འབྲོང་བུ་རྡོ་རྗེ་རིན་ཆེན།
ནང་དོན་གནད་བསྡུས། རླབས་ཆེ་བའི་རྩོམ་རིག་ཅིག་ཡིན་ཚེ་དེ་ལ་དེང་རབས་ཀྱི་སྙིང་སྟོབས་དང་མཐུན་ཞིང་གསར་གཏོད་རང་བཞིན་ལྡན་པའི་སྒྱུ་རྩལ་གྱི་ཐབས་ཤེས་ཐུན་མོང་མ་ཡིན་པ་ཞིག་གྲུབ་ཡོད་པ་ཡིན། དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་དང་སྙན་ངག་སོགས་བརྩམས་ཆོས་འབོར་ཆེན་ཞིག་གིས་ཐབས་ཤེས་དེ་ལ་བརྟེན་ནས་རྩོམ་རིག་དང་དངོས་ཡོད་འཚོ་བའི་མཛེས་དཔྱོད་བར་གྱི་འབྲེལ་བའི་གནས་སྟངས་ཤིག་ཐག་གཅོད་བྱེད་ཀྱིན་ཡོད་ལ། ཁོང་གི་བློ་འབྱེད་འདུ་ཤེས་དང་མི་གཞི་ལས་གྲུབ་པའི“བདག”གི་གཙོ་གཞིའི་རང་བཞིན་སྟེང་གི་བསམ་བློ་དེས་རྩོམ་རིག་གི་དེང་རབས་རང་བཞིན་གྱི་བསམ་བློ་གསལ་བོར་མཚོན་ཐུབ་ཀྱི་ཡོད་པ་རེད།
རྩོམ་འདིར་དོན་གྲུབ་རྒྱལ་གྱི་ལོ་རབས་བརྒྱད་ཅུ་པའི་སྐབས་ཀྱི་དཔེ་མཚོན་ཅན་གྱི་བརྩམས་ཆོས་འགའ་ལ་དབྱེ་ཞིབ་བགྱིས་ཏེ། ཁོང་གི་རྩོམ་རིག་གི་དེང་རབས་རང་བཞིན་གྱི་བསམ་བློའི་ཐོན་ཁུངས་དང་ངོ་བོ། ཁྱད་ཆོས་སོགས་ལ་དཔྱད་བརྗོད་རགས་ཙམ་སྤེལ་ཡོད།
བརྡ་ཆད་གཙོ་བོ། དོན་གྲུབ་རྒྱལ། དེང་རབས་རང་བཞིན། སྲོལ་རྒྱུན། མི་གཞི། “བདག”གི་གཙོ་གཞིའི་རང་བཞིན།
《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》པར་དུ་སྐྲུན་སྐབས། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་དཔལ་དོན་གྲུབ་རྒྱལ་ལ“ཆེ་གསལ་རྣོ་མྱུར་གྱི་རྣམ་དཔྱོད་ཕུན་སུམ་ཚོགས་པོ་ཡོད་པར”བསྔགས་བརྗོད་བྱས་མྱོང་ལ། དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་ཀྱིས“མི་རིགས་ཀྱི་ལ་རྒྱ་ཡོད་པའི་བོད་ཀྱི་ན་གཞོན་སྟག་གཟིག་འདྲ་བ”ཞེས་ཡི་རང་ཕུལ་མྱོང་བ་དང་། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས“མདོ་སྨད་ཙོང་ཁའི་ཡུལ་དུ་སྲིད་པ་བཟུང་བའི་མཁས་དབང”ཞེས་གདེང་འཇོག་མཐོན་པོ་མཛད་མྱོང་། འདི་ལས་ང་ཚོས་དཔལ་དོན་གྲུབ་རྒྱལ་ནི་རྣམ་དཔྱོད་ཀྱི་བློ་གྲོས་མངའ་བའི་ཞིབ་འཇུག་པ་དང་མི་རིགས་ཀྱི་ལ་རྒྱ་ལྡན་པའི་སྙིང་སྟོབས་ཅན་དང་ལྷག་བསམ་ཅན། རིག་པའི་གནས་ལ་མཁས་པའི་གོ་འཕང་བརྙེས་པའི་སྐྱེས་བུ་ཕུལ་དུ་བྱུང་བ་ཞིག་ཡིན་པ་གསལ་བོར་མཐོང་ཐུབ། ཡུས་ཏ་ཧྥུའུ་ཡིས“རླབས་ཆེ་བའི་མི་སྣ་མ་འཁྲུངས་པའི་མི་རིགས་ནི་འཛམ་གླིང་སྟེང་ཆེས་ཡིད་སྐྱོ་བའི་སྐྱེ་དངོས་ཚོགས་པ་ཞིག་ཡིན་ལ། རླབས་ཆེ་བའི་མི་སྣ་ཡོད་ཀྱང་དེ་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་རྒྱུ་མི་རྟོགས་པའི་རྒྱལ་ཁབ་ནི་རེ་བ་མེད་པའི་བྲན་གཡོག་གི་རྒྱལ་ཁབ་ཅིག་རེད”(1)ཅེས་གསུངས་མྱོང་བས་ན། ང་ཚོས་ད་དུང་མུ་མཐུད་དུ་དོན་གྲུབ་རྒྱལ་ལ་ཞིབ་འཇུག་མཛད་དེ་ཁོང་གིས་བོད་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་ཀྱི་ཆེད་དུ་རིག་གཞུང་ལ་རྟོག་ཞིབ་བགྱིས་ཏེ་ཚན་རིག་གི་སྡོམ་ཚིག་འཚོལ་བའི་སྙིང་སྟོབས་དང་སྒྱུ་རྩལ་གྱི་བསམ་བློའི་འཚོལ་རྟོག་ལ་བརྟེན་ནས་མི་ཚེ་དང་མི་གཤིས་ཀྱི་ངོ་བོ་སྔོག་འདོན་བྱེད་པའི་སྙིང་སྟོབས་དེ་དར་སྤེལ་གཏོང་རྒྱུ་ནི་འོས་སུ་བབས་པ་ཞིག་རེད།
སྤྱིར་ན། རང་རེ་ལ་མཁས་པ་དང་རྩོམ་རིག་གི་ཁྱུ་མཆོག་གནམ་གྱིས་ས་བཀབ་པ་ལྟ་བུ་བྱུང་མ་མྱོང་བ་ནི་ག་ལ་ཡིན། འོན་ཀྱང་། མཁས་པ་དང་རྩོམ་པ་པོའི་ཁྲོད་ན་དོན་གྲུབ་རྒྱལ་ལྟ་བུའི་དེང་རབས་ཀྱི་འདུ་ཤེས་ཤུགས་དྲག་པ་ཤིན་ཏུ་དཀོན་ལ། བརྩམས་ཆོས་ལ་དེང་རབས་རང་བཞིན་གྱིས་ཀུན་ནས་ཕྱུག་པ་ནི་ལྷག་ཏུ་ནས་འཚོལ་དཀའ་བར་སྣང་། ཨུ་རུ་སིའི་རྩོམ་རིག་དཔྱད་བརྗོད་པ་པེ་ལིན་ཟི་ཅིས“སྙན་ངག་པ་ངོ་མ་ཞིག་འགྲུབ་པའི་དགོས་ངེས་ཀྱི་ཆ་རྐྱེན་མང་པོའི་ཁྲོད་ནས་དེང་རབས་རང་བཞིན་ནི་གོ་གནས་ཨང་དང་པོར་བརྩི་དགོས”(2)ཟེར་བ་བཞིན། རྩོམ་པ་པོ་ཕུལ་དུ་བྱུང་བ་གང་དང་བརྩམས་ཆོས་གང་ལའང་དེང་རབས་རང་བཞིན་ལྡན་རྒྱུ་ནི་བླང་བྱ་གཙོ་བོ་ཞིག་རེད། འདིར་གླེང་བའི་དེང་རབས་རང་བཞིན་ནི་ནུབ་ཕྱོགས་པས་བརྗོད་པའི“དེང་རབས་རང་བཞིན”གྱི་སྐད་བརྡའི་དོན་སྤྱི་དང་མི་འདྲ་ལ་རང་རྒྱལ་གྱི“ལྔ་བཞིའི”དུས་སྐབས་ཀྱི“དེང་རབས་རང་བཞིན”གྱི་བསམ་བློ་དང་ཡང་ཅུང་མི་མཚུངས་པར་གཙོ་བོ་ནི་དཔྱད་བརྗོད་པ་ཡན་ཅ་ཡན་གྱིས《དེང་རབས་རང་བཞིན་ཏེ། དུས་རབས་ཉི་ཤུ་པའི་ཀྲུང་གོའི་རྩོམ་རིག་གི་མངོན་གསལ་ཁྱད་ཆོས》ཞེས་པའི་ནང་བསྟན་པ་ལྟར། “སྲོལ་རྒྱུན་སྤྱི་ཚོགས་དེ་དེང་རབས་ཅན་གྱི་སྤྱི་ཚོགས་སུ་འགྱུར་བའི་གོ་རིམ་ཁྲོད་དུ་ཆགས་པའི་རྒྱུན་ཆགས་ཀྱི་ཤེས་བྱའི་འདུ་ཤེས་དང་རིན་ཐང་གི་ཚད་གཞི”(3)དེ་ལ་གོ་དགོས་པ་ཡིན། ཉེ་རབས་ཀྱི་དེང་རབས་རང་བཞིན་གྱི་བསམ་བློ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་གཞིགས་ན། ལོ་རྒྱུས་ཧྲིལ་བོའི་ཁ་ཕྱོགས་ནི་བསམ་བློའི་སྒྱུ་རྩལ་ཐད་ཀྱི་ཁྱོན་ཡོངས་ཀྱི་བཅིངས་འགྲོལ་ལ་གཏད་ཡོད་ཅིང་། དེའི་དགོངས་གཞི་ནི་དེང་རབས་ཀྱི་སྙིང་སྟོབས་དང་མཐུན་ཞིང་གསར་གཏོད་རང་བཞིན་ལྡན་པའི་སྒྱུ་རྩལ་གྱི་ཐབས་ཤེས་ཀྱིས་རྩོམ་རིག་དང་དངོས་ཡོད་འཚོ་བའི་མཛེས་དཔྱོད་བར་གྱི་འབྲེལ་བ་ཇི་ལྟར་ཐག་གཅོད་བྱེད་རྒྱུའི་སྟེང་དུ་ཕྱོགས་འདུག