་གོང་དུ་ཞོན་ཞིང་།ཟངས་གཞུ་དམར་པོ་འགུག་རིང་དེའི་ནང་དུ།ཟངས་མདའ་དམར་པོ་དུག་ལྕེ་དེ་བཞག་ནས།ཞེས་པ་དང་།《དམྱལ་གླིང་མུན་པ་རང་གསལ》དུ།ནངས་སྔ་དྲོ་ཁྲ་ཡག་རྫ་ལ་སོང་།།འདིས་ལྕགས་གཞུ་བཀུག་ནས་ལྕགས་མདའ་འཕངས།།འབྲོང་བྲེ་སེར་མ་བུ་དགུ་བརྒྱ་བསད།།མགོ་རུ་ཐུར་ཤ་ལེ་ཐང་ལ་འཕངས།།དགོང་ཕྱི་དྲོ་འབྲོང་མོ་བསད་བསད་ནས།།རི་ཆེན་པོ་ཁྲག་གིས་དམར་པོ་བྱས།།མ་ཨ་སྟག་ལྷ་མོ་གར་སོང་ན།།བྱ་རྒོད་པོའི་གཤོག་རྩལ་ཉིལ་ལི་ལི།།སྤྱང་དར་མ་གཟན་རྒྱུག་ཐ་ར་ར།།ཉིན་གུང་ན་དམར་གཞུང་ལ་སོང་།།རྐྱང་ཁ་དཀར་མ་བུ་དགུ་བརྒྱ་བསད།།ན་ཆེན་པོའི་ཁ་དོག་ཁྲག་གིས་བསྒྱུར།།ས་བདེ་མོ་ཐམས་ཅན་ཤ་ཡིས་བཀང་།།ཁུག་གཤོང་གཤོང་ཐམས་ཅད་ཁྲག་གིས་བཀང་།།དགོང་ཕྱི་དྲོ་རྒྱ་མཚོའི་ཁ་ལ་སོང་།ལྕགས་ཀྱུ་སྣ་ཚོགས་སྐེད་ལ་བསྐོར།།ཉ་སྲམ་མང་པོའི་སྲོག་གཟན་བྱས།།ཆུ་རྒྱ་མཚོའི་ཁ་དོག་ཁྲག་གིས་བསྒྱུར།།རྒྱབ་འཁོར་གསུམ་ཁྲབ་རྨོག་མནབས་པའི་ཚེ།།གཟའ་ཁྱབ་འཇུག་ནག་པོ་ཁྲོས་པ་འདྲ།།སྡང་དགྲ་བོས་རིག་ན་བློ་སྙིང་འདར།།ཞེས་པ་སོགས་ལས་བུད་མེད་ཞིག་གི་སྙིང་སྟོབས་དང་གཟི་བརྗིད།བློ་སྤོབས།དྲང་བདེན་བཅས་རྟོགས་ནུས་ཏེ།སྐྱེས་ཕོ་རབ་ཀྱིས་བསྒྲུབ་མི་ནུས་པའི་དོན་མཐའ་དག་སྒྲུབ་ནུས་པས།བོད་རིགས་བརྩམས་ཆོས《གླིང་སྒྲུང》ལས་མཐོང་བའི་བུད་མེད་དཔའ་མོའི་རང་གཤིས་འདི་ལྟ་བུ་བརྩམས་ཆོས་གཞན་ལས་ཉིན་མོའི་སྐར་མ་བཞིན་དུ་ཧ་ཅང་མཐོང་དཀོན་པོ་འདུག་ལ།འཇིག་རྟེན་གྲགས་པ་ལས་རིང་དུ་བརྒལ་དོན་ཡང་གཙོ་བོ་འདི་ལྟ་བུའི་གསོན་ཉམས་ལྡན་པའི་སྣང་བརྙན་ཞིབ་འབྲི་མང་བའི་རྐྱེན་གྱིས་ཡིན་པར་སྙམ་མོ།།

   གླིང་གེ་སར་མཆོག་གི་ཇ་མ་ཧོར་དམར་ནག་བཅུ་གཉིས་ཀྱི་བདག་མོ་སྟེ་སྟོང་ཉིད་མགར་བཟའ་ཆོས་སྒྲོན་ནི་སྐྱེས་ས་ཧོར་ཡུལ་ཡིན་ཡང་བློ་སེམས་གླིང་དཀར་སྟོད་ལ་དཀར་ཞིང་སེང་ཆེན་རིན་པོ་ཆེ་ཡི་ཇ་མ་མིང་ཆེན་རྣམས་ཀྱི་ཡ་གྱལ་དུ་གྱུར་པ།གཤིས་རྒྱུད་འཇམ་ཞིང་ངང་རྒྱུད་བཟང་བ།ཕྲག་དོག་དང་འགྲན་སེམས་མེད་པ།སྤྱི་སེམས་ཆེ་ཞིང་སྒེར་སེམས་མེད་པ།ཧོར་དམར་ནག་བཅུ་གཉིས་ཀྱི་མཛེས་མ་རྣམས་ཀྱི་གྲས་ནས་གཙུག་རྒྱན་གྱི་ཅོད་པན་ལྟ་བུར་སྣང་བ་དེར་ཡང་།དཔེར་ན།《ཧོར་གླིང་གཡུལ་འགྱེད》དུ།མགར་ཆོས་དར་རྒྱལ་པོའི་སྲས་མོ་སྟོང་ཉིད་མགར་བཟའ་ཆོས་སྒྲོན།ལྷ་མོ་སྟོང་གི་སྤྲུལ་པ།མ་མཚོ་རྒྱལ་དཀར་མོའི་སྐྱེ་བ།མི་དགེ་སྤངས་པའི་དགེ་མ།དགེ་བཅུ་སྤྱོད་པའི་ཆོས་མ།སྤྲང་ཉམས་ཆུང་བརྒྱ་ཡི་ཕ་མ།ཆུ་མོ་ཕག་གི་ལོ་པ།དུང་ཟླ་དཀར་ལུ་འདྲ་བ།སྨིན་དྲུག་ཁྲ་མོའི་སྐྱོ་རོགས།ལུས་ལྡེམ་ལྡེམ་སྦ་དཀར་ཕུང་བོ།སྐྲ་ཤར་ཤར་རྒྱ་ལྕང་ལོ་མ།ཞལ་དཀར་དཀར་བཅོ་ལྔའི་ཟླ་བ།ཚེམས་འགྲིགས་འགྲིགས་དུང་སོ་རང་འགྲིགས།སྤྱན་ཁྲ་ཆུང་ནམ་མཁའི་སྐར་ཆེན།རྒྱན་བཏགས་ན་ནགས་ཀྱི་རྨ་བྱ།གསུང་བསྒྲགས་ན་དབྱར་ཁའི་ཁུ་བྱུག་ལྟ་བུ་ཞེས་དང་སྒོམ་ཆེན་རི་ཁྲོད་པ་རྣམས་ཀྱིས་མཐོང་ན་ཞལ་འཛུམ་འཆོར་ལེ།རྒྱ་ལམ་ནས་མགྲོན་པོ་རྣམས་ཀྱིས་མཐོང་ན་ཕྱི་མིག་བལྟ་ལེ།ཁྲི་ཁའི་བླ་མ་རྣམས་ཀྱིས་མཐོང་ན་སྤྱན་གཟུར་ལེ།གྲྭ་པ་དགེ་སློང་རྣམས་ཀྱིས་མཐོང་ན་ཡིད་སྨོན་འཆོར་ལེ།ཕོ་གསར་མགོ་ཆུང་གིས་མཐོང་ན་ཡིད་འཕྲོག་ལེ།སྟེང་ལྷ་མོ་བུ་མོ་འབུམ་ཕྲག་ཟིལ་གྱིས་གནོན་ལེ།སྐུ་ལུས་མདའ་ཉག་ཕྲན་སྒྲོ་བཞི་དང་འདྲ་བ་འོག་ཀླུ་མོ་འབུམ་ཕྲག་ཟིལ་གྱིས་གནོན་ལེ།གསུང་སྙན་གྱི་གླུ་བླངས་ན།སྒྲ་སྙན་པའི་པི་ཝང་དང་ནོར་ལེ།བར་དྲི་ཟའི་བུ་མོ་འབུམ་ཕྲག་ཟིལ་གྱིས་གནོན་པ་ཞིག་བྱས་ཤིང་།རྒྱབ་གོས་དམར་ནག་གསེར་འབྲུག་ཅན་གྱི་ན་བཟའ་ལ་ཝ་དམར་བྱུ་རུའི་གོང་བ་བསྐོར།གཡི་དཀར་དུང་གི་མདོག་ཅན་གྱིས་མཐའ་ཤན་བྱས།སྲམ་ནག་མཐིང་མདོག་ཅན་གྱིས་ཁ་ཆོན་བརྒྱབ།མུ་ཏིག་འཇའ་ཚོན་སྣ་ལྔའི་གློ་ཆ་བཏགས།གཡུ་བྱུ་རུ་མུ་མེན་ལ་སོགས་པས་སྐེ་རྒྱན་བྱས།དར་ལིང་ཁ་དོག་སྣ་ལྔའི་སྐ་རགས་བཅིངས།གསེར་ནག་གའུ་སུམ་སྒྲིག་སྐེ་ལ་བཏགས་པའི་ན་ཆུང་ཤིན་ཏུ་མཛེས་མ་དེས་བཟའ་བཏུང་རྣམས་ཁྱེར་ནས་ཡོང་བ་ན་ཞེས་བརྗོད་པ་སོགས་ལས་མི་སྣ་སྒྲུབ་བཞེངས་ཀྱི་ཐད་དུ་སྣང་བརྙན་ཟབ་མོ་ཞིག་བཞག་ཡོད་ཅིང་།བོད་རིགས་བརྩམས་ཆོས་ལས་བུད་མེད་ཀྱི་སྣང་བརྙན་རྩེར་སོན་འདུག་པ་མཚོན་ལ།དེ་ལྟ་བུ་ཡང་དཔེར་ན་ཞང་ཞུང་ཆོས་དབང་གྲགས་པའི་རཱ་མ་ཎའི་རྟོགས་བརྗོད་ལས།སྐྱེ་རྒུའི་རིག་སྔགས་མཁན་དེ་རྣམས།།སི་ཏཱའི་མིང་གི་བཟླས་བརྗོད་ཀྱིས།།འགྲམ་པ་རུས་པའི་འཕྲུལ་འཁོར་ནི།།དྲལ་བ་ནུ་མའི་ངོགས་སུ་འཕྱང་།།ཞེས་པ་སོགས་བོད་རིགས་རང་གིས་བསྐྲུན་པའི་མཛེས་མའི་སྣང་བརྙན་དུ་མའང་ཡོད་དོ།།གླིང་གེ་སར་རྒྱལ་པོའི་སྒྲུང་ཕལ་ཆེར་གྱི་ནང་དུ་རྫོང་རེ་ཕབ་ན་ཁོང་ལ་ཇ་མ་རེ་ཐོབ་པ་ནི་ཧ་ཅང་རྒྱུན་འབྱམས་སུ་གྱུར་འདུག་ལ།སྐབས་དེར་ཐོབ་པའི་བུད་མེད་རྣམས་ཇ་མ་ཁོ་ན་ཞིག་གི་ཆེད་དུ་མིན་ལ་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་ཆབ་སྲིད་ལ་རག་ལས་འདུག་པ་ཞིག་གོ།གནའ་བོའི་དུས་སུ་མཛའ་མཐུན་གྱི་ཆེད་དུ་བུ་མོ་སྟེར་བའི་ལུགས་སྲོལ་གང་མང་ཞིག་ཡོད་པ་དཔེར་ན།བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱའི་སྲས་མོ་ལྷ་གཅིག་ཀོང་ཇོ་ཁབ་ཏུ་བཞེས་པ།ཆོས་རྒྱལ་མེས་ཨོག་ཚོམ་གྱིས་གྱིམ་ཤིང་ཀོང་ཇོ་ཁབ་ཏུ་བཞེས་པ་ལ་སོགས་པའི་དཔེ་མཚོན་མང་པོ་ཞིག་ཡོད་ཀྱང་ཡིག་ཚོགས་མང་བར་དོགས་ནས་མ་བྲིས།འདིའི་སྐོར་ལ་སློབ་དཔོན་མར་ཁེ་སིས།དབང་སྒྱུར་གྲལ་རིམ་བར་གྱི་གཉེན་འབྲེལ་ནི་ཆབ་སྲིད་ཀྱི་དགོས་པ་ཁོ་ན་ཡིན་ཞེས་གསུངས་པ་ལྟར་གླིང་གེ་སར་རྒྱལ་པོ་རྟ་རྒྱུག་ལས་རྣམ་པར་རྒྱལ་ཏེ་མི་འཇིག་གསེར་ཁྲིར་མངའ་གསོལ་རྗེས།གླིང་དཀར་སྟོད་ནས་སེང་ལྕམ་འབྲུག་མོ་དང་མེ་བཟའ་འབུམ་སྐྱིད་གཉིས་ཁབ་ཏུ་བཞེས་ཤིང་།རིམ་བཞིན་ཕྱོགས་བཞི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད་ཕབ་པའི་འཕྲིན་ལས་རྒྱ་ཆེར་སྤེལ་ཏེ།ནག་པོ་བདུད་ནས་ཨ་སྟག་ལྷ་མོ།སེར་པོ་ཧོར་ནས་མགར་བཟའ་ཆོས་སྒྲོན།སྨུག་པོ་འཇང་ནས་ཤེལ་དཀར་རྒྱང་མཛེས།ཁ་ཤ་མོན་ནས་མེ་ཏོག་ལྷ་མཛེས་སོགས་མིང་དུ་གྲགས་པའི་ཇ་མ་མིང་ཆེན་བཅོ་བརྒྱད་བླངས་པར་གྲགས་སྐད།བུ་མོ་དེ་དག་ལས་ཀྱང་རེ་འགའ་དགྲ་བོ་འདུལ་བྱེད་ཀྱི་སྐུད་སྣེ་ལྟ་བུར་གྱུར་ཏེ།གེ་སར་གྱི་གཡུལ་འཐབ་གང་མང་ཞིག་གི་ཁྲོད་དུ་སུབ་ཐབས་དབེན་པའི་ལོ་རྒྱུས་ཀྱི་ཞབས་བརྟན་བཀོད་ཡོད།དཔེར་ན།མེ་བཟའ་བདུད་ཀྱིས་ཁྱེར་བ་ན་ཁོང་ཡར་ཁམས་བྱང་ལ་བྱོན་ནས་བདུད་ཀླུ་བཙན་རྒྱལ་པོར་ཐོད་མདའ་སྤྲད་པ་དང་ཨ་སྟག་ལྷ་མོ་གྲོགས་སུ་བཀུག་པ།འབྲུག་མོ་ཧོར་གྱིས་འཕྲོག་པས་ཁོང་ཡང་ཨ་ཆེན་ཧོར་ལ་བྱོན་ཏེ་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད་པ་དང་མགར་བཟའ་ཆོས་སྒྲོན་གྲོགས་སུ་བཀུག་པ་སོགས་བུད་མེད་ཀྱི་སྣང་བརྙན་དང་བུད་མེད་ཀྱི་བྱས་རྗེས་གྲངས་ལས་འདས་པ་ཞིག་གླིང་སྒྲུང་གི་ནང་དུ་བཀོད་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རོ།།

གཉིས་པ། བུད་མེད་ཀྱི་ཐོབ་ཐང་སྐོར་གླེང་བ།

  སྤྱིར་མི་རིགས་གང་ཡིན་རུང་སྔོན་ཆད་བུད་མེད་ཀྱི་གོ་སའི་ཐོབ་ཐང་ཧ་ཅང་དམའ་བ་གནའ་བོའི་ལོ་རྒྱུས་དང་ཡིག་ཚང་ལས་ཀུན་གྱིས་ཤེས་གསལ་ལྟར།ལྷག་པར་དུ་ཁ་བ་རི་བོའི་ཁྲོད་ཀྱི་བོད་མི་རིགས་རང་ལ་མཚོན་ནའང་བུད་མེད་ཀྱི་ཐོབ་ཐང་དང་དབང་ཆ་མི་རིགས་གཞན་ལས་དེ་བས་དམའ་བའི་སྣང་བ་ཞིག་སྟེར་བ་སྟེ།བོད་སྲིད་པའི་ཁ་དཔེར་ཡང་བུ་མོ་དང་བོང་བུས་སྐྱིད་མི་ཐེག ཁྱི་བུ་མོ་གཉིས་ལ་བློ་གཏད་མེད།མ་སྐྱིད་ས་ནས་མི་ཆགས།སྐྲ་མདུད་ས་ནས་མི་འདུག ཟེར་བ་ལྟ་བུ་སོགས་ལས་ཀྱང་སྐབས་དེའི་བུད་མེད་ཀྱི་ཐོབ་ཐང་དང་དབང་ཆ་གསལ་བོར་མཚོན་ཡོད་མོད།འོན་ཀྱང་བོད་ཀྱི་ལོ་རྒྱུས་གར་སྟེགས་ལ་ཕྱི་མིག་ཐེངས་གཅིག་བལྟས་ཚེ།ལོ་རྒྱུས་གར་སྟེགས་སུ་གོ་ས་ངེས་ཅན་བཟུང་མྱོང་བའི་གདགས་ཁྲི་བཙན་པོའི་བཙུན་མོ་མ་མ་གྲོ་ཞ་སྐྱིད་བརླིང་མ་ལྟ་བུར་མཚོན་ན།ཏུན་ཧོང་གཏེར་ཡིག་ལས།དྲི་གུམ་བཙན་པོ་སྐུ་ཆུང་བའི་ཚེ་མཚན་ཇིར་གདགས་ཤེས།མ་མ་གྲོ་ཞ་སྐྱིད་བརླིང་མ་ལ་དྲིས་ན།མ་མའི་མཆིད་ནས།སྐྱི་བྲག་མར་བ་ནི་རྙིལ་ཏམ་མ་རྙིལ།དང་མ་འབྲི་སྤང་ནི་མྱེས་ཚིག་གམ་མ་ཚིག མཚོ་དམ་བེ་དབར་མཚོ་ནི་སྐམས་སམ་མ་སྐམས་ཤེས་མཆི།བྲག་མ་རྙིལ།མཚོ་ཡང་མ་སྐམས།སྤང་ཡང་མྱེས་མ་ཚིག་ཅེས་བགྱི་སྣ།མ་མ་གྲོ་ཞ་མ།རྒས་ནས་རྣ་ལོག་པར་ཐོས་ཏེ།བྲག་ཀྱང་རྙིལ།སྤང་ཡང་མྱེས་ཚིག་མཚོ་ཡང་སྐམས་ཤེས་ཐོས་ནས།འོན་ཏང་ཆུ་དགུའམ་སྲི་དགུམ་གྱིས།དྲི་གུམ་བཙན་པོར་མཚན་ཐོགས་ཤིག་ཅེས་འཁོད་པར་གཞིགས་ན།མ་མ་གྲོ་ཞ་སྐྱིད་བརླིང་མ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་སུ་མཚན་མཁན་གྱི་མིང་བཟུང་བར་མ་ཟད།བོད་ཀྱི་ལོ་རྒྱུས་སྟེང་དུ་བུད་མེད་ཀྱི་ཐོབ་ཐང་ངེས་ཅན་འཛིན་པའི་བུད་མེད་འཇོན་ཐང་ཅན་ཞིག་གོ།དེ་བཞིན་དུ་གླུ་སྲིང་མེར་ལྕམ་དང་རྒྱ་བཟའ་ཁྲི་མ་ལོད་སོགས་ལྟ་བུའི་བུད་མེད་སྐོར་ཞིག་གིས་བོད་ཀྱི་རྒྱལ་སྲིད་དར་རྒྱས་ཡོང་བའི་ཆེད་དུ་རང་ནུས་ཡོད་རྒུ་བཏོན་ཏེ།ལོ་རྒྱུས་ཀྱི་གར་སྟེགས་སུ་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་བཞིན་བུད་པ་དེས་ཀྱང་བོད་ཀྱི་བུད་མེད་ལ་ཐོབ་ཐང་གི་དབང་ཆ་ཡོད་པ་ར་སྤྲོད་བྱུང་ངོ་།།

   དེའི་མཚུངས་སུ་དཔའ་བོའི་བྱུང་རབས་ཆེན་མོ་གླིང་སྒྲུང་ལས་ཀྱང་བུད་མེད་རྣམས་ལ་ཐོབ་ཐང་གི་དབང་ཆ་ཡོད་པ་མངོན་གསལ་གྱིས་མཐོང་ཐུབ་ཅིང་།དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀ་གང་རུང་གི་སྒོ་ནས་བུད་མེད་ཀྱི་ཐོབ་ཐང་གང་མང་ཞིག་མིག་གི་དགའ་སྟོན་དུ་གསལ་བོར་བཤམས་འདུག