རྐྱེན་ངན་གྲོགས་སུ་གྱུར་པ།
རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས། དམངས་ཁྲོད། སྤེལ་དུས། 06-18
སྔར་ཡུལ་ཞིག་ལ་གྲོགས་པོ་གཉིས་ཡོད། གཅིག་གི་མིང་ལ་བློ་བཟང་དང་གཅིས་ཤོས་ལ་དོན་གྲུབ་ཟེར། ཁོང་གཉིས་ཆུང་ངུའི་དུས་ནས་མཉམ་དུ་རྩེད་མོ་རྩེ་བ་དང་། མཉམ་དུ་བ་གླང་འཚོ་བ། མཉམ་དུ་མེ་ཤིང་འཐུ་བ་སོགས་བྱེད་པ་དང་། ཆེན་པོ་ཆགས་རྗེས་ཀྱང་རང་རང་གི་ཁྱིམ་དུ་ལྟོ་ཞིམ་པ་འདྲ་ཡོད་ན་ཕན་ཚུན་འབོད་རེས་བྱེད་པ་རེད། ཉིན་ཞིག་ཁོང་གཉིས་རི་ལ་མེ་ཤིང་འཐུ་བར་སོང་། བློ་བཟང་གིས་རིའི་གཤམ་ན་རྒོད་པོ་ལྡིང་བ་མཐོང་ནས་དོན་གྲུབ་ལ་ལྟོས་དང་། མ་གིར་རྒོད་པོ་ལྡིང་གིན་འདུག་པས་རི་དྭགས་འདྲ་གཡང་ལ་ལྷུང་བ་ཡིན་ཤས་ཆེ། ལྟ་ཙམ་བྱེད་པར་འགྲོ་ཟེར་ནས་ཕྱིན་པས་ན་གྲོག་རོང་ཤིན་ཏུ་གཟར་ཞིང་འདབས་སུ་ཆུ་ཆེན་པོ་དྲག་ཏུ་རྒྱུག་པ་ཞིག་གི་འགྲམ་དུ་གླ་བ་ཞིག་ལྷུང་ནས་ཤི་མ་ཐག་པ་ཡིན་པ་ཤེས། འོན་ཀྱང་གཡང་གཟར་ཆེ་བའི་གྲོག་རོང་དེ་ལྟ་བུར་མི་ཕར་བཞག་རི་དྭགས་ཀྱང་ལྷུང་ནས་ཤི་བ་རེད། བློ་བཟང་གིས་དོན་གྲུབ་ལ་གྲོགས་པོ་གླ་བ་མ་གི་ཤི་མ་ཐག་པ་ཡིན་ལ་གླ་ཕོ་ཡང་རེད། འོན་ཀྱང་ལེན་པའི་ཐབས་དཀའ་བས་རང་རེ་གཉིས་མེ་ཤིང་བླངས་ཏེ་ལོག་ན་དགའ་ཞེས་སྨྲས། དོན་གྲུབ་ཀྱིས་ཨ་ཙི་གླ་ཕོ་ཞེས་སྨྲས་ནས་བསམ་བློ་ཞིག་བཏང་རྗེས་བློ་བཟང་ལ་ང་གཉིས་ཡུད་ཙམ་བསྡད་ནས་མ་གི་ལེན་པའི་ཐབས་ཤིག་བསམ་བློ་གཏོང་དང་། གླ་རྩི་ཆི་རིན་ཐང་ཆེ་བ་མ་རེད་དམ་ཞེས་སྨྲས། བློ་བཟང་གིས་བསམ་བློ་ཡུད་ཙམ་བཏང་རྗེས་ཐབས