དེས་ན། དེང་རབས་རང་བཞིན་ནི་དུས་རབས་ཀྱི་སྔོན་ཐོན་མི་སྣའི་འཚོ་སྡོད་ཀྱི་མྱོང་བརྒྱུད་དང་མཛེས་རིག་གི་མྱོང་སྟོབས་ཤིག་ཏུ་གྲུབ་ཡོད་ཅིང་། དེའི་མཚོན་ཚུལ་གཙོ་བོ་ནི་ཆེ་ཕྱོགས་ནས་བཤད་ན་གོ་ལ་ཧྲིལ་བོ་དང་ཆུང་ཕྱོགས་ནས་མི་རིགས་རང་གི་སྐབས་བབས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པར་བཅངས་པའི་བརྩེ་ཚོར་གྱི་རྣམ་འགྱུར་དང་རིན་ཐང་གི་ལྟ་ཕྱོགས་ཀྱི་སྟེང་དུ་མངོན་ཡོད་ལ། བསམ་བློ་དེའི་རྨང་གཞི་ནི་དེང་རབས་ཀྱི་འདུ་ཤེས་སྟེང་གི་བློ་འབྱེད་བསམ་བློ་ནས་འཕྲོས་པ་ཞིག་ཡིན་པ་རྟོགས་ནུས།
ཀུན་གྱིས་མཁྱེན་གསལ་ལྟར། བློ་འབྱེད་ཀྱི་ལས་དོན་ནི་ཤེས་ཡོན་ཅན་ཁོ་ནས་མ་གཏོགས་བསྒྲུབ་མི་ཐུབ། དེ་བས། དུས་རབས་གང་དང་གང་ཡིན་ཀྱང་ཤེས་ཡོན་ཅན་ནི་གཞན་ལ་བློ་འབྱེད་གཏོང་མཁན་གྱི་གཙོ་ཤུགས་གལ་ཆེན་དུ་གྱུར་ཡོད་པ་རེད། ཡུལ་དང་དུས་ཀྱི་ཆ་ནས་བལྟས་ན། དོན་གྲུབ་རྒྱལ་ནི་བོད་གངས་ཅན་གྱི་ལོ་རབས་བརྒྱད་ཅུ་པའི་བློ་འབྱེད་རླབས་རྒྱུན་ཁྲོད་ཀྱི་ཤེས་ཡོན་ཅན་གྱི་སྐུ་ཚབ་རྣལ་མ་ཡིན་པས། རླབས་རྒྱུན་འདིའི་སྐུལ་འདེད་དང་དར་སྤེལ་གྱི་ཐད་དུ་ཁོང་གིས་རིན་ཐང་བྲལ་བའི་ནུས་པ་འདོན་ཐུབ་པ་བྱུང་ཡོད་ལ། དེ་ནི་སྐབས་དེའི་ཆབ་སྲིད་ཐད་ཀྱི་གདེང་འཇོག་དང་རྒྱབ་སྐྱོར་ལ་རག་ལས་པ་ཞིག་ཀྱང་ཡིན། དེ་ཡང་། “རིག་གསར”གྱི་སྐབས་སུ། ཤེས་ཡོན་ཅན་རྣམས“ལྷ་འདྲེ་གདོན་བགེགས”ཀྱི་རྒྱུན་སྲུང་པར་བརྩིས་ནས་ལོ་རྒྱུས་ཀྱི་གད་སྙིགས་ཁྲོད་དུ་བརྫངས་མོད། འོན་ཀྱང་ལོ་རབས་བརྒྱད་ཅུ་པར་ཤེས་ཡོན་ཅན་གྱི་གོ་གནས་ལ་སླར་གསོ་བཏང་བ་དང་། ཁོ་ཚོ་དུས་རབས་ཀྱི་ནོར་བུ་དང་རིག་གནས་ཀྱི་དཔའ་བོར་བཀུར་བའི་ལམ་ལུགས་ཆགས་པ་རེད། ལམ་ལུགས་དེ་ནི་རྣམ་དཔྱོད་ལྡན་ཞིང་མཁྱེན་སྤྱན་ཡངས་པ། བསམ་བློ་གསར་ཞིང་སྙིང་སྟོབས་ཕུན་སུམ་ཚོགས་པ་ལྡན་པའི་དོན་གྲུབ་རྒྱལ་ལ་མཚོན་ན་རང་ཉིད་ལོ་རབས་བརྒྱད་ཅུ་པའི་རིག་གནས་ཀྱི་དཔའ་བོ་དང་དུས་རབས་ཀྱི་སྔོན་རྟོག་པ། མི་ཚུལ་གྱི་རིན་ཐང་སྐྲུན་མཁན་དང་སྤྱི་ཚོགས་ཀྱི་བསམ་བློའི་སྣ་འདྲེན་པར་གྱུར་ཏེ་དུས་རབས་ཀྱི“བློ་འབྱེད་པའི”གོ་གནས་སུ་འགྲེང་ཆོག་པའི་མཐུན་རྐྱེན་ཞིག་ཏུ་གྱུར་ཡོད་ལ། ཁོང་གིས་གོ་སྐབས་བཟང་བོ་འདི་དང་དུ་བླངས་ཏེ། བོད་ཀྱི་སྤྱི་ཚོགས་འཚོ་བའི་འཕེལ་རྒྱས་ལ་ཐུགས་ཁུར་གནང་སྟེ། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་རྨོངས་གཉིད་ལས་སད་པའི་རེ་བ་བཅངས་པ་དང་། སྒོས་སུ་ན་གཞོན་དང་གཞོན་ནུ་རྣམས་དུས་རབས་ཀྱི་མདུན་དུ་བསྐྱོད་པར་སྐུལ་མ་བཏང་བ་རེད།
དེ་ཡང་ཡིན་ཏེ། 《མི•དེང་རབས•སྲོལ་རྒྱུན》ཞེས་པར“མི་ཞིག་གི་བསམ་བློར་ཞིབ་འཇུག་བྱེད་ན། ཆེས་ཐད་ཀའི་བྱེད་ཐབས་ནི……ཕྱོགས་གསུམ་གྱི་ཆ་ནས་བལྟས་ཆོག་སྟེ། གཅིག་ནི་ཁོ་རང་ཇི་ལྟ་བུའི་དུས་རབས་སུ་འཚོ་བ་རོལ་བ་དང་། གཉིས་ནི་ཁོའི་དུས་རབས་དེའི་མདུན་དུ་ལྷགས་པའི་གནད་དོན་ཅི་ཞིག་ཡིན་པ། གསུམ་ནི་ཁོས་གནད་དོན་དེ་དག་ལ་ལན་ཇི་ལྟར་ལྡོན་པ་དེ་རེད”(4)ཅེས་གླེང་བ་ལྟར། ང་ཚོས་དོན་གྲུབ་རྒྱལ་ལ་གདེང་འཇོག་བྱེད་ན་ཁོང་འཚོ་གཞེས་སྐབས་ཀྱི་དུས་རབས་དང་ཁ་འབྲལ་ཐབས་མེད་ལ། དུས་རབས་དེའི་ནང་གི་རྩོམ་རིག་གི་གྲུབ་འབྲས་ཀྱང་ངེས་པར་གླེང་དགོས་པ་ཞིག་རེད། དོན་གྲུབ་རྒྱལ་གྱི་དེང་རབས་རང་བཞིན་ཤིན་ཏུ་དྲག་པའི་བརྩམས་ཆོས་མང་ཆེ་བ་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་དུ་རླུང་རྟ་ཆེས་ཆེར་དར་བ་ཞིག་ཡིན། ལོ་རབས་འདི་ནི་རྒྱལ་ཡོངས་ལ་ཆ་མཚོན་ནས་བཤད་ན། “མི་ཆོས་རིང་ལུགས”དེ་རྩོམ་རིག་གི་རླབས་རྒྱུན་གཙོ་བོར་གྱུར་པའི་དུས་སྐབས་ཤིག་ཏུ་ཁེལ་ཡོད། དེ་ཡང“རིག་གསར”མཇུག་རྫོགས་རྗེས། རྒྱལ་ནང་དུ“ལྔ་བཞིའི”བློ་འབྱེད་བསམ་བློ་དང་སྙིང་སྟོབས་དེ་བསྐྱར་དུ་འབུས་མགོ་ཚུགས་ནས་བྱུང་ལ། (ལོ་རྒྱུས་སྟེང་དུ་ལོ་རབས་བརྒྱད་ཅུ་པར“བློ་འབྱེད་དུས་རིམ་གཉིས་པ”ཞེས་པའི་མིང་གསོལ་གྱིན་ཡོད)དེའི་ཤུགས་རྐྱེན་གྱིས་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཁྲོད་དུའང་རྩོམ་རིག་གི་སྤྱི་ཚོགས་བྱེད་ནུས་ལ་ཐོག་མའི་ངོས་ཟིན་གསལ་བོ་བྱུང་བ་དང་། གསར་རྩོམ་གྱི་རྣམ་པ་དེ་སྤྱི་འགྲོས་ཅན་དང་དོན་སྤྱི་ཅན། ལུང་འཛིན་རིང་ལུགས་ཅན་གྱི་འཆིང་