དཔེར་ན།《དམྱལ་གླིང་མུན་པ་རང་གསལ》དུ།ནག་པོ་བདུད་ཀྱི་ས་ཆ་ལ།།དགྲ་ཡོད་ན་མདུང་མོ་མཉམ་འཛིན་གྱིས།།ཕྱི་དགྲ་བོའི་གདོང་ལ་མཉམ་རྒྱུག་བྱོས།།ནང་སྡེ་བའི་སྐྱིད་སྡུག་གཅིག་ནི་གྱིས།།མཐོ་མི་ཆེན་སྡེ་ལ་བྱམས་སྐྱོང་གྱིས།།སྡེ་གཉོམ་ཆུང་སྐྱོང་གི་ཕ་མ་མཛོད།།སྡེ་བཙན་པོ་རྣམས་ཀྱི་གཉའ་ནས་ནོན།།ནང་སྡེ་བ་ཁ་མགོ་ཡོད་པར་གྱིས།།གླིང་གེ་སར་རྒྱལ་པོས་ཅི་གསུང་སྒྲུབས།།ཞེས་དང་།བདུད་ནག་པོའི་དཔོན་མོ་བྱེད་དུས་ཀྱི།།ཏོག་དང་ཐོབ་དང་ཐམ་ག་དང་།།དཔོན་གནས་ཁྲི་འཕང་མཐོན་པོ་དང་།།ཡུལ་སྡེ་འབངས་འཁོར་བྲན་དང་བཅས།།གོང་དཔོན་མོའི་ཆས་རྣམས་ཁྱེད་ལ་འབུལ།།མ་དཔའ་མོའི་རྣམ་ཤེས་ཁྱེད་ཀྱིས་མཁྱེན།།ཞེས་པ་སོགས་ལས་སྐྲ་ལན་བུ་ཅན་གྱི་བུད་མེད་ཞིག་གི་གོ་གནས་དང་ཐོབ་ཐང་གསལ་བོར་བསྟན་ཡོད།གླིང་རྗེ་གེ་སར་རྒྱལ་པོས་ཨ་སྟག་ལྷ་མོར་དེ་འདྲའི་དབང་ཆ་ཆེས་མཐོན་པོ་བྱིན་ཡོད་པ་དེས་བོད་རིགས་བུད་མེད་རྣམས་ཀྱི་རང་དབང་དང་ཐོབ་ཐང་ཕྱོགས་ལ་མཐུན་རྐྱེན་མི་ཉུང་བ་ཞིག་བསྐྲུན་འདུག་པ་ཡང་གླིང་སྒྲུང་ནང་མངོན་གསལ་དུ་མཐོང་ཐུབ་པ་སྟེ་བུད་མེད་དང་སྐྱེས་པའི་ཆབ་སྲིད་ཀྱི་དབང་ཆ་གཅིག་མཚུངས་ཡིན་པ་ཡང་།དཔེར་ན།གླིང་གི་ལས་དམག་རྣམས་འདུ་རར་འདུས་ནས་སྲིད་དོན་བགྲོ་གླེང་བྱེད་པར་དཔའ་བོ་རྣམས་ཀྱི་རིམ་བཞིན་སྟག་གདན་གཟིག་གདན་བཅས་ཀྱི་གྲལ་ལ་འཁོད་པའི་དུས་ན།སེང་ལྕམ་འབྲུག་མོ་དང་མ་ཡུམ་འགོག་བཟའ།ཨ་སྟག་ལྷ་མོ།རྒྱ་བཟའ་ལྷ་སྐྱིད་སོགས་གླིང་གི་བུད་མེད་གྲགས་ཆེན་དག་ཀྱང་གྲལ་ལ་བཞུགས་ཡོད་པར་མ་ཟད།ད་དུང་གླིང་གི་སྤྱི་དོན་ཐད་ལ་བསམ་འཆར་དང་ལྟ་སྟངས་གསར་བ་འདོན་པའི་དབང་ཆའང་ཡོད་པ་ལྟ་བུའོ།།གཞན་ཡང《ཧོར་གླིང་གཡུལ་འགྱེད》ལས།ས་ཆ་མེད་ཧོར་གྱི་ས་ཆ་ནས།།དགྲ་ཐུལ་བའི་བར་དུ་འདུག་རྒྱུ་ཡིན།།སེམས་སྐྱིད་རོགས་མགར་བཟའ་ཁྱོད་རང་ཡིན།།དགྲ་འདུལ་ཚེ་བློ་ཡ་གྲོས་རོགས་དགོས།།བཏུལ་ཚར་དུས་ཁྲ་མོ་གླིང་ལ་འགྲོ།།སྨན་འབྲུག་མོ་དེ་དང་ཁྱད་པར་མེད།།མཁར་སེང་འབྲུག་སྟག་རྩེ་ནང་རྫོང་གྱིས།།སྡེ་ཧོར་གླིང་གཉིས་ཀྱི་དཔོན་མོ་གྱིས།།མཛོད་ཁྲ་མོའི་སྒོ་ཡི་ལྡེ་མིག་ཟུངས།།ངས་ཚེ་མཐའ་མགར་བཟའ་མི་སྐྱུར་ངེས།།ཞེས་པ་ལྟ་བུར་བལྟས་ནའང་བུད་མེད་ཀྱི་ཐོབ་ཐང་དང་དབང་ཆར་རྒྱུས་ལོན་རགས་ཙམ་བྱེད་ཐུབ།གླིང་སྒྲུང་ནང་དུ་དབང་ཆ་ཆེས་མཐོ་བ་ནི་གེ་སར་ལས་གཞན།ད་དུང་སྤྱི་