ཏང་གི་སྲིད་ཇུས་བཟང་པོ་རྩྭ་ཐང་དུ་སླེབས་པ་ནས་བཟུང་། འབྲོག་པ་མང་ཚོགས་ཀྱི་ཨམ་ཕྲག་ནང་དུ་ཡང་སྒོར་མོ་ཡོད་བྱུང་། འཚོ་བའི་ཆུ་ཚད་གོང་དུ་འཕེལ་ཞིང་འགྲིམ་འགྲུལ་སྐྱེལ་འདྲེན་ཡང་སྟབས་བདེ་ལ་ཇེ་མྱུར་དུ་ཕྱིན་པ་དང་ཟོང་འགྲུལ་དར་རྒྱས་ཆེ་བར་གྱུར་པས། སྔོན་ཆད་ཁུ་སིམ་པོར་གནས་པའི་རྩྭ་ཐང་དུ་ཡང་འཚོ་བའི་མཁོ་ཆས་ཕུན་སུམ་ཚོགས་པ་ཞིག་ཉོ་ཐུབ་བཞིན་ཡོད། ཐོན་སྐྱེད་དང་མི་གཞི་སྡོད་བྱེད་སའི་གནས་ཤིག་ཡིན་ཚེ་གད་སྙིགས་འབྱུང་འོངས་པ་གདོན་མི་ཟ་སྟེ་རྩྭ་ཐང་ཡང་ཟུར་དུ་བསལ་རྒྱུ་མེད། མཐོང་བ་ཀུན་སྨོན་གྱི་གནས་སུ་གྱུར་བའི་རྩྭ་ཐང་ཡང་རིམ་གྱིས"མཛེས་པའི་སྤང་ལ་བསིལ་རླུང་ལྡིང་གྱུར་ན། ། རྟ་ནོར་ལུག་གི་རྦ་རླབས་འཕྱུར་བ་མཐོང་། ། "ཞེས་པའི་ཚིག་ཏུ་གྱུར་ཡོད། ད་ལྟ་དེའི་ཚབ་བྱེད་དུ་འགྱུར་བཞིན་པ་ནི་རླུང་གིས་ཅི་དགར་བསྐྱོད་པའི་ཤོག་ཧྲུལ་དང་སྐྱ་ཆིལ་ཆིལ་གྱི"འགྱིག་ཤོག་ཁུག་མའི་མེ་ཏོག"དེ་རེད།
དྲིན་ཆེན་ཞེས་པའི་འབྲོག་ཁུལ་དུ་འདི་འདྲའི་གནས་ཚུལ་ཞིག་བྱུང་མྱོང་སྟེ། འབྲོག་པའི་དུད་ཁྱིམ་ཞིག་གི་ཟོག་ལུག་དག་གིས་རྩྭ་ཟ་མི་ཐུབ་ཅིང་ཉིན་རེ་བཞིན་ཤ་རིད་པར་གྱུར་པས། ཟོག་ལུག་དག་ཤི་རྗེས་འབྲོག་པ་ཚོས་ཟོག་ལུག་བཤས་ཏེ་ཕོ་བ་གཤགས་དུས་ཕོ་བའི་ནང་སྐྱ་ཆིལ་ཆིལ་གྱི་འགྱིག་བཟོས་ཁུག་མ་མང་པོས་ཁེངས་ཡོད་པ་རྟོགས། འབྲོག་པའི་འཚོ་བ་རྟེན་སའི་ཆུ་མགོ་དག་ཀྱང་འཚོ་བའི་གད་སྙིགས་རིམ་པ་རེ་རེ་ཡིས་བཀག་འདུག་པས། འབྲོག་མི་རྣམས་རྩྭ་ཐང་ནས་འཚོ་བའི་སྤྱོད་ཆུ་སྐྱེལ་འདྲེན་བྱེད་དུ་མི་འགྲོ་ཐབས་མེད་དུ་གྱུར། སྟོན་དགུན་གྱི་དུས་ཚིགས་སུ་བྱེ་རླུང་གིས་མནར་གཅོད་གང་སྡུག་གཏོང་ཞིང་འཛེམ་ཟོན་གཏན་ནས་མེད་པའི་འཚོ་བའི་གད་སྙིགས་མང་པོ་དེ་བས་ཀྱང་རྩྭ་ཐང་གི་ཁྱོན་ཡོངས་སུ་ལྡིང་བཞིན་ཡོད་པས། འདི་ཡོད་ཚད