སྒྲོག་སོགས་ལས་ཡོངས་སུ་ཐར་ཏེ། “རྩོམ་རིག་གིས་འཚོ་བའི་གནད་དོན་འདོན་པ”དང“རྩོམ་རིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི”ལྟ་ཚུལ་ལག་ལེན་དུ་འདེབས་ཐུབ་པ་བྱུང་། སྐབས་དེའི་བློ་འབྱེད་ཀྱི་ནང་དོན་གཙོ་བོ་ནི་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་གཏོང་བ་དང་དེང་རབས་ཀྱི་རྨོངས་དད་རྩ་གཏོར་བྱེད་པ། “གཡོན”ལྷུང་གི་བསམ་བློ་དང་ཡང་ན“གཡོན”ལྷུང་གི་ལམ་ཕྱོགས་ཀྱིས་རྒྱལ་ཁབ་དང་སྤྱི་ཚོགས། མི་དམངས་ལ་བཟོས་པའི་གནོད་སྐྱོན་གཙང་སེལ་བྱས་ཏེ། མི་རྣམས་དབང་སྒྱུར་གྲལ་རིམ་དང་ཤེས་རྨོངས་རིང་ལུགས། གཞན་ཡང“གཡོན”ཐལ་ཆེ་བའི་བསམ་བློའི་ཁྲོད་ནས་བཅིངས་འགྲོལ་ཐོབ་ཅིང་གོ་རྟོགས་སད་དེ་ཡང་བསྐྱར་བསམ་བློའི་དེང་རབས་ཅན་གྱི་ལམ་དུ་བསྐྱོད་རྒྱུ་དེ་རེད། དོན་གྲུབ་རྒྱལ་གྱིས་སྐབས་དེར་ཁོང་གི་རིག་གཞུང་གི་བསམ་བློ་དང་སྤྱི་ཚོགས་ཀྱི་འཚོ་བའི་ཚོར་བ་རྣོན་པོ་དེར་བརྟེན་ནས་བོད་སྤྱི་ཚོགས་ཀྱི་རྗེས་ལུས་རྣམ་པ་དང་ཆོས་ལུགས་རྨོངས་དད་ལ་མགོ་འཁོར་བའི་སྣང་ཚུལ་ཡིད་སྐྱོ་བ་དེ་མཐོང་ནས། ཤེས་ཡོན་ཅན་གྱི་ལོ་རྒྱུས་ཀྱི་འགན་འཁྲི་འདུ་ཤེས་ཀྱིས་བསྐུལ་ཏེ་དཔའ་གདེང་མཐོན་པོས་རང་རྟོགས་ཀྱིས་བློ་འབྱེད་བསམ་བློ་པའི་ལངས་ཕྱོགས་སུ་འགྲེང་པ་དང་། རྩོམ་རིག་གི་སྨྱུག་ཁ་རྣོན་པོས་བོད་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་ལམ་ལུགས་དང“གཡོན”ལྷུང་གི་ཆབ་སྲིད་ལ་སུན་འབྱིན་མཛད་པའི་བརྩམས་ཆོས《སྤྲུལ་སྐུ》དང《སད་ཀྱིས་བཅོམས་པའི་མེ་ཏོག》《རྐང་ལམ་ཕྲ་མོ》《ལང་ཚོའི་རྦབ་ཆུ》སོགས“ཁ་གྲངས་ལོངས་པ”ཞིག་སྤེལ་ལ། བརྩམས་ཆོས་དེ་དག་ནི་ཁོང་གིས་རྒྱལ་ཁབ་ཕྱི་ནང་ཀུན་གྱི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག མཚན་ཉིད་རིག་པའི་གསུང་རྩོམ་དང་རྩོམ་རིག་བརྩམས་ཆོས་དག་ལས་བཞིབས་པའི་བསམ་བློའི་ཉིང་བཅུད་དུ་གཏོགས། བསམ་བློའི་ཉིང་བཅུད་དེས་གཅིག་ནས་ཁོང་གི་རྒྱུ་མང་ཅན་གྱི་དངོས་ཡོད་རིང་ལུགས་ཀྱི་ལྟ་བ་དང་གཞན་ལ་རང་དགར་མགོ་བོ་མི་སྒུར་བ་དང་གཉའ་བ་མི་ཞུམ་པའི་བྲན་གཤིས་ལས་འགོངས་པའི་སྒེར་གཤིས་ཅན་གྱི་དེང་རབས་འདུ་ཤེས་དེ་གྲུབ་པར་མངོན་ལ། དེའི་ནང་དུ་ཁོང་གི་རང་གཤིས་བཅིངས་འགྲོལ་གྱི་བསམ་བློ་དང་བོད་རིགས་མི་དམངས་རྨོངས་པའི་གཉིད་ལས་ཐར་བའི་རེ་ལྟོས། འཐབ་འཛིང་གི་སྙིང་སྟོབས་ཚུད་པའི་མི་ཆོས་རིང་ལུགས་སོགས་འདུས་ཡོད་པས་བསམ་བློའི་ཚད་རིམ་ཤིན་ཏུ་མཐོ།
བརྗོད་དོན་གྱི་ཆ་ནས་བལྟས་ན། དོན་གྲུབ་རྒྱལ་གྱི་ལོ་རབས་བརྒྱད་ཅུ་པའི་ནང་གི་བརྩམས་ཆོས་ཀྱིས་མི་གཤིས་དང་མི་ཆོས། མི་ཚེ་སོགས་སྙིང་བོར་བཟུང་སྟེ་མི་ཉིད་ཡོད་ཚད་ཀྱི་གཞི་རྩར་བཟུང་བ་དང་མིའི་བདེ་སྡུག་ལ་ཐུགས་ཁུར་གནང་གིན་ཡོད། དེ་ཡང་བྱེ་བྲག་ཏུ་བཤད་ན། ལོ་རབས་བརྒྱད་ཅུ་པའི་དུས་མགོར་ཁོང་གིས《ལེ་ལོ་ཅན་དང་བརྩོན་འགྲུས་ཅན》དང《རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ》བརྩམས་ཏེ་ཤེས་བྱའི་གནས་ལ་འབད་པས་སྦྱང་དགོས་པའི་སློབ་གསོའི་གནས་ལུགས་གལ་ཆེན་བཏོན་པ་དང་། 《སད་ཀྱིས་བཅོམས་པའི་མེ་ཏོག》 《སྤྲུལ་སྐུ》སོགས་བྲིས་ཏེ་ཕོ་མོ་འདྲ་མཉམ་གྱི་ལྟ་བ་ལ་རྒྱབ་སྐྱོར་དང་ཕོ་མོའི་བརྩེ་དུངས་ལ་ཡི་རང་བཅངས་པ་དང་། དེ་བཞིན་དུ་སྒྱིད་ལུག་ཅན་གྱི་ཆོས་བྱེད་མི་སྣར་མཚང་འབྱིན་དང་དགག་པ་བརྒྱབ་ཡོད་ལ། ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་དུ་ཐོན་ལ་ཉེ་དུས《རྐང་ལམ་ཕྲ་མོ》སོགས་བརྩམས་ཏེ་གསར་རྩོམ་གྱི་རྣམ་པ་དེ་སྣ་རྐྱང་ཅན་ནས་རིམ་གྱིས་རྒྱུ་མང་ཅན་གྱི་ཕྱོགས་སུ་འཁོར་ཏེ་ལོ་རྒྱུས་ཀྱི་འཚོ་བའི་མུན་ནག་ལ་ངོ་རྒོལ་གཏོང་བ་དང་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཉེས་སྐྱོན་ལ་མཐའ་དཔྱོད་གཏོང་བའི་ལམ་དུ་ཞུགས་ཏེ་སྤྱི་ཚོགས་ཀྱི་འགལ་བ་རྣོ་ངར་ཅན་མཚོན་པ་དང་འཚོ་བའི་གཏིང་ཟབ་པའི་རྙོག་འཛིང་རང་བཞིན་ལ་བསམ་གཞིག་མཛད་མགོ་ཚུགས་ཡོད།
ཀི་ཏིས“སྒྱུ་རྩལ་དང་སྙན་ངག་གི་ཁྲོད་དུ། མི་གཞི་ནི་དངོས་གནས་ཡོད་ཚད་ཡིན”ཟེར་བ་ལྟར། གནད་དེ་གཙོ་བོར་བཟུང་སྟེ་བལྟས་ན། དོན་གྲུབ་རྒྱལ་གྱི་རྩོམ་རིག་གི་དེང་རབས་རང་བཞིན་ནི་ཁོང་གི་མི་གཞིའི་སྙིང་སྟོབས་ལ་འབྲེལ་བ་ཡོད་ཅིང་། ཁོང་གི་མི་གཞི་དེས་བསྐྱེད་པའི་བརྩམས་ཆོས་ཀྱིས་བོད་ཀྱི་དུས་སྐབས་གསར་བའི་རྩོམ་རིག་གི་ལོ་རྒྱུས་ཁྲོད་དུ་དེང་རབས་རང་བཞིན་ལྡན་པའི་འཛམ་གླིང་རྩོམ་རིག་གི་རླབས་རྒྱུན་གྱི་བསམ་བློའི་སྙིང་སྟོབས་ཤིག་བསྩལ་ནས་འདུག