དཔོན་དང་མ་བཞི་དཔོན་པོ་ཁྲོ་ཐུང་།སྟག་རོང་ཨ་ནུ་གཟིག་འཕེན།ཡང་རྟུལ་དམ་པའི་མི་བདུན།ཞེ་རྟུལ་ཁྲ་གླག་སྤྱང་གསུམ་ལྟ་བུའི་བློན་པོ་མིང་ཆེན་དང་གྲགས་ཆེན་མང་ན་ཡང་།དོན་གལ་ལ་ཐུག་དུས་དོ་དམ་ཚང་མ་སེང་ལྕམ་འབྲུག་མོར་བཅོལ་བཞིན་ཡོད་པ་གེ་སར་གྱི་གླུ་ལས་མཚོན་ཐུབ་པ་སྟེ།བདུད་ཡ་མེད་ཀླུ་བཙན་རྒོད་པོ་དེ།།ལྷོ་འཛམ་བུ་གླིང་གི་སྤྱི་དགྲ་རེད།།དབུས་གླིང་དཀར་སྟོད་ཀྱི་སྒེར་དགྲ་རེད།།འཆོར་མི་ཉན་འདུལ་བའི་དུས་བབས་གསུངས།།ང་དེ་ཕྱིར་བདུད་རྒན་འདུལ་དུ་འགྲོ།།བདུད་ནོར་གླིང་ལ་འདྲེན་པར་འགྲོ།།སྨན་མེ་བཟའ་ཨ་འབུམ་ལེན་དུ་འགྲོ།།རྩིས་ལེན་རྩིས་སྤྲོད་དེ་རིང་བྱེད།།ཆུང་མ་འབྲུག་མོས་རྩིས་ལེན་མཛོད།།ཅེས་གླུ་དེ་ལྟར་བླངས་རྗེས་ཕོ་བྲང་ནང་གི་རིན་ཆེན་ཡོད་དོ་ཅོག་རྩིས་སྤྲོད་བརྒྱབ་པ་དང་དུས་མཚུངས་སུ་ཁོང་ཉིད་ཆུང་དུས་ཀྱི་འཁྲབ་རྨོག་འཁོར་གསུམ་ཡང་གནང་སྟེ་བདུད་ནག་པོར་ཐོད་མདའ་སྤྲོད་པར་ཕེབས་སོ།།ཞེས་པ་ལྟར་རོ།།

   གེ་སར་བདུད་ལ་ཕེབས་ཤུལ་དུ་ཨ་ཆེན་ཧོར་གྱིས་གླིང་ལ་བཙན་འཛུལ་བྱས་ཏེ་ཇ་མཁར་རྨང་ནས་བཤིག་པ་དང་སེང་ལྕམ་འབྲུག་མོ་ཕྲོགས།ཧོར་གླིང་གཉིས་ཀྱི་བར་ལ་ཡ་ང་བའི་མི་ཤི་རྟ་འགྱེལ་གྱི་གཡུལ་འཁྲུག་ཆེན་པོ་བྱུང་སྐབས།སེང་ལྕམ་འབྲུག་མོས་རང་ཡུལ་བསྐྱར་འཛུགས་དང་ནང་ཕུ་ནུའི་ཤ་ཁོན་གྱི་ཆེད་དུ།གེ་སར་ལ་སྔ་ཕྱིར་ཐེངས་གསུམ་ལ་འཕྲིན་བཏང་བ་དེས་བོད་རིགས་བུད་མེད་ཞིག་གི་འགྱུར་མེད་ཀྱི་སྙིང་སྟོབས་བླ་ན་མེད་པ་མཚོན་འདུག སྤྱིར་བོད་ཀྱི་འགྲོ་ལུགས་དང་བཤད་རྒྱུན་ལ་ཕ་ཤུལ་བུ་ཡིས་འཛིན་པ་མ་གཏོགས་བུ་མོས་མི་འཛིན་ཟེར་མོད།འོན་ཀྱང་གླིང་སྒྲུང་དུ་ཕའི་རུས་དང་མའི་རུས་འདོགས་པའི་འདྲ་མཉམ་དབང་ཆའང་ཧ་ཅང་རྒྱུན་འབྱམས་སུ་གྱུར་ཡོད།དཔེར་ན།སྐྱ་ལོ་སྟོན་པ་རྒྱལ་མཚན་དང་སྔོ་ལོ་གྲོ་ལོ་སོགས་ཀྱི་རུས་ཕའི་རུས་དང་།རོང་ཚ་ཁྲ་རྒན་དང་འགོག་བཟའ་ཇོ་རུ་གཉིས་ཀྱི་སྔོན་དུ་ཕའི་རུས་མིན་པར་མ་ཡི་རུས་སྦྱར་ཡོད།ད་དུང་གླིང་སྟོད་སྨད་བར་གསུམ་གྱི་ཚོ་ཆེན་གྱི་མིང་དེ་ཡང་གླིང་གི་ལྡོང་ཆོས་འཕན་ནག་པོས་ཇ་མ་གསུམ་བླངས་པ་དེ་ལས།རིམ་བཞིན་སྟོད་གླིང་གསེར་བ་མཆེད་བརྒྱད།བར་གླིང་འོམ་བུ་ཚོ་དྲུག སྨད་གླིང་རྨུ་སྤྱང་སྡེ་བཞི་ཞེས་ཨ་མ་གསུམ་གྱི་རུས་ལས་མཆེད་པར་གྲགས་སོ།།