་ཀྱིས་མི་རབས་ནས་མི་རབས་བར་རྩྭ་ཐང་དུ་གཞི་སྡོད་བྱས་པའི་འབྲོག་པ་མང་ཚོགས་ལ་ན་ཟུག་བཟོད་གླགས་མེད་པ་ཞིག་བསྐྱེད་བྱུང་། དྲིན་ཆེན་འབྲོག་ཁུལ་གྱི་རྩྭ་ཐང་དུ་མིང་ལ་ཚེ་འཕེལ་ཟེར་བའི་འབྲོག་མི་ཞིག་ཡོད་ཅིང་། ཁོང་གིས་འདི་ཡོད་ཚད་མིག་གིས་མཐོང་སྟེ་རང་ལ་མངོན་ཆུང་སྒོས་ལབ་རྒྱུར། རྩྭ་ཐང་ནི་ངའི་ཕ་ཁྱིམ་ཡིན། འབག་བཙོག་འབྱུང་རྐྱེན་དུ་གྱུར་པའི་དངོས་པོ་འདི་དག་མིས་བཟོས་ཏེ་ཐོན་སྐྱེད་བྱུང་བ་ཡིན་པས་ན། སྔར་བཞིན་མི་རང་ཉིད་ཀྱི་ལག་པ་ཟུང་གིས་རྩྭ་ཐང་ལ་བཞིན་རས་གཙང་མ་ཞིག་བསྐྲུན་དགོས་ཟེར།
བཤད་ཕོད་ལ་སྒྲུབ་ཀྱང་ཕོད་པ་ཞིག་སྟེ། 2014ལོའི་དཔྱིད་གྲང་ཕྲན་བུ་ལྡན་པའི་དུས་སུ་ཚེ་འཕེལ་གྱིས་ཡུལ་གྱི་འཁོར་བཞི་ཆུང་ངུ་གཅིག་པུ་དེ་བསྐོར་ནས་གད་སྙིགས་འཐུ་མགོ་བརྩམས།
ཚེ་འཕེལ་གྱིས་གད་སྙིགས་འཐུ་མགོ་བརྩམས་པ་ནས་ལོ་ངོ་བཞི་ལྷག་འདས་སོང་། ནངས་ཉི་ཤར་ནས་དགོང་ས་སྲོས་ལ་ཐུག་ཀྱང་གད་སྙིགས་འཐུ་མཚམས་ཡེ་ནས་མི་འཇོག་ཅིང་། དབྱར་དགུན་རེས་སུ་འཁོར་ན་ཡང་བློ་ལ་འགྱུར་བ་གཏན་ནས་མེད་དོ། ། གཞན་གྱིས་ཚེ་འཕེལ་ལ་འདི་ལྟར་བཤད་མྱོང་སྟེ། ཁྱོད་རང་མིང་དུ་གྲགས་འདོད་པ་ཡིན་ནམ་ཞེས་སྨྲས་ཀྱང་། ཚེ་འཕེལ་གྱིས་འཛུམ་དགོད་ཙམ་ལས་སྐད་ཆ་ཅི་ཡང་བཤད་མི་འདོད། ད་དུང་ཁྱིམ་མི་དག་གིས་ཀྱང་། ཁྱིམ་ཚང་གཞན་གྱི་སྐྱེས་པ་ཚོར་ལྟོས་དང་། ཚང་མ་རྒྱུ་འཚོལ་དུ་སོང་འདུག། འོན་ཀྱང་ཁྱོད་ཀྱིས་རྐང་འཁོར་བསྐོར་ཏེ་ཉིན་བཞིན་དུ་རིན་ཐང་མེད་པའི་གད་སྙིགས་འདི་དག་འཐུ་བཞིན་ཡོད་ཅེས་བཤད་མྱོང་བས། ཚེ་འཕེལ་གྱི་སེམས་ལ་མིག་ཆུ་ལྷུང་ཡང་རྩོད་གླེང་ཡེ་ནས་མི་བྱེད། ལོ་ངོ་བཞི་འདིའི་རིང་ཚེ་འཕེལ་གྱིས་འགྱིག་ཁུག་དང་། སོ་མའི་སེང་རས་རྙིང་ཧྲུལ། ལྕགས་ཤོག། ཤེལ་དམ་སོགས་གད་སྙིགས་ཅི་ཙམ་འཐུས་ཡོད་པ་གྲངས་ཀྱིས་ཆོད་དཀའ། ཁོས་གད་སྙིགས་འཁོར་སྒམ་གང་བཏུས་རྗེས་རྩྭ་ཐང་དུ་ཙོག་ནས་ཡུད་ཙམ་ལ་ངལ་གསོ་རེ་བྱས་ཏེ། ང་རང་བྱིས་པ་ཡིན་དུས་སུ་རྩྭ་ཐང་དུ་གད་སྙིགས་འདི་དག་ཡེ་ནས་མེད། རྗེས་ཕྱོགས་ཀྱང་གཏན་ནས་ཡོད་མི་རུང་ཞེས་རང་ལ་ཁེར་ལབ་བགྱིས།