ཁོང་གི་དེང་རབས་བཞིན་ལྡན་པའི་རྩོམ་རིག་གི་སྙིང་སྟོབས་དེའི་ཁྲོད་དུ་ཐོག་མཐའ་བར་གསུམ་དུ་མི་ཆོས་རིང་ལུགས་གཙོ་བོར་བྱེད་པའི་རྩ་དོན་སྟེང་གི་བློ་འབྱེད་ཀྱི་དཔྱོད་ཤེས་དང་མི་བུ་དཀྱུས་མར་བཅངས་པའི་བབ་ཆགས་ཀྱི་བརྩེ་སེམས་དང་རང་རྟོག་གི་འདུ་ཤེས། གཞན་ཡང་དེང་རབས་རིང་ལུགས་ཀྱི་རྣམ་འགྱུར་དང་མི་གཤིས་ལ་བཅིངས་འགྲོལ་གཏོང་བའི་ཕུགས་བསམ་སོགས་འདུས་པ་དེས་སྐབས་དེའི་བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་ལའང་སྤྱི་ཚོགས་གོང་དུ་སྤེལ་བའི་ཐབས་ལམ་ལ་བསམ་གཞིག་མཛད་དུ་བཅུག་པ་དང་། སྤྱི་ཚོགས་རྗེས་ལུས་ཀྱི་རྣམ་པར་རྒོལ་རྡུང་གཏོང་ཕོད་པའི་སྙིང་སྟོབས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་གནང་བས་སྤྱི་ཚོགས་ཀྱི་བྱེད་ནུས་ཆེན་པོ་ཞིག་ཐོན་ཡོད། ཡིན་ན་ཡང་། དེང་རབས་ཀྱི་སྔོན་ཐོན་བསམ་བློ་ནི་ཇི་འདྲའི་ཕུན་སུམ་ཚོགས་པ་དང་ཇི་འདྲའི་སྟོབས་ཤུགས་ལྡན་པ་ཞིག་ཡིན་ཀྱང་སྲོལ་རྒྱུན་གྱི་རྩ་བ་ཟབ་པའི་བོད་སྤྱི་ཚོགས་ཀྱི་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ཀུན་སྤྱོད་སྒྲིག་ལམ་དང་འདུ་ཤེས་འཛིན་སྟངས་དེ་རྨེག་མེད་དུ་གཏོང་རྒྱུ་ནི་ལས་སླ་མོ་ཞིག་མིན། དེ་བས། བོད་རིགས་མི་དམངས་ཀྱི་མི་སྒེར་གྱི་རང་རྟོགས་འདུ་ཤེས་དང་རང་དབང་བློ་སྟོབས་ལ་ཐོག་མའི་རྟོགས་སད་འབྱུང་དུ་འཇུག་རྒྱུ་ནི་མི་རིགས་དར་སྤེལ་དང་མི་གཤིས་བཅིངས་འགྲོལ་གཏོང་བའི་ཐོག་མའི་ལས་ཀ་གཙོ་བོ་ཞིག་རེད། དེའི་སྟེང་ནས་ང་ཚོས་དོན་གྲུབ་རྒྱལ་གྱི་རྩོམ་རིག་གི་འགན་འཁྲིའི་རང་བཞིན་དང་དཀའ་ཚེགས་རང་བཞིན་ཡང་གསལ་བོར་མཐོང་ཐུབ།
དོན་གྲུབ་རྒྱལ་གྱི་རིག་གཞུང་ཞིབ་འཇུག་གི་རྣམ་འགྱུར་དང་སྙིང་སྟོབས། གཞན་ཡང་ཁོང་གི་ལོ་རྒྱུས་ཀྱི་ཐོར་རྩོམ་སོགས་ལ་གཞིགས་ན། ཁོང་ནི་མཁས་པའི་ཚུལ་གྱི་རྩོམ་པ་པོ་ལ་གཏོགས་ཤིང་། འཚོ་བར་དུངས་ཀ་ཆེ་ཞིང་རང་གཤིས་སྣ་གཅིག་ཅན་གྱི་ཤེས་ཡོན་ཅན་ཞིག་ཏུ་སྣང་། འོན་ཀྱང་གྲོགས་པོ་རྣམས་ལ་བསྐུར་བའི་ཁོང་གི་འཕྲིན་ཡིག་དང་ཁ་ཆེམས་སོགས་ལ་བལྟས་པས་ང་ཚོས་ཁོང་གི་ནང་སེམས་ཀྱི་འཇིག་རྟེན་ནི་ནམ་རྒྱུན་འགལ་འདུས་ཁེངས་པ་དང་། འགལ་འདུ་དེས་ཁོང་གི་སེམས་ཁམས་ལ་སྡུག་བསྔལ་དང་སེམས་ཁྲལ་ཚད་མེད་ཅིག་སྐྱེད་ཀྱིན་ཡོད་པར་མ་ཟད། མི་ཚེའི་གོ་རིམ་ཧྲིལ་བོ་མཇུག་བསྡུས་པའི་སྐྱོ་གར་དེ་འདྲ་ཞིག་འཁྲབ་ཏུ་བཅུག་པ་ཡང་མཐོང་ཐུབ། ཁོང་གིས“མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད”(5)ཅེས་དང་། “ཕ་རྒོད་པོར་བུ་ཁྭ་ཏ་སྐྱག་གཟན་སྐྱེས་ཡོད་པ་དེ་ཚོར་སློབ་གསོ་བཏང་སྟེ་ཁོ་ཚོ་ཤེས་རིག་དང་གོ་རྟོགས་ཡོད་པའི་ཕྱོགས་སུ་བསྐོར་དགོས”(6)ལ། “ད་ལྟ་གོ་རྟོགས་མྱུར་སད་ཀྱི་དྲིལ་བསྒྲགས་ལས་འགན་འདི་ཧ་ཅང་གལ་ཆེན་ཡིན་པ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་ཅིང་། དྲིལ་བསྒྲགས་ལས་འགན་འདི་དཀའ་ངལ་ཇི་འདྲ་ཆེ་ཡང་ང་ཚོས་འཁུར་དགོས”ཞེས་དང་། གཞན་ཡང་ཁ་ཆེམས་སུ“སེམས་པ་འདི་སྡུག་བསྔལ་གྱིས་ཡོངས་སུ་མནན་ཏེ་ལྗིད་ཏིག་ཏིག་གི་ངང་ཁྱེད་དང་གྱེས་ཕྱག་ཕུལ་བ་ཡིན། ……འོན་ཀྱང་ངས་ཁོག་འདང་ཟབ་མོ་ཞིག་བརྒྱབ་པ་ན། རང་རིགས་འདི་སྔར་བཞིན་རྨོངས་མུན་དང་རྗེས་ལུས་ཀྱི་ཀློང་དུ་འཁྱམས་ཤིང་། དེའི་དོན་དུ་ཁོ་བོས་ཀྱང་རྩོམ་ཡིག་ཁ་གྲངས་ལོངས་པ་ཞིག་བྲིས་ཏེ་ཁོ་པ་ཚོའི་གོ་རྟོགས་སད་ན་སྙམ་ཡང་། ཕམ་ཁ་ནི་རང་གིས་ཉོ་དགོས་རྐྱེན། ངས་རང་ཉིད་ཀྱི་ཉམ་ཆུང་བའི་ཚེ་སྲོག་གིས་མཆོད་སྦྱིན་བྱས་ཏེ་དུང་བརྡ་གསལ་པོ་ཞིག་བསྒྲགས་པ་ཙམ་མོ”(7)ཞེས་པ་ལ་སོགས་པའི་རང་རྒྱུད་ལ་ཕན་པའི་གསལ་འདེབས་དང་གཞན་རྒྱུད་ལ་སྨན་པའི་སློབ་གསོ། སྤྱི་ཚོགས་ལ་ཕན་པའི་འཁང་ར་སོགས་ཀྱི་སྐད་ཆ་དེ་དག་ལས་ཕྱོགས་གཅིག་ནས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མི་སྒེར་གྱི་རིག་གནས་ཀྱི་སེམས་ཁམས། ཀུན་སྤྱོད་དང་བརྩེ་སེམས་བཅས་བར་དུ་འགལ་འདུ་ཞིག་གྲུབ་ཡོད་པ་མཐོང་བ་དང་། འགལ་འདུ་དེས་ཁོང་གི་སེམས་ཁོང་ལ་ཐོག་མཐའ་བར་གསུམ་དུ་མནར་གཅོད་ཚད་མེད་བཏང་ཡོད་ཅིང་། དེ་བཞིན་དུ་གསར་རྩོམ་གྱི་ལས་ཀའི་དགོས་མཁོའི་གདམ་ཀ་དང་དེའི་འདུ་ཤེས་བར་དུ་བྱུང་བའི་འགལ་འདུ་དེས་ཀྱང་ཁོང་གི་དེང་རབས་བསམ་བློར་མདུང་ཁ་སྤྲད་པའི་སེམས་འགྱུའི་ཟུག་གཟེར་སྣ་ཚོགས་བསླངས་ཡོད། འོན་ཀྱང་། ནང་སེམས་ཀྱི་འགལ་འདུའི་འཕྲོ་རྒྱུན་དེས་གཅིག་ནས་ཁོང་གི་སྒྱུ་རྩལ་གྱི་བསམ་བློའི་སྟེང་གི“བདག”ཡོངས་འགྲུབ་བྱས་ཡོད་ལ། གཉིས་ནས་ཁོང་གི་སྤྱི་ཚོགས་ཀྱི་ལག་ལེན་སྟེང་གི“བདག”ཀྱང་ཡོངས་འགྲུབ་བྱས་ཚར་ཡོད་པ་རེད།
