སྡེ་བ་རིམ་པའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་པ་ནི། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་སྲོག་ཤིང་གི་གོ་གནས་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཞིང་ལས་སྟོབས་ལྡན་དང་གྲོང་གསེབ་མཛེས་སྡུག་བཟོ་བ། ཞིང་པ་ཕྱུག་པོར་གྱུར་བ་བཅས་ཀྱི་བྱེད་ཐབས་དང་གྲོང་གསེབ་དར་སྤེལ་གཏོང་བའི་འགྲོ་ལམ་ཉག་གཅིག་ཀྱང་ཡིན། ཉེ་བའི་འགའི་རིང་དུ་མེན་ཧོ་རྫོང་ཁྲོན་ཁོའུ་གྲོང་རྡལ་ཏང་ཨུས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་ནན་ཏན་བྱེད་པ་དང་། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚིགས་རིང་ལུགས་ཀྱི་དགོངས་དོན་གྱིས་མཛུབ་སྟོན་བྱེད་པ། སྡེ་བ་རིམ་པའི་ཐུན་མོང་གི་དཔལ་འབྱོར་གྱི"གསར་འབྱེད"ལས་གཞི་དེ་འགག་རྩ་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་རིགས་བགོས་མཛུབ་སྟོན་བྱས་པས་ཁྲོན་ཁོའུ་ཡི་དོན་དངོས་དང་མཐུན་པའི་འགྲོ་ལམ་ཞིག་བཙལ་ཞིང་གྲུབ་འབྲས་མངོན་གསལ་ཐོབ།
གཅིག ཆབ་སྲིད་སྣེ་ཁྲིད་ལ་ཤུགས་བསྣན་ཏེ་ཏང་རྩ་འཛུགས་ཆབ་སྲིད་ཀྱི་ནུས་པ་འདོན་སྤེལ་བྱས།
གཅིག་ནི་ཏང་རྩ་འཛུགས་ཀྱི་སྡེ་བ་རིམ་པའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་པའི་ཁྲོད་ཀྱི་ཆབ་སྲིད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཞིང་། གྲོང་རྡལ་ཏང་ཨུས་སྡེ་བའི"ཨུ་ཡོན་ལྷན་ཁང་གཉིས"སྐབས་བརྗེ་འདེམ་བསྐོ་བྱེད་དུས་ཆབ་སྲིད་བྱང་ཚད་བཟང་བ་དང་རིག་གནས་ཆུ་ཚད་མཐོ་བ། ཕྱུག་སྒྱུར་བྱེད་ནུས་ཡོད་པ་བཅས་ཀྱི་ཏང་ཡོན་མང་ཚོགས་བདམས་ཏེ་སྡེ་བའི"ཨུ་ཡོན་ལྷན་ཁང་གཉིས"ཀྱི་ཚན་ཁག་བཟང་བོ་བཀོད་སྒྲིག་བྱས། འགན་ཁུར་པ་གཙོ་བོ26ནང་དུ་ཕྱུག་སྒྱུར་སྣེ་ཁྲིད་པ18ཡོད། གཉིས་ནི་སྡེ་བ་རིམ་པའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་བ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། རྫོང་ཞིང་ཕྱུགས་ཅུས་དང་ནོར་སྲིད་ཅུས་སོགས་སྡེ་ཁག་ནས་རྣམ་གྲངས་མ་དངུལ་ཁྲི200ལྷག་བརྩོན་ལེན་བྱས་ནས་ཧྲི་ན་སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་བར་བཀོལ་ནས་མ་དངུལ་སྒོར་ཆེས་ཆེ་བ་མངོན་དུ་འགྱུར་བ་རེད། གསུམ་ནི་སྡེ་བ་ལྟར་སྲིད་ཇུས་ལག་བསྟར་བྱས་པ་དང་ཕྱོགས་བསྡུས་དབྱེ་ཞིབ་དང་ཞིབ་འཇུག