བཞི་འཁོར་ཆུང་བ་རྩྭ་ཐང་བརྒྱུད་ནས་བསྐྱོད་དེ་ཉིན་རེ་བཞིན་རྙིང་པ་རྙིང་རྐྱང་དུ་གྱུར་པས། མཐར་གད་སྙིགས་བཅུག་པའི་སྤྲུལ་པགས་ཀྱི་འགྱིག་ཁུག་འོག་ཏུ་ས་ལ་བསྒྱེལ། དེ་ནས་ཚེ་འཕེལ་གྱིས་གཉེན་ཉེ་ཞིག་གི་རྐང་འཁོར་གཡར་ཞིང་། རྐང་འཁོར་དེ་ཕྱིར་སྤྲད་རྗེས་ཁོས་ལག་པས་དྲུད་ཅིང་ཕྲག་པས་འཐེན་གྱིན་དུ་གད་སྙིགས་སྒྱེ་མོ་རེ་རེ་རྩྭ་ཐང་ནས་ཕར་བསྐྱལ། འདི་ནི་ཡུན་རིང་གི་འཆར་གཞི་ཞིག་དུས་ནམ་ཡང་མིན་ཏེ། ལས་ཆོད་རྐྱང་རྐྱང་གི་ངོས་ནས་བཤད་ནའང་། ཤེད་ཤུགས་དང་ཕྲག་པ་ལ་བརྟེན་ནས་ཕྱོགས་གཅིག་ནས་གད་སྙིགས་བཏུས་ཚར་ཏེ་ཕྱིར་སླེབས་ཚེ། ཡང་རླུང་གིས་གད་སྙིགས་མང་པོ"དབོར་སྐྱེལ"བྱས་འོངས། 2014ལོའི་ལོ་སྨད་དུ། ཚེ་འཕེལ་གྱིས་དྲིན་ཆེན་སྡེ་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་ཏེ་འདྲུད་འཐེན་འཕྲུལ་འཁོར་ཞིག་གཡར་རྒྱུ་བྱུང་བས། ཁོང་གིས"རྩྭ་ཐང་སྔར་ལས་གཙང་དག་ཅིག་ཡོང་བར་བྱེད"པའི་དད་མོས་དེ་སྔར་ལས་བློ་བརྟན་འགྱུར་མེད་དུ་གྱུར།
2016ལོའི་ལོ་སྨད་དུ། སྡེ་པའི་ནང་གི་འདྲུད་འཐེན་འཕྲུལ་འཁོར་ཕྱིར་བླངས་བྱུང་། ཚེ་འཕེལ་གྱིས་ཆུང་མ་དང་བུ་གཉིས་ལ་གོ་བ་བསྐོན་ཏེ་སྐྱི་དངུལ་གཡར་ཞིང་། དེའི་ཁར་མ་མཐའི་འཚོ་རྟེན་འགན་སྲུང་གི་བསགས་དངུལ་ཉུང་ཙམ་ཡོད་པ་ཡང་བསྣན་ཏེ་ཞིང་སྤྱོད་འདྲུད་འཐེན་འཁོར་ལོ་རྐང་གསུམ་ཞིག་ཉོས། ཚེ་འཕེལ་གྱི་ཆུང་མ་ངུ་བཞིན་དུ་ན་རེ། ཁྱོད་རང་ཕྱི་རོལ་དུ་ལས་ཀ་འཚོལ་དུ་མི་འགྲོ་ན་ཡང་། ང་རང་ཁྱོད་དང་མཉམ་དུ་དཀའ་སྡུག་མྱོང་རྒྱུར་མི་སྐྲག། འོན་ཀྱང་། ཁྱོད་ཀྱིས་འདི་ལྟར་ཉིན་མཚན་ལ་ལྟོས་པ་མེད་པར་གད་སྙིགས་བཏུས་ནས་ལུས་ན་བྱུང་ཚེ། སུ་ཞིག་གིས་ཁྱོད་གཉོར་སྐྱོང་བྱེད་དམ་ཟེར། ཚེ་འཕེལ་གྱིས་ཆུང་མའི་མིག་ཆུ་ཕྱིས་ཏེ་ན་རེ། རྩྭ་ཐང་ནི་ང་ཚོའི་ཕ་ཁྱིམ་ཡིན། ཕ་ཁྱིམ་འདི་འབགས་བསླད་ཀྱིས་ཇེ་བཙོག་ནས་ཇེ་བཙོག་ཏུ་འགྲོ་བཞིན་གདའ། གལ་ཏེ་ངས་མཐོང་བཞིན་དུ་མྱུར་སྐྱོབ་མ་བྱས་ཚེ། ནད་བབ་སྔར་ལས་ཇེ་དྲག་ཏུ་འགྲོ་ངེས་རེད་ཟེར། ཚེ་འཕེལ་གྱིས་འབྲོག་པས་རྩྭ་ཐང་ལ་བཅངས་པའི་ཟོལ་མེད་བབ་ཆགས་པའི་བརྩེ་དུང་གིས་ཆུང་མ་དང་བུ་བུ་མོ་ལྔ་པོ། ད་དུང་ཉེ་འཁོར་གྱི་སྡེ་མི་དག་ལ་སེམས་འགུལ་ཐེབས་སུ་བཅུག་པས། རིམ་གྱིས་ཚེ་འཕེལ་གྱིས་གད་སྙིགས་འཐུ་བའི་དཔུང་སྡེ་ཡང་རྒྱ་ཇེ་ཆེར་གྱུར་ཏེ། ཁོ་རང་མི་གཅིག་ནས་ཁྱིམ་ཚང་ཞིག་ཏུ་གྱུར་ཅིང་། ཡང་ཁྱིམ་ཚང་གཅིག་ནས་ཁྱིམ་ཚང་བཅུ་ཁ་ཞིག་ཏུ་གྱུར།
སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཚེ་འཕེལ་ལ་རོགས་སྐྱོར་མ་དངུལ14000ཙམ་བརྩོན་ལེན་བྱས་ཤིང་། ཚེ་འཕེལ་གྱིས་མ་དངུལ་དེ་ཚང་མ་ལྕགས་ར་བསྐོར་བ་དང་གད་སྙིགས་བྱོ་སའི་འོབས་དོང་འཛུགས་སྐྲུན་བྱེད་པར་བཀོལ་སྤྱོད་བྱས། ཚེ་འཕེལ་གྱིས་བཤད་རྒྱུར། ངས་ཉིན་བཞིན་དུ་རྐང་གསུམ་འཁོར་ལོ་བསྐོར་ནས་སྤྱི་ལེ་གཅིག་ཙམ་ལ་སོང་ན་གད་སྙིགས་འཁོར་སྒམ་གཉིས་རེ་འཐུ་ཐུབ་ཅིང་། ཆེས་དཀའ་ཁག་ཆེ་བ་དེ་ནི་གད་སྙིགས་འདི་དག་ཇི་ལྟར་བཀོད་སྒྲིག་བྱེད་རྒྱུ་དེ་རེད། མིག་སྔར་ངས་འོབས་དོང་ཁ་ཤས་བརྐོས་ཏེ་འོབས་ཁ་སླ་མོ་ཞིག་བསྐངས་རྗེས། རླངས་སྣུམ་བླུག་སྣོད་ཀྱི་ཟོམ་རལ་པོ་བཀོལ་ནས་མེར་སྲེག་པས་ལས་ཐབས་ཤེས་གཞན་མེད། རྗེས་ཕྱོགས་གད་སྙིགས་གཅིག་བསྡུས་བྱེད་སའི་གནས་མང་པོ་འཛུགས་སྐྲུན་བྱས་ཚེ། གད་སྙིགས་བཀོད་སྒྲིག་བྱེད་རྒྱུའང་ལས་སླ་པོ་རེད་ཟེར།