དོན་གྲུབ་རྒྱལ་ནི་ཆུང་དུས་ཕ་ཡུལ་གྱི་སློབ་ཆུང་འགྲིམས་པ་དང་། སློབ་འབྲིང་དང་སློབ་ཆེན་སོགས་ཀྱང་སྔ་ཕྱིར་མཐར་ཕྱིན་པར་མ་ཟད། མཇུག་མཐར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནང་ཐེངས་དང་པོར་བསྒྲུབས་པའི་ཞིབ་འཇུག་འཛིན་གྲྭ་ནས་མཐར་ཕྱིན་པའི་དུས་རབས་གསར་བའི་ཤེས་ཡོན་ཅན་རྣལ་མ་ཞིག་རེད། སྐབས་དེར། གོང་རིམ་གྱིས་མཐོང་ཆེན་གནང་སྟེ་ཁོང་རང་མཐོ་རིམ་གྱི་སྲིད་འཛིན་སྡེ་ཁག་ཏུ་ལས་བགོ་བྱེད་རྩིས་བྱས་མོད། ཁོང་གིས་གནས་སྐབས་སུ་དང་ལེན་མ་བྱས་པར་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ཀ་རླབས་ཆེན་བསྒྲུབ་པའི་ཆེད་དུ་དགེ་རྒན་གྱི་ལས་གནས་དེ་ཆེད་དུ་བདམས་པ་རེད། ཡིན་ན་ཡང་། ཁོང་གི་སྙིང་སྟོབས་དང་བསམ་བློ་ལ་བོད་རིགས་མི་དམངས་ཀྱིས་འཕྲལ་མར་དགའ་བསུ་དང་དང་ལེན་མ་ཐོབ་པས་ཁོང་ལ་ལས་རིགས་ཀྱི་རེ་འདོད་སྟེང་དུ་རེ་ཞིག་རིན་ཐང་མངོན་འགྱུར་གྱི་སྐལ་བ་མ་ཐོབ་པ་རེད།
དེ་བས། དོན་གྲུབ་རྒྱལ་གྱི་ལུས་སྟེང་གི་འགལ་འདུ་ནི་སྤྱི་ཚོགས་ཀྱི་མི་ཚེ་སྟེང་གི་འགལ་འདུ་ཞིག་ཡིན་ལ། ཆེས་འཐུས་ཚབ་རང་བཞིན་ལྡན་པའི་དཔེ་མཚོན་ཅན་གྱི་འགལ་འདུ་ཞིག་ཏུའང་གྲུབ་ཡོད། འགལ་འདུ་དེའི་རྙོག་འཛིང་གི་སྡུག་བསྔལ་གྱིས་ཁོང་གི་མི་ཚེའི་ཁྲོད་དུ་ཕྲད་པའི་དགའ་སྐྱོ་ཆགས་སྡང་དང་འཁོར་བའི་འདུ་འབྲལ་གྱི་ཆོས་ཉིད་ཀྱི་ཀུན་རྫོབ་ཅིག་བསྐྲུན་ཡོད་ལ། དེང་རབས་ཀྱི་འདུ་ཤེས་སྟེང་ནས་སྔར་བས་ཀྱང་མི་ཚེ་ལ་རྒྱུས་ལོན་དང་མི་ཚེའི་བློ་འབྱེད་ཀྱི་དོན་སྙིང་ལ་རྒྱུས་ལོན་ལེགས་པོ་ཞིག་འབྱུང་དུ་བཅུག་ཡོད་པ་རེད།
འགལ་འདུའི་ཁྲོད་ནས་འཚོ་བ་རོལ་བ་དང་འགལ་འདུའི་ཁྲོད་ནས“མི་རིགས་རིང་ལུགས་ཀྱི་ཞྭ་མོ་བསྐོན་པར་མི་སྐྲག་པར་དཔའ་ངར་ཆེར་བསྐྱེད་ཀྱིས་བོད་མི་རིགས་ཀྱི་འཕེལ་རྒྱས་དང་། བོད་མི་རིགས་ཀྱི་ཁེ་ཕན……བོད་མི་རྣམས་ལ་ཤེས་རབ་ཀྱི་སྤྱན་རས་སྦྱིན་པའི”འཚོལ་རྟོག་དང་གསར་གཏོད་ལ་ཕྱོགས་པའི་མི་ཞིག་ཡིན་ན་ཧ་ཅང་བབ་བརླིང་དང་ལྡན་པ་ཞིག་ཡིན་པ་སྨོས་མ་དགོས། དོན་གྲུབ་རྒྱལ་གྱི་མི་ལོ་སོ་གཉིས་ཀྱི་མི་ཚེ་ནི་ཧ་ཅང་འཚབ་འཚུབ་དང་བྲེལ་ཟིང་གིས་ཁེངས་པ་ཞིག་སྟེ། མི་ལོ་བཅུ་དྲུག་ལ་གཞི་རིམ་དུ་འཚོ་བ་རོལ་ཞིང་སློབ་གཉེར་མཛད་པ་དང་མི་ལོ་བཅུ་དྲུག་ལ་གྲོང་ཁྱེར་དུ་རིག་པ་བརྡར་ཞིང་སྒྱུ་རྩལ་དང་ཞིབ་འཇུག སློབ་གསོ་སོགས་ཀྱི་འཕྲིན་ལས་མཛད་པ་ཡིན་ལ། དེའི་གྲུབ་འབྲས་སུ་མི་ཚེ་ཐུང་ངུའི་ནང་དུ་བརྩམས་ཆོས་པོད་དྲུག་གི་བདག་ཉིད་ཅན་བརྩམས་པ་ནི་ཁོང་གི་བབ་བརླིང་གི་རང་གཤིས་དང་སྙིང་སྟོབས། བརྩོན་འགྲུས་སོགས་དང་འབྲེལ་བ་ཡོད་པ་ཞིག་རེད།
དོན་གྲུབ་རྒྱལ་ལ་ཆུང་དུས་ནས་དྭ་ཕྲུག་གི་འཚོ་བའི་གནོན་ཤུགས་ལྗིད་མོ་ཡོད་མྱོང་བ་དང་། ཨ་ཕའི་བརྩེ་སེམས་མ་ཐོབ་པའི་སྡུག་བསྔལ་བྱུང་ཡོད་ལ། ལན་རེར་ལྟོགས་སྐོམ་གྱི་གདུངས་པས་མནར་བའི་སྐབས་ཀྱང་ཡོད་མྱོང་བར་མ་ཟད། ཆབ་སྲིད་ཀྱི་རླུང་འཚུབ་འོག་ཏུ་འཁོར་བའི་སྐབས་ཡོད་པ་དང་། བརྩེ་དུངས་ལ་ཕམ་ཁ་བྱུང་བའི་གཉེན་ཐོར་གྱི་སྐྱོ་གར་ཡང་འཁྲབ་མྱོང་ཡོད་པ་རེད། དེ་དག་གིས་ཁོང་གི་ཡིད་ངོར་བརྗེད་པར་དཀའ་བའི་སྡུག་བསྔལ་གྱི་རི་མོ་ཕབ་ཡོད་པ་ནི་སྨོས་མ་དགོས་མོད། ཡིན་ན་ཡང་། ཁོང་གིས་མི་ཚེའི་ལས་དབང་ལ་དཔའ་ཞུམ་པ་དང་མགོ་སྒུར་བའི་སྦྱོར་བ་བརྩམས་མ་མྱོང་བར། “བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ལེགས་ཉེས་ཀྱི་བླང་དོར་གནང་བ་དང་། བསམ་བློའི་འཚོ་བཅུད་ཀྱིས་སྟོང་བའི་མི་རིགས་ལ་སྔོན་ཐོན་བསམ་བློའི་རྒྱགས་ཕྱེ་གནང་སྟེ། མེད་པ་ཁ་སྐོང་དང་གསར་གཏོད། མི་རབས་གསར་བའི་སྙིང་ཁམས་ལ་དུས་རབས་གསར་བའི་རིག་གནས་ཀྱི་ཟུངས་ཁྲག་རྒྱུ་རུ་བཅུག་པར་མ་ཟད། བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ། འདོད་ཚུལ་ཚད་མ་ཞིག་གི་སྙུག་རྩེ་ཡིས་སྲོལ་རྒྱུན་རིག་གནས་ཀྱི་ཐད་ལ་དོགས་སློང་དང་དགག་སྒྲུབ། སུན་འབྱིན། དག་ཐེར། སྙིགས་དོར་བཅུད་ལེན་བཅས་བྱས་ནས་བོད་མི་རིགས་ཀྱི་རིག་གནས་ལ་ཕྱག་རྗེས་རྨ་མེད་པ་ཞིག་བཞག་པ་རེད།”(8)
བོད་ཀྱི་ཤེས་ཡོན་པའི་སྡེའི་ཆ་ནས་བལྟས་ན། དོན་གྲུབ་རྒྱལ་གྱི་དུས་རབས་ཀྱི་འགན་འཁྲིའི་འདུ་ཤེས་ནི་ཧ་ཅང་ཤུགས་དྲག་པ་ཞིག་རེད། ཁོང་གི་མི་ཚེའི་བརྒྱུད་རིམ་ནི་དེ་ལྟར་ཐུང་ན་ཡང་། ཤེས་ཡོན་པའི་བརྟུལ་ཞུགས་ལྷུར་བླངས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་བོད་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བོད་རིགས་མི་དམངས་ཀྱི་འཚོ་སྡོད་འདུ་ཤེས་དང་། རང་རྒྱལ་གྱི་དེང་རབས་ཅན་མངོན་འགྱུར་གྱི་སྐུལ་འདེད་ཐད་དུ་བརྩོན་པ་ལྷོད་མ་མྱོང་། བླ་ན་མེད་པའི་འགན་འཁྲིའི་འདུ་ཤེས་དེ་ནི་ཁོང་གི་ལྷན་སྐྱེས་སྙིང་སྟོབས་ཀྱི་རྨང་གཞིའི་སྟེང་དུ་བཙོ་སྦྱང་ཐོབ་པ་ཞིག་ཡིན་ལ། ཁོང་གི་མི་ཚེ་གང་བོའི་འཐབ་རྩོད་ཀྱི་གཞི་འཛུགས་ས་དང་ནང་གནས་