རྒྱ་ཁྱབ་ཏུ་ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ། སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཡི་ལེགས་ཆ་ཐོན་ཁུངས་བཀོལ་ནས་སྡེ་བ་རིམ་པའི་ཐུན་མོང་གི་དཔལ་འབྱོར་གྱི"གསར་འབྱེད"ལས་གཞི་རྣམ་གྲངས་གཏན་འཁེལ་བྱས་པས་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་འགྲོ་ལམ་ཞིག་ཆགས། དེ་མིན"ཨུ་ཡོན་ལྷན་ཁང་གཉིས"ཀྱི་འགན་ཁུར་པ་གཙོ་བོ་རྩ་འཛུགས་བྱས་ཏེ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཧོང་ཀུའུ་ཆུའུ་རུ་སོང་ནས་ཁོ་ཚོའི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དང་ལྟ་སྦྱོང་བྱེད་དུ་སོང་བ་དང་། རྫོང་མཁར་གྱི་ཚོང་ལས་ལྟེ་གནས་སུ་རྟོག་ཞིབ་བྱས་པས་སྡེ་བ་རིམ་པའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་པའི་ཐད་གཞི་འཛིན་ས་བཟང་བོ་འདོན་སྤྲོད་བྱས།
གཉིས། ལེགས་ཆའི་ཐོན་ཁུངས་བཀོལ་ནས་བེད་མེད་མ་རྩའི་ནུས་པ་འདོན་སྤེལ་བྱས།
གྲོང་གསེབ་ཀྱི་བེད་མེད་ཀྱི་བཟོ་ཁང་དང་ལས་ས། སྡེ་བ་རྙིང་བ་སོགས་ཐོན་ཁུངས་སྔོག་འདོན་དང་མཉམ་སྒྲིག་བྱས་ཏེ། ཁེ་ལས་དང་མི་སྒེར་ཚོང་གཉེར་ཁྱིམ་ཚང་ལ་འགན་གཙང་ལེན་བྱས་པས་ལོ་རེར་བོགས་དངུལ་ལེན་པར་སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་བ་དང་སྡེ་བའི་ཡོང་སྒོ་མང་པོར་གྱུར་བའི་དབང་གིས་མང་ཚོགས་ལ་ཕན་ཐོབ་ཏུ་བཅུག ཧྲན་ཁྲིན་སྡེ་བས་བེད་མེད་ཀྱི་བཟོ་ཁང་དང་ལས་ས་མུའུ10ཙམ་གྱི་ས་ཞིང་དང་ཚོང་ཁང་ཅན3མི་སྒེར་ཚོང་གཉེར་ཁྱིམ་ཚང་ལ་བོགས་མར་བཏང་བས་ལོ་རེར་ཡོང་སྒོ་སྒོར་ཁྲི16ཏུ་སླེབས་པ་དང་། ཞིང་ཐང་སྡེ་བས་བེད་མེད་ཀྱི་ལས་ས་དང་ཁང་བ་སྡེ་བ་རྙིང་བ་མུའུ20ཙམ་ཚོང་གཉེར་ཁྱིམ་ཚང་བོགས་མར་བཏང་ནས་བོགས་དངུལ་དེ་སྡེ་བའི་ཐུན་མོང་གི་ཡོང་སྒོར་བྱས་ནས། ལོ་རེར་ཡོང་སྒོ་སྒོར་ཁྲི32.8ཏུ་སླེབས་པ་རེད།
གསུམ། མ་དངུལ་མཉམ་སྒྲིག་ལ་ཤུགས་བསྣན་ཏེ་ཐར་ཐོར་གྱི་མ་དངུལ"ཆིག་གྲིལ"བྱས།
སྡེ་བ་རིམ་པའི་ཐུན་མོང་གི་དཔལ་འབྱོར་གྱི"གསར་འབྱེད"ལས་གཞིས་དབུལ་ཕོངས་མིན་པའི་སྡེ་བ་རེར་བཏང་བའི་རྣམ་གྲངས་མ་དངུལ་སྒོར་ཁྲི40གཞིར་བཟུང་སྟེ། གནས་མང་ཁྱོན་ཆེ་དང་མ་དངུལ་གཏོང་ས་ཐར་ཐོར། ནུས་པ་འདོན་སྤེལ་མི་མངོན་པ་བཅས་ཀྱི་གནས་ཚུལ་ལ་བཀག་འགོག་བྱེད་ཆེད། གྲོང་རྡལ་ཏང་ཨུས་སྡེ་བའི་ཏང་ཀྲི་པུའུ་ཡི་བསམ་འཆར་ཐེངས་མང་པོར་བསྡུ་ལེན་བྱས་པ་དང་། མ་དངུལ་གྱི་ཁེ་ཕན་ཆེས་ཆེ་བར་བརྩོན་ལེན་བྱས་པས། མཐར་སྲིད་འཛིན་སྡེ་བ13གྱི་རྣམ་གྲངས་མ་དངུལ་སྒོར་ཁྲི510བཀོལ་ནས་ཁྲོན་ཡོན་ར་བ་གསར་བའི་ཀྲུང་དབྱི་རྒྱལ་སྤྱི་ཐོག་ཁང་བཞི་ནས་མུའུ་གྲུ་བཞི་མ1000ལྷག་ཡོད་པའི་ཚོང་ཁང་ཉོས་རྗེས་བོགས་མར་བཏང་།བོགས་དངུལ་དེ་མ་དངུལ་བཏང་བའི་བསྡུར་ཚད་ལྟར་བགོ་བཤའ་བྱས། དེ་ལྟར་བྱས་པས་སྡེ་བའི་ཐུན་མོང་གི་དཔལ་འབྱོར་གྱི་ཡོང་སྒོ་མང་དུ་འཕར། ཁྲོན་ཁོའུ་སྡེ་བས་ས་ཞིང་བསྡུ་ལེན་བྱས་པའི་ཁ་གསབ་མ་དངུལ་བཀོལ་ནས་ཁྲོན་ཡོན་ལྷོ་ལམ་གྱི་ལི་ཏུའུ་ཁྱམས་ར་མུའུ་གྲུ་བཞི་མ300ཡི་ཚོང་ཁང་ཉོས་ནས་མི་སྒེར་ཚོང་གཉེར་པར་བོགས་མར་བཏང་བས། ལོ་རེའི་མ་དངུལ་སྒོར་ཁྲི15བླངས་ཡོད། སྒོར་མོ་དེ་དག་སྡེ་བ་ཡོངས་ཀྱི་ཁྱིམ་ཚང862ཀྱི་མི4246རེའི་སྨན་བཅོས་ཉེན་སྲུང་མ་དངུལ་སྒོར30སྤྲད་པ་རེད།
བཞི། ཁུལ་གནས་ཀྱི་ལེགས་ཆར་བརྟན་ནས་སྡེ་བ་རིམ་པའི་ཁེ་ལས་བསྒྲུབས།
ཧྲི་ན་སྡེ་བ་ནི་རྫོང་མཁར་བྱང་ཕྱོགས་ཀྱི་སྤྱི་ལེ1ཏུ་གནས་ཡོད། སྡེ་བ་དེར་རྒྱལ་ཁབ་ཀྱི་གཞུང་ལམ་བརྒྱུད་པས་འགྲིམ་འགྲུལ་ཧ་ཅང་བདེ་བ་རེད། ཉེ་བའི་ལོ་འགོའི་རུང་དུ་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་བཏང་བས་ས་ཞིང་ཤོར་བའི་ཞིང་པ་ཇེ་མང་དུ་གྱུར། རྫོང་སྲིད་གཞུང་གིས་ཧྲི་ན་སྡེ་བར་ཧྲི་ན་བཀོད་སྒྲིག་ཁུལ་གྱི་འགན་སྲུང་ཁང་བ་ལས་ཡོད། ད་ལོར་པེ་ཧྲིན་ཞང་ཚང་མ་ཧྲི་ན་བཀོད་སྒྲིག་ཁུལ་གྱི་འགན་སྲུང་ཁང་བའི་ནང་དུ་སྤོས་པ་མ་ཟད། ད་དུང་ངལ་རྩོལ་པ་མང་པོའི་ལས་ཞུགས་ཐག་བཅད། དེའི་ཕྱིར། གྲོང་རྡལ་ཏང་ཨུས་གྲོང་རྡལ་དང་སྡེ་བ་ཁ་ཤས་ཀྱི་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ལན་ཀྲོའུ་གྲོང་ཁྱེར་ཧོང་ཀུའུ་ཆུས་སུ་སོང་ནས་ལྟ་སྦྱོང་དང་སློབ་སྦྱོང་བྱས། 2018ལོའི་ཟླ5བར་སྡེ་བ་ཡིན་པའི་ཁེ་ལས"མེན་ཧོ་རིའེ་ཧྲིན་ངལ་རྩོལ་པ་རིགས་བགོས་འགན་གཙང་ལེན་བྱེད་པའི་ཚད་ཡོད་ཀུང་ཟི"ཞིག་བཙུགས། དེའི་ཐོ་བཀོད་མ་དངུལ་སྒོར་ཁྲི200ལྷག་ཏུ་ཡོད། ཀུང་ཟི་འདིས་ངལ་རྩོལ་པ་རིགས་བགོས་འགན་གཙང་ལེན་བྱེད་པ་དང་ཨར་ལས་བཟོ་བཀོད་ཀྱི་རྨང་གཞི་རྐོ་བ། དངོས་དོན་དོ་དམ། སྐྱེད་ཚལ་ལྗང་སྒྱུར། ཨར་ལས་འཁྲུལ་ཆས་སྒྲིག་ཆས་བོགས་མར་གཏོང་བ་། གཙང་སྦྲ་ཞབས་ཕྱི། སྡོང་ཕྲུག་འདེབས་འཛུགས་ཚོང་བ། ཨར་ལས་རྒྱུ་ཆས། ལྕགས་ཆས་ཚོང་བ། གྲོང་ཁྱེར་གྱི་འོད་ཅན། བརྡ་ཁྱབ་བྱང་བུ་བཟོ་སྐྲུན་དང་སྒྲིག་སྦྱོར། ཉམས་གསོ། ནུས་ཁུངས་གྲོན་ཆུང་སྒྲིག་ཆས་སྒྲིག་སྦྱོར་སོགས་ལས་དོན་བྱེད་བཞིན་ཡོད། ད་ལྟ་གཙང་སྦྲ་ཁོར་ཡུག་དག་ཐེར་དང་གཙང་སྦྲ་བྱེད་མཁན་ལ་དོ་དམ་བྱེད་པ་སོགས་ཀྱི་ལས་དོན་བསྒྲུབས་པས། གྲོང་རྡལ་ཡོངས་ཀྱི་གཙང་སྦྲ་ཁོར་ཡུག་རྗེ་བཟང་དུ་གྱུར་བས་རྒྱ་ཆེའི་སྡེ་དམངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པ་རེད།།