   སྤྱིར་བཏང་དུ་བོད་རིགས་དམངས་ཁྲོད་དུ་བུད་མེད་རྣམས་སྐྱེས་པའི་གོང་དུ་བསྡད་མི་ཆོག་པ་དང་།ལྷ་ཁང་དང་བཙན་ཁང་སོགས་སུ་རང་གར་རྒྱུ་མི་ཆོག་པ། ལྷ་རྩེད་དང་ལྷ་བསང་གཏོང་སྐབས་བུད་མེད་རྣམས་ཡོང་མི་ཆོག་པ་བཅས་ནི་ཆོས་ལུགས་ཀྱི་ཤུགས་རྐྱེན་འོག་ཕོ་མོ་གཉིས་འདྲ་མཉམ་མིན་པའོ།།

   གླིང་སྒྲུང་ལས་ཕོ་མོའི་ཁྱད་པར་དང་དབྱེ་བ་དགར་རྒྱུ་མེད་པར་བརྟེན།དེ་ནི་གེ་སར་བདུད་ལས་ཕེབས་ཁ་ལྟ་བུར་མཚོན་ནའང་གཡོག་མ་ལེ་དགོ་དགོ་མ་སོང་ནས་བསང་དུད་ནམ་མཁའ་བཀང་འདྲ་ཞིག་ཕུལ་ཏེ་ལྷ་ལ་སྐྱབས་འཇུག་བྱས་ཚུལ་གྱི་རྣམ་པའི་སྟེང་ནས་ཀྱང་ཤེས་ཐུབ་བོ།།

གསུམ་པ།བུད་མེད་ཀྱི་རྒྱན་གོས་སྐོར་གླེང་བ།

  དེ་ཡང་ང་ཚོ་བོད་མི་རིགས་ལ་གནའ་སྔ་མོའི་དུས་ནས་བཟུང་གོས་སུ་ཤིང་ལོ་གྱོན་པའི་དུས་སྐབས་བྱུང་བ་དང་།རྗེས་སུ་རིམ་གྱིས་གནམ་གཤིས་ཀྱི་དྲོ་གྲང་ལ་འགྱུར་ལྡོག་བྱུང་བའི་དབང་གིས་རི་དྭགས་ཀྱི་པགས་རིགས་གྱོན་པའི་སྲོལ་རིམ་གྱིས་དར།དེང་ཐོག་མི་རྣམས་ཀྱིས་དམར་གྱོན་དང་རིམ་གྱིས་ལག་མཉེད་བྱས་ནས་གྱོན་ཏེ་པགས་རིགས་འཚེམ་བཟོ་བྱེད་སྟངས་སོགས་ལའང་མདོ་དབུས་ཁམས་གསུམ་དུ་དབྱེ་བ་མང་དུ་བྱུང་།དེ་དང་མཚུངས་པར་གླིང་སྒྲུང་དུ་བསྟན་པའི་རྒྱན་གོས་ལའང་རིགས་དང་རྣམ་གྲངས་གང་གི་ཆ་ནས་ཀྱང་ཕུན་སུམ་ཚོགས་པོ་ཞིག་འདུག་སྟེ།སྐྱེས་པའི་རྒྱན་གོས།བུད་མེད་ཀྱི་རྒྱན་གོས།བྱིས་པའི་རྒྱན་གོས།བགྲེས་པོའི་རྒྱན་གོས།ཆོས་ལུགས་པའི་རྒྱན་གོས་སོགས་དང་།དུས་ཚིགས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་དབྱར་ཁར་རས་ལྭ་དང་དགུན་ཁར་རི་དྭགས་པགས་རིགས་གྱོན་པའི་སྲོལ་ཡོད་ཅིང་།སྤྱོད་ལུགས་ཀྱི་དབང་དུ་བྱས་ནའང་རྒྱུན་སྤྱོད་གྱོན་གོས་དང་གཟབ་འཆོར་རྒྱན་གོས་གཉིས་ཡོད་དོ།།

   གླིང་སྒྲུང་ནང་བུད་མེད་ཀྱི་སྣང་བརྙན་ཞིབ་འབྲི་བགྱིས་པ་ཆེས་མང་ལ་།སྣང་བརྙན་རེ་རེའི་ཁྲོད་དུ་རྒྱན་གོས་ཀྱི་སྐོར་དེ་བས་མངོན་གསལ་དོད་པོ་ཡིན།དེ་དག་ཚང་མ་མཛེས་དཔྱོད་རིག་པའི་ངོས་ཐད་ནས་བརྗོད་ན་སྒྱུ་རྩལ་གྱི་རིན་ཐང་ཚད་ངེས་ཅན་ཞིག་ལ་བསླེབས་འདུག་ཅེས་ཆེད་མཁས་དག་གིས་གསུངས།གླིང་སྒྲུང་དུ་བུད་མེད་རྣམས་ཀྱི་ལུས་ལ་ཚར་སློག་དང་།དར་གོས།སྣམ་ཕྲུག་སོགས་དང་།རྐང་ལ་ཀོ་ལྷམ།རས་ལྷམ་དང་།ཕྱིང་ལྷམ།རྒྱན་ཆ་ལ་གཡུ་བྱུར།གསེར་མེན་མུ་ཏིག་སོགས་ཀྱིས་གྲུབ་པའི་སྐེ་རྒྱན་དང་རྣ་རྒྱན།ཐོང་ཁའི་དངུལ་གྱི་གའུ།གསེར་དངུལ་ཟངས་གསུམ་གྱི་མཛུབ་དཀྲིས།གདུ་བུ།དངུལ་གྱི་གློ་ཟུར།དངུལ་གྱི་བཞོ་ཟུང་སོགས་ཀྱིས་མཛེས་པར་བྱེད་པ་ཡིན་ཏེ།དཔེར་ན།《རྨ་ཤེལ་བྲག》ཏུ།གླིང་གི་དཔོན་མོ་དེ་མགོ་རྒྱན་རབ་ནོར་བུ་སྣ་ཚོགས།ལུས་གོས་རབ་ཟ་འོག་དགུ་བརྩེགས།སྐེད་ཆིངས་འཇའ་ཚོན་རང་ཤར།སེར་པོ་སྤོས་ཤེལ་དགུ་བསྒྲིགས།ཁྲ་བོ་གཟི་བྱུར་དགུ་བསྒྲིགས།དམར་པོ་བྱུར་མགུལ་དགུ་བསྒྲིགས།སྔོན་པོ་གཡུ་མགུལ་དགུ་བསྒྲིགས།གསེར་དངུལ་འགུག་ཡ་གྲ་བསྒྲིགས།གསེར་ཆབ་ནོར་བུའི་ཕྲ་ཚོམ།གསེར་རྣ་མུ་ཏིག་བཏགས་ལུང་།གསེར་གྭ་རིན་ཆེན་དགུ་བསྒྲིགས།གློ་ཟུར་ནོར་འཛིན་དགུ་བསྒྲིགས།མུ་ཏིག་ཟར་ལོ་རང་འགྲིགས།དར་ལྷམ་འཇའ་རིས་སུམ་བརྩེགས།ལྷམ་སྒྲོག་ཆུ་མིག་དགུ་བསྒྲིགས་སོགས་རྒྱན་རབ་ཕུན་སུམ་ཚོགས་པས་སྤྲས་ཏེ་མཛེས་དགུ་ལུས་ལ་ཚངས་ཞེས་པ་དང་།《ཐོག་གླིང》དུ།སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་དེས།རྒྱན་རབ་བཅོ་བརྒྱད་སྐུ་ལ་གསོལ།རྒྱན་གོས་ལུག་ཆུང་ཚ་རུ་ལ།ཕོ་སྲམ་བརྒྱ་ཡིས་སྒང་བཟོ་བྱས།མོ་སྲམ་བརྒྱ་ཡིས་གཤོང་བཟོ་བྱས།སྲམ་ཕྲུག་བརྒྱ་ཡིས་སྲུབས་ཟིན་བྱས།གཟིག་མི་གཟན་པགས་ཁ་ཤན་བརྒྱན།དོམ་ཁྲག་འཐུང་པགས་པས་མཐའ་རྒྱན་བྱས།བཀབ་ན་ཤོག་དྲུག་ཁེབས་པ་བྱུང་།གྱོན་ན་བྱང་རླུང་ལྷགས་པ་ཁོགས།སྐེད་འཆིང་དུང་གི་ཆབ་ཁྲ་ལ།རྒྱ་བྱུར་དཀྲུག་མས་ཕྲ་རྒྱན་བརྒྱབ།དར་གོས་མདངས་ལྡན་མཛེས་རྒྱན་གྱིས་ཞེས་འཁོད་ཡོད་པ་ལྟ་བུ་ལས་མདོ་དབུས་ཁམས་གསུམ་གྱི་རྒྱན་གོས་ལ་ཁྱད་ཆོས་འབུར་དུ་ཐོན་པའི་སྒྱུ་རྩལ་རང་བཞིན་གྱི་བཟོ་ལུགས་སྣ་ཚོགས་ཤིག་བྱུང་ཡོད་པ་མཚོན་ལ།དེ་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རང་བཞིན་དང་མཛེས་དཔྱོད་ཀྱི་རིན་ཐང་ལྡན་པའི་དམངས་སྲོལ་རིག་གནས་ཀྱི་མ་ལག་ཅིག་ཡིན།རི་དྭགས་ཀྱི་པགས་རིགས་གཙོ་བྱེད་པའི་རྒྱན་གོས་ནི་སྟག་ལྤགས།གཟིག་ལྤགས།དོམ་ལྤགས།སྲམ།ཝ་སོགས་ཡིན་ལ།གླིང་སྒྲུང་ལས་བྱུང་བའི་རྒྱན་གོས་ཀྱི་རིགས་ཚང་མ་རྩ་ཆེན་ཡིན་དོན་ཡང་དེ་དག་གྲུབ་བྱེད་ཀྱི་རྒྱུ་ཚང་མ་གཞལ་དཀའ་བའི་རིན་ཆེན་ཁོ་ན་ཡིན་པའི་རྐྱེན་གྱིས་ཡིན་ལ།དེ་ལས་ང་ཚོ་བོད་པ་རྣམས་ལ་གནའ་སྔ་མོ་ནས་རང་བྱུང་གི་མཛེས་སྡུག་ལ་དགའ་བའི་སེམས་འདུན་དྲག་པོ་མཚོན་པའང་ཤེས་ཐུབ་བོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1