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཀྱང་རེད། སྟོབས་ཤུགས་དེའི་ཁྲོད་དུ་དོན་གྲུབ་རྒྱལ་གྱི་ཧ་ཅང་རྙོག་འཛིང་ལྡན་པའི་སྒེར་གཤིས་ཀྱི་ཚེ་སྲོག་གི་ཉམས་ལེན་འདུས་ཡོད་པར་མ་ཟད། དེའི་གཏིང་ཟབ་པའི་འགལ་བ་དང་གདོང་ཐུག་ཀྱང་འདྲེས་ཡོད་ལ། དེ་དག་གིས་ཁོང་ཉིད་སོམ་ཉི་རིགས་ཤིག་གི་སྟེང་ནས་སོམ་ཉི་རིགས་གཞན་ཞིག་གི་སྟེང་དུ་བསྐྱལ་བ་དང་། འགལ་བ་རིགས་ཤིག་ནས་འགལ་བ་རིགས་གཞན་ཞིག་གི་སྟེང་དུ་བརྫངས་ལ། སྡུག་བསྔལ་རིགས་ཤིག་ནས་སྡུག་བསྔལ་རིགས་གཞན་ཞིག་གི་སྟེང་དུ་དེད། ཡིན་ན་ཡང་། དེ་དག་ཐམས་ཅད་ཀྱིས་ཁོང་གི་བདེན་དོན་འཚོལ་སྙེག་གི་སྙིང་སྟོབས་དང་འགན་འཁྲི་ཡོངས་འགྲུབ་ཀྱི་ཡིད་ཆེས་སྤུ་ཙམ་ཡང་གཞོམ་མ་ནུས།
དོན་གྲུབ་རྒྱལ་གྱི་དུས་རབས་ཀྱི་འགན་འཁྲི་ནི་ཁོང་གི་དེང་རབས་བསམ་བློའི་མངོན་ཚུལ་གཙོ་བོ་ཞིག་རེད། ཁོང་གི་རྩོམ་རིག་གི་དོན་གཉེར་དང་འཚོལ་རྟོག་སྟེང་གི་རང་རྟོགས་ཀྱི་ལས་འགན་དང་འགན་འཁྲིའི་འདུ་ཤེས་ནི་ཀུན་སྤྱོད་བློ་སྦྱོང་དང་མི་གཞི་འགྲུབ་པའི་གྲུབ་ཆ་གལ་ཆེ་བ་ཞིག་ཏུ་གྱུར་འདུག ཁོང་གི“ད་ཆ་ང་ཚོ་ཕྱོགས་གང་ཅིའི་ཐད་ནས་སྔོན་ཐོན་གྱི་སྤུན་ཟླ་མི་རིགས་གཞན་པའི་རྗེས་སུ་ལུས་ཡོད་ལ། དེའི་རྒྱུ་རྐྱེན་གཙོ་བོ་ནི་རིག་གནས་སློབ་གསོའི་བྱ་བ་རྗེས་སུ་ལུས་པ་དེ་རེད།……མི་རིགས་གཞན་དག་མེ་ཤུགས་འཕུར་མདའ་ལ་བརྟེན་ནས་ཟླ་བའི་གོ་ལའི་སྟེང་བགྲོད་པའི་སྐབས་འདིར་ང་ཚོ་ད་དུང་མགྲིན་བཟང་བོང་བུའི་རིགས་ལ་བློ་ཡིད་ཚིམས་ནས་བསྡད་ན་དུས་ནམ་ཡང་སྔོན་ཐོན་མི་རིགས་ཀྱི་རྗེས་ཆོད་པའི་གོ་སྐབས་གང་ན་ཡོད”ཅེས་པའི་སྐད་ཆ་དེས་ཁོང་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་དཔལ་འབྱོར་འཚོ་བ། བསམ་པའི་འཚོ་བ་སོགས་ལ་བསམ་བློ་ཚད་མཐོན་པོས་ཐུགས་ཁུར་ཟབ་མོ་བཅངས་ཡོད་པ་མཚོན་པ་དང་། སྤུན་ཟླ་མི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་གནད་དོན་ཡང་ཕྱོགས་གང་དུ་གནས་པ་དཔྱོད་ཤེས་ཀྱི་རིགས་པས་དཔགས་ཏེ《རྐང་ལམ་ཕྲ་མོ》ལྟ་བུའི་རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་མཚོན་ཐབས་བྱས་ཤིང་། གསར་རྩོམ་གྱིས་དུས་རབས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་བླང་བྱ་དང་རེ་བ་ལྟར་དེང་རབས་རིང་ལུགས་ཀྱི་རྩོམ་སྟངས་ལ་བརྟེན་ནས་དངོས་ཡོད་འཚོ་བའི་དོན་དངོས་ལ་ཞུགས་ཏེ་མི་དམངས་ཀྱི་ཁེ་ཕན་ངོ་མ་བསྒྲུབས་པ་རེད།
དེང་སྐབས། དོན་གྲུབ་རྒྱལ་ལ་ཞིབ་འཇུག་བྱེད་པའི་དཔྱོད་ལྡན་སྐོར་ཞིག་གིས་ཁོང་ནི་སྲོལ་རྒྱུན་རིག་གནས་ལ་དགག་པ་གཏོང་མཁན་ཞིག་ཏུ་བརྩིས་ཏེ་ཁོང་གི་དུས་རབས་ཀྱི་བསམ་བློ་ཡོངས་སུ་སྨིན་མེད་པར་བདེན་དཔང་བྱེད་མོད། དོན་དམ་དུ་སྲོལ་རྒྱུན་དང་དེང་རབས་གཉིས་འགལ་བར་ཆགས་མི་སྲིད་ལ། སུའུ་ཧྲན•སང་ཐ་ཀིས་གསུངས་པ་ལྟར“དབང་སྡེམ་སྤྱི་ཚོགས་ཀྱིས་སྲོལ་རྒྱུན་གྱི་རིན་ཐང་མ་ལག་བསྒྱུར་བཅོས་བྱེད་མི་ནུས”(9)ཟེར་བ་ལྟར། སྲོལ་རྒྱུན་རིག་གནས་འབོར་ཆེན་ཞིག་ལ་རང་སྟེང་གི་ཀུན་སྤྱོད་ཀྱི་བདེན་དགེ་མཛེས་གསུམ་གྱི་ཆ་རང་བྱུང་དུ་འཛོམས་པས་སྲོལ་རྒྱུན་གྱི་རིག་གནས་ཡོད་དོ་ཅོག་མཐའ་གཅིག་ཏུ་དགག་གཞིར་འཛིན་མི་རིགས་ཤིང་། ཡང་སྲོལ་རྒྱུན་ཡིན་ན་ཡོད་ཚད“མེས་པོའི་ཤུལ་བཞག་གི་རིན་པོ་ཆེ”རུ་བརྩིས་ཏེ་འདོར་མི་རུང་བ་ཞིག་ཀྱང་ག་ལ་ཡིན། རྒྱུ་མཚན་ནི། སྲོལ་རྒྱུན་ནི་ཧྲིལ་གཟུགས་ཤིག་གཏན་ནས་མིན་ལ། ཧྲིལ་གཟུགས་རང་བཞིན་གྱི་སྟེང་ནས་དེང་རབས་སུ་འགྱུར་བ་ཞིག་ཀྱང་མིན། དེ་བས། དུས་རབས་ལ་ཕན་པའི་སྲོལ་རྒྱུན་རིག་གནས་ནི་ནམ་ཡང་རྒྱུན་འཛིན་བྱེད་དགོས་ལ། དུས་རབས་ལ་གནོད་པའི་སྲོལ་རྒྱུན་རིག་གནས་ལ་མི་ཆོས་རིང་ལུགས་ཀྱི་རིན་ཐང་ཆེས་ཆེར་ཡོད་པར་མི་སྣང་། དེ་བས་སྤྱི་ཚོགས་འཚོ་བར་ཞིབ་འཇུག་བྱས་ཏེ་སྲོལ་རྒྱུན་ཡོད་ཚད་ལ་དགག་པ་མི་རྒྱག་པར་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ཡང་དོན་གྲུབ་རྒྱལ་གྱི་དེང་རབས་བསམ་བློའི་རྨང་འཛུགས་ས་ཞིག་རེད། ཁོང་གི་སྒྲུང་གཏམ་དང་ལྷུག་རྩོམ་ཁ་ཤས་ཀྱིས་གནད་དོན་དེ་དམིགས་སུ་བཟུང་སྟེ་སྒྱུ་རྩལ་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་ཀྱི་ཕུལ་བྱུང་གི་འདུ་ཤེས་དང་བླ་ན་མེད་པའི་འཚོ་བའི་རིན་ཐང་ལ་འཚོལ་རྟོག་གཏོང་གི་ཡོད། དཔེར་ན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཤུགས་དེས་བོད་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཚོ་བའི་ཁ་ཕྱོགས་ལ་སྐུལ་འདེད་བཏང་ཡོད་པ་དང་། འཚོ་བའི་སྟོབས་ཤུགས་དང་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་ནས་བོད་རིགས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་གནང་ཡོད་ན་ཡང་། ཕྱོགས་གཞན་ཞིག་ནས་བལྟས་ན། གློ་བུར་དུ་དར་བའི་དངོས་པོའི་འཚོ་བའི་ཆུ་ཚད་ཀྱི་མཐོར་འདེགས་དེས་མི་རྣམས་ཀྱི་བསམ་པའི་ལོངས་སྤྱོད་ཀྱི་བདེ་སྐྱིད་ལ་ཁག་ཐེག་མ་ཐོབ་པར། བསམ་བློའི་འདུ་ཤེས་ལ་གས་ག་ཆེན་པོ་ཐེབས་ཏེ་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཆུ་ཚད་དེ་རིམ་གྱིས་ཉམས་བཞིན་པའི་གནད་དོན་ཚབས་ཆེན་བྱུང་། ཁོང་གིས་སྣང་ཚུལ་དེ་མཐོང་ནས《རྒྱུ་འབྲས་མེད་པའི་མནའ་མ》དང《ཤ་དང་རུས་པའི་བརྩེ་དུངས》ལ་སོགས་པའི་སྒྲུང་ཐུང་དག་བརྩམས་ཏེ་ཕ་བུ་བར་གྱི་ཀུན་སྤྱོད་ལྟ་བ་དང་རིན་ཐང་ལྟ་བ་གཉིས་ལ་གདོང་ཐུག་ཐེབས་པའི་ཉེན་ཁ་ལས་སྤྱི་ཚོགས་བཅོས་སྒྱུར་གྱི་འགལ་བ་དང་སྡུག་བསྔལ་མཚོན་པར་བྱས་ཡོད། དུས་རབས་ཀྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་བཏེགས་ཤིང་དེང་རབས་ཀྱི་བསམ་བློའི་ཁུར་གྱིས་ནོན་པའི་རྩོམ་པ་པོ་ཞིག་ལ་མཚོན་ན། བཅོས་སྒྱུར་དུས་སྐབས་ཀྱི་མི་རྣམས་ཀྱི་ཀུན་སྤྱོད་འདུ་ཤེས་ཕྱོགས་ཀྱི་འགྱུར་ལྡོག་མཐོང་ཐུབ་པ་དང་། བཅོས་སྒྱུར་དུས་སྐབས་ཀྱི་མི་དང་མིའི་བར་གྱི་འབྲེལ་གཏུགས་ལས་སྲོལ་རྒྱུན་སྤྱི་ཚོགས་ཁྲོད་ཀྱི་བརྩེ་བ་བོར་ཏེ་སྒོར་མོ་དང་དངོས་པོའི་ཁེ་ཕན་སྙིང་བོར་འགྱུར་བའི་སྒྱིད་ལུག་རང་བཞིན་ཡང་མཐོང་ཐུབ་པ་རེད། མདོར་ན། དོན་གྲུབ་རྒྱལ་གྱིས་སྐབས་དེའི་རིང་གི་བརྩམས་ཆོས་ཁ་ཤས་ཤིག་ནི་སྲོལ་རྒྱུན་རིག་གནས་དང་མི་གཤིས་ངོ་མའི་སྟེང་དུ་རྐང་བཙུགས་ཏེ་བོད་རིགས་མང་ཚོགས་ཀྱི་བདེ་སྐྱིད་དང་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་ལ་རེ་སྙེག་མཛད་དེ། དེང་རབས་ཅན་གྱི་སྤྱི་ཚོགས་ཀྱི་སྐྱོན་ཆ་དང་མི་འདང་སར་མཐའ་དཔྱོད་ཀྱི་རྣམ་འགྱུར་བཅངས་ཡོད་པ་རེད།
དོན་གྲུབ་རྒྱལ་གྱི་རླབས་ཆེ་བའི་མི་གཞིའི་བསམ་བློ་རིགས་གཞན་ཞིག་ནི་ཁོང་གི་མི་རིགས་ཀྱི་ལ་རྒྱའི་སྙིང་སྟོབས་སྟེང་ན་ཡོད་པ་རེད། ཁོང་གི་ལ་རྒྱའི་སྙིང་སྟོབས་དེ་ནི་མི་ཆོས་རིང་ལུགས་རྨང་གཞིར་གྱུར་པའི“བདག”གི་འདུ་ཤེས་ལས་གྲུབ་པ་ཞིག་ཡིན། དོན་གྲུབ་རྒྱལ་གྱིས་སྙིང་རུས་དང་ལ་རྒྱ་ལྡན་རྒྱུ་ནི་རང་ཉིད་མི་ཞིག་བྱེད་པའི་མ་མཐའི་ཚད་གཞི་ཡིན་ཞིང་། ལ་རྒྱ་བརྩི་སྲུང་བྱེད་པ་ནི་རང་གི་མི་གཞི་ལ་དམའ་འབེབས་དང་བརྙས་བཅོས་མི་ཐེབས་པའི་ཁག་ཐེག་ཅིག་ཡིན་པར་མ་ཟད། ཚེ་སྲོག་གི་རིན་ཐང་མངོན་འགྱུར་བྱེད་པའི་གོ་རིམ་ཞིག་ཏུ་དགོངས་ཀྱིན་ཡོད། གོ་ཐོས་སུ་ཁོང་གིས་རྒྱུན་དུ“ང་རྒྱལ་ཡོད་དགོས། ཁེངས་དྲེགས་སྤང་དགོས”ཞེས་དང་། “མི་ལ་ང་རྒྱལ་མེད་ན་གཞན་གྱི་མཐོང་ཆུང་མྱང་དགོས། མི་རེ་རེའི་ང་རྒྱལ་བསགས་ན་མི་རིགས་ཀྱི་ང་རྒྱལ་ཆགས་འོང”ཞེས་སྨྲ་བར་བྱེད་ཟེར། དེ་ལས་ང་ཚོས་དོན་གྲུབ་རྒྱལ་གྱི་བསམ་བློའི་འཕེལ་རིམ་སྟེང་གི“བདག”སྟེ། རང་གཅེས་དང་རང་བརྩི། རང་བཀུར། རང་རྟོན་སོགས་ཀྱི་འདུ་ཤེས་དེ་མཐོང་ཐུབ་པ་རེད། མེ་ལྕེ་ལགས་ཀྱིས་དོན་གྲུབ་རྒྱལ་གྱི་བསམ་བློའི་ཐད་ཀྱི“བདག”བཙལ་ཅིང“བདག”རྙེད་པའི་གསར་རྙེད་དེ་ནི་བོད་ཀྱི་བསམ་བློའི་ལོ་རྒྱུས་སྟེང་གི་ཐོད་བརྒལ་ཆེན་པོ་ཞིག་ཏུ་ངོས་འཛིན་པར་མ་ཟད། “མི་རིགས”ནས“བདག”བར་ལ་ཐོད་བརྒལ་བྱུང་བའི་སྣང་ཚུལ་ཞིག་ཏུའང་འདོད་ཀྱིན་ཡོད། འོན་ཀྱང་། དོན་དངོས་ལ་སྦྱར་ནས་བལྟས་ན། ང་ཚོས་སྐབས་འདིའི“མི་རིགས”དང“བདག”གཉིས་ངོ་བོ་གཅིག་ཏུ་གོ་བ་ལེན་པ་ལས་ཐ་དད་དུ་བསམ་པར་མི་རིགསཏེ། དོན་གྲུབ་རྒྱལ་ནི་རྩོམ་རིག་གི་ལམ་ནས་མི་རིགས་ཀྱི་ལ་རྒྱ་རྗོད་མཁན་ཞིག་ཡིན་པ་དང་། “མི་རིགས་ཞེས་པ་དེ་དོན་གྲུབ་རྒྱལ་དང་ཡང་ན་སྐབས་དེའི་ཡོན་ཏན་པའི་སྡེའི་བསམ་བློའི་སྲོག་ཤིང་ལྟ་བུ་ཞིག་ཏུ་གྱུར་འདུག་པའི”(10)སྟབས་ཀྱིས་ཡིན་ནོ།།
དོན་གྲུབ་རྒྱལ་གྱི་བསམ་བློའི་སྟེང་གི“བདག”ཟེར་བ་ནི་མཐར་གཏུགས་ན་མི་སྒེར་གཙོ་གཞིར་འཛིན་པའི་བསམ་བློའི་འདུ་ཤེས་དེ་ལ་གོ་དགོས་པ་ཡིན། རྨང་གཞིའི་སྟེང་ནས་བཤད་ན་དེ་དང་ནུབ་ཕྱོགས་ཀྱི་དེང་རབས་རང་བཞིན་གྱིས་བླང་བྱ་འདོན་པའི་སྤྱི་ཚོགས་ཀྱི་མདུན་སྐྱོད་དང་མིའི་རང་དབང་ལ་བཅིངས་འགྲོལ་གཏོང་བའི་ཁ་ཕྱོགས་གཉིས་ནི་ཕལ་ཆེར་ཆོས་མཚུངས་པ་ཡིན་མོད། འོན་ཀྱང་བྱེ་བྲག་གི་ནང་དོན་ཐད་དུ་མི་འདྲ་ས་མང་། དོན་གྲུབ་རྒྱལ་གྱིས་རེ་སྙེག་གཏོང་བའི“བདག”གི་གཙོ་གཞི་རང་བཞིན་ནི་གཙོ་བོ་བཀས་བཀོད་རྒྱུད་འཛིན་རང་བཞིན་གྱི་སྲོལ་རྒྱུན་སྤྱི་ཚོགས་ལ་ངོ་རྒོལ་དང་བཀག་འགོག་བྱེད་པའི་སྟེང་ན་ཡོད་པ་རེད། རྒྱུ་མཚན་ནི་གལ་ཏེ་དེ་ལྟ་བུའི་སྲོལ་རྒྱུན་སྤྱི་ཚོགས་ལ་ངོ་རྒོལ་དང་བཀག་འགོག་མ་བྱས་ན་ཚན་རིག་གི་མདུན་སྐྱོད་དང་སྤྱི་ཚོགས་ཀྱི་གསར་བརྗེ་དང་འཕེལ་རྒྱས་འབྱུང་མི་སྲིད་ལ། མིའི་