ཆར་པ་ཟིམ་ཟིམ་དུ་འབབ། ཁ་བ་ལྷབ་ལྷུབ་ཏུ་ལྡིང་། ཁ་ཆར་བུ་ཡུག་ཐམས་ཅད་རྩྭ་ཐང་གི་པང་ཁུག་ཀུན་ཏུ་སིམ་ཡོད། ལོ་ངོ་བཞི་འདས་སོང་། ཚེ་འཕེལ་ཞེས་པའི་དྲིན་ཆེན་སྡེ་པའི་རུ་ཁག་གཉིས་པའི་སྡེ་མི་ཧ་ཅང་དཀྱུས་མ་ཞིག་སྟེ། རྩྭ་ཐང་གི་གད་སྙིགས་འཐུ་བར་བློ་བརྟན་འགྱུར་མེད་བཅངས་ནས། རྐང་གསུམ་འཁོར་ལོ་ནས་ཞིང་སྤྱོད་འདྲུད་འཐེན་འཁོར་ལོར་གྱུར་པ་དང་། མི་གཅིག་ནས་དྲིན་ཆེན་གྲོང་རྡལ་ཧྲིལ་པོར་གྱུར་པ། གད་སྙིགས་སྒྱེ་མོ་རེ་རེ་ནས་འོབས་དོང་ཡོངས་སུ་བཀང་བར་བྱས་ཏེ་གད་སྙིགས་གྲངས་ལས་འདས་པ་མང་པོ་ཞིག་མེར་བསྲེགས་པ་སོགས། ཚེ་འཕེལ་གྱིས་དཀའ་སྡུག་བྱས་པ་དེ་རྩྭ་ཐང་གིས་མཐོང་ཐུབ་ལ་སྡེ་མི་དག་གིས་ཀྱང་མཐོབ་ཐུབ། དེ་ནས་འབྲོག་པ་མང་ཚོགས་སྔར་ལས་མང་པོ་ཚེ་འཕེལ་གྱི"དཔུང་སྡེ"རུ་ཞུགས་ཤིང་། མི་སྔར་ལས་མང་པོ་ཞིག་གིས་རྩྭ་ཐང་དུ་ངལ་ཅུང་ཙམ་གསོས་རྗེས་འཚོ་བའི་གད་སྙིགས་དག་མ་བསྐུལ་དང་བླངས་སྒོས་འཁྱེར་ནས་བུད་འགྲོ།
རྩྭ་ཐང་སྔར་ལས་མཛེས་སྡུག་ལྡན་པ་དང་། སྲོད་རླུང་ཡང་སྔར་ལས་དྭངས་ཤིང་གཙང་བ་ཞིག་ཏུ་གྱུར།
ཚེ་འཕེལ་གྱིས་བརྗོད་རྒྱུར། རྩྭ་ཐང་གི་གནམ་གཤིས་ནི་བྱིས་པའི་ངོ་གདོང་དང་འདྲ་བར་འགྱུར་བསམ་ན་དེ་འཕྲལ་དུ་འགྱུར་སླ་པོར་ཆགས་ཡོད་དེ། ང་རང་ཕྱི་རོལ་དུ་གད་སྙིགས་འཐུ་རུ་འགྲོ་ཐེངས་རེར་གནམ་གཤིས་ཀྱི་འགྱུར་ལྡོག་ཀྱང་ཧ་ཅང་མགྱོགས་ལ། རེས་འགར་ཐེངས་བཞི་ལྔ་རེར་ཆར་པས་ལུས་ཡོངས་སུ་བརླན་པར་བྱེད། ད་དུང་གད་སྙིགས་ཁ་ཤས་རླུང་གིས་རྐང་གསུམ་འཁོར་ལོ་ཡང་སྐྱོད་མི་ཐུབ་པའི་སར་ཁུར་ཡོད་ཅིང་། ཁ་ཤས་རི་སྒང་གི་བྲག་སྣེར་བཀལ་བ་དང་། ཡང་ཁ་ཤས་ཆུ་ལམ་དུ་ཕུང་གསོག་ཐེབས་ཡོད། ང་རང་ཆུ་ལ་བརྒལ་བ་དང་རི་ལ་འཛེགས་པ་ཅི་བྱ་དགོས་ཀྱང་དཀའ་སྣང་ཞིག་མེད་མོད། འོན་ཀྱང་། ང་རང་བློ་ཕམ་ཡི་ཆད་དུ་འགྱུར་བར་བྱེད་པ་ཞིག་ལ་གད་སྙིགས་རྙིང་པ་བཏུས་ཚར་རྗེས་སླར་གད་སྙིགས་གསར་པ་འབྱུང་འོངས། དཀའ་གནད་ཆེ་ཤོས་ནི་གད་སྙིགས་ཧ་ཅང་མང་པོ་བཏུས་ཀྱང་བཀོད་སྒྲིག་སླ་མོ་ཞིག་ལས་བྱེད་ཐབས་མེད་པ་དེ་ཡིན། བཀོད་སྒྲིག་འོས་འཚམ་ཞིག་མ་བྱས་ཚེ། བཀོད་སྒྲིག་བྱས་ཟིན་པའི་གད་སྙིགས་དེ་ཡང་བསྐྱར་འབྱུང་འོངས་པས། འདི་ནི་ང་རང་མི་གཅིག་གི་ནུས་ཤུགས་ལ་བརྟེན་པ་ཙམ་གྱིས་ཐག་གཅོད་བྱེད་ཐབས་ག་ལ་ཡོད་ཟེར།
ས་སྲོད་ཀྱི་དུས་སུ། ཚེ་འཕེལ་དང་། ཁོའི་ཆུང་མ། ད་དུང་དྲིན་ཆེན་གྲོང་རྡལ་གྱི་རང་འགུལ་སྒོས་གད་སྙིགས་འཐུ་བའི་དཔུང་སྡེ་རུ་ཞུགས་པའི་སྡེ་མི་རྣམས་ཀྱིས། ངལ་དུབ་ཀྱིས་གཙེས་པའི་གོམ་འགྲོས་འདྲུད་བཞིན་གཞི་སྡོད་བྱེད་སའི་ཡུལ་དུ་ལོག་ཅིང་། ཁོ་ཚོས་འཛུམ་དགོད་ཀྱི་ཀློང་ནས་ཉིན་འདིའི"ཡོང་འབབ"གླེང་།
སྡེ་མི་ཞིག་གིས་ཚེ་འཕེལ་ལ་འདྲི་རྒྱུར། ལོ་འདི་འདྲའི་མང་པོ་ཞིག་འགོར་འདུག གད་སྙིགས་བཏུས་ན་ཁྱོད་ལ་དངོས་གནས་འཁང་ར་དང་འགྱོད་སེམས་ཅི་ཡང་མེད་དམ་ཟེར། ཚེ་འཕེལ་གྱིས་ཚིག་ཐག་གཙང་བཅད་ཀྱི་སྒོ་ནས་ན་རེ། རང་གི་མིག་འབྲས་སྲུང་བ་ལྟར་རྩྭ་ཐང་སྲུང་སྐྱོབ་བྱ་དགོས། དབུགས་ཁམ་གང་ལས་མེད་ནའང་ངས"གད་སྙིགས"ལ་འཐབ་རྩོད་མཐའ་འཁྱོལ་བ་ཞིག་བྱ་ངེས། གལ་སྲིད་ང་རང་སར་སྒྱེལ་ཚེ་ད་དུང་ངའི་བུ་མོ་ཡང་ཡོད། སྐྱ་རེངས་ད་སྔོན་ཏག་ཏག་ཏུ་ཤར་སོང་། རྒྱལ་ཐང་རྩྭ་ཐང་དུ་བསིལ་རླུང་དལ་བུར་ལྡིང་ཞིང་། ཚེ་སྲོག་གསར་པའི་མྱུ་གུ་རེ་རེ་ཡིས་ས་ཤུན་བརྟོལ་ནས་སྐྱེས་འོངས། ཨ། སྔོ་ལྗང་ལྡན་པའི་རི་སྒང་། བསིལ་ཞིང་དྭངས་པའི་མཁའ་དབུགས། ནངས་སྔ་མོར་ལངས་པའི་འབྲོག་མོ་རི་སྒང་ལ་ཆས་དུས། ཨ་སྔོན་དབྱིངས་སུ་ཞོགས་པའི་ཉི་འོད་ལམ་ལམ་དུ་འཕྲོས།
ཡུལ་ཤུལ་ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་མ་རྩོམ་མཁོ་འདོན་བྱས།
བསམ་གྲུབ་ཀྱིས་བསྒྱུར།