རང་དབང་གི་བཅིངས་འགྲོལ་ནི་དེ་བས་ཀྱང་གླེང་ཐབས་མེད་པའི་ཕྱིར་རོ།། དེ་བས། དོན་གྲུབ་རྒྱལ་གྱི“བདག”གི་གཙོ་གཞི་རང་བཞིན་དང་མང་ཚོགས་ཀྱི་རྟོགས་སད། མི་རིགས་ཀྱི་དར་སྤེལ་སོགས་ནི་ནམ་ཡང་གཞི་གཅིག་ཏུ་འབྲེལ་ནས་ཡོད་ལ། བོད་རིགས་མང་ཚོགས་ཀྱི“བདག”གི་གཙོ་གཞིའི་རང་བཞིན་སྤེལ་རྒྱུ་དེ་ཡང་མི་རིགས་དར་སྤེལ་གཏོང་བའི་བརྒྱུད་ལམ་ཉག་ཅིག་ཡིན་པ་ལས། ནུབ་ཕྱོགས་དང་འདྲ་བར་རང་ཉིད་སྙིང་བོར་བྱེད་པ་དང་རང་ཉིད་གཞན་ལས་ཁེར་ཚུགས་སུ་ཆགས་པའི་གལ་ཆེན་རང་བཞིན་ལ་འབད་བརྩོན་བྱེད་པ་ཞིག་གཏན་ནས་ཡིན་མི་སྲིད། དེས་ན། ང་ཚོས་དོན་གྲུབ་རྒྱལ་གྱི་མི་རིགས་ཀྱི“ལ་རྒྱའི”བསམ་བློ་ནི་མི་སྒེར་དང་ཡང་ན་ཚོགས་པ་ཞིག་གི་ཁེ་ཕན་གྱི་ཕྱི་ངོས་སུ་གཡེང་མེད་པར་རྒྱལ་ཁབ་དང་ཐུན་མོང་གི་འདུ་ཤེས་ཤིག་གི་གཏིང་རིམ་དུ་ཟུག་ཡོད་པ་མཐོང་ཐུབ་སྟེ། ཁོང་གིས“ལ་རྒྱ་ནི་རང་རེའི་བླ་སྲོག་ཡིན་པ་དང་། ང་རྒྱལ་ནི་རང་གི་གཟི་བརྗིད་རེད། ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ་གཞན་གྱི་རྐང་འོག་ཏུ་མི་འཇོག་པ་དང་། ཁ་བ་ཅན་གྱི་ལ་རྒྱའི་དཔུང་བ་དེ། གཞན་གྱི་མགོ་ཐོག་ཏུ་བསྒྲེངས་ནུས་ན་རང་རིགས་ཀྱི་གཟི་བརྗིད་དང་། མེས་རྒྱལ་གྱི་ལ་རྒྱ་ཡང་རེད”(11)ཅེས་བརྗོད་པ་ཡང“བདག”གི་གཙོ་གཞི་རང་བཞིན་གྱི་འབོད་སྐུལ་ཞིག་ཅིར་མ་ཡིན།
དོན་གྲུབ་རྒྱལ་གྱི“བདག”གི་གཙོ་གཞི་རང་བཞིན་གྱི་སྤྱི་ཚོགས་གླེང་བརྗོད་དང་རྩོམ་རིག་གི་བརྩམས་ཆོས་དག་ནི་དེང་གི་མཁས་པར་རློམ་པ་ཁ་ཅིག་གི་རང་ཉིད་ཀྱི་རིན་ཐང་ཆེས་ཆེར་ངོམ་སོ་བྱེད་པའི་སྒེར་ངོས་ཀྱི“ཡིག་ཚོགས”དང་མི་འདྲ། “མི་སྒེར་ཅན”གྱི་བརྩམས་ཆོས་དེ་དག་གིས་ཟུར་ངོས་གང་རུང་ནས་སྒེར་གཤིས་ཤིག་སྟོན་ཐབས་བྱེད་ཀྱིན་ཡོད་ན་ཡང་གཙོ་བོ་ནི་རང་གི་སྒྱིད་ལུག་གི་བསམ་བློའི་ཕྱོགས་ཞེན་གྱི་ལྷད་སྐྱོན་དེའི་དབང་གིས་རྩོམ་པ་པོའི་སྤྱི་ཚོགས་རང་བཞིན་གྱི་འཚོ་བའི་ཉམས་ལེན་ཤིན་ཏུ་ཞན་པར་བསྒྱུར་ཏེ་སྒེར་གཤིས་རྣལ་མ་ཞིག་འབྱུང་ཐུབ་ཀྱི་མེད་པར་གདའ། འོན་ཀྱང་། དོན་གྲུབ་རྒྱལ་གྱི་བརྩམས་ཆོས་དག་ལ་མཚོན་ན། “བདག”གི་གཙོ་གཞིའི་རང་དབང་གི་རྩ་དོན་མངོན་གསལ་དུ་ལྡན་ལ། “མི་སྒེར་ཅན”གྱི་འོབས་སུ་མ་ལྷུང་བར་སྒེར་གཤིས་ཅན་གྱི་ཁྱད་ཆོས་ཀྱང་ཕུན་སུམ་ཚོགས་པ་ཞིག་འཛོམས་འདུག དེ་ནི་དོན་གྲུབ་རྒྱལ་གྱི་ཁེར་རྐྱང་གི་ཚེ་སྲོག་གི་མངོན་སྟངས་ཤིག་ཡིན་ལ། མི་སྒེར་དང་མི་རིགས། མེས་རྒྱལ་ལ་བཅངས་པའི་ལ་རྒྱའི་སྙིང་སྟོབས་ཤིག་ཀྱང་རེད།
དཔྱད་གཞིའི་རྒྱུ་ཆ།
(1)李千:《跟鲁迅学骨气》,中央编译出版社2015年版,第1页。
(2)冒键:《一个50后的鲁迅观》,黄河出版传媒集团、宁夏人民出版社2011年版,第48页。
(3)朱晓:巜论路遥〈平凡的世界〉所体现的中国文学现代性》巜名作欣赏》2016年第2期,第42页。
(4)汪卫东:《人•现代•传统》北京大学出版社2015年版,第110页。
(5)སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་གྱིས་བསྒྲིགས་པའི《དཔལ་དོན་གྲུབ་རྒྱལ་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》ཀྱི་ཤོག་ངོས92པ། 2009ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར།
(6)སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་གྱིས་བསྒྲིགས་པའི《དཔལ་དོན་གྲུབ་རྒྱལ་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》ཀྱི་ཤོག་ངོས87པ། 2009ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར།
(7)སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་གྱིས་བསྒྲིགས་པའི《དཔལ་དོན་གྲུབ་རྒྱལ་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》ཀྱི་ཤོག་ངོས551པ། 2009ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར།
(8)སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་གྱིས་བསྒྲིགས་པའི《དཔལ་དོན་གྲུབ་རྒྱལ་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》ཀྱི་ཤོག་ངོས116པ། 2009ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར།
(9)唐长华:《张炜小说研究》,中国社会科学出版社2016年版,第76页。
(10)སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་གྱིས་བསྒྲིགས་པའི《དཔལ་དོན་གྲུབ་རྒྱལ་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》ཀྱི་ཤོག་ངོས254པ། 2009ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར།
(11)སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་གྱིས་བསྒྲིགས་པའི《དཔལ་དོན་གྲུབ་རྒྱལ་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》ཀྱི་ཤོག་ངོས86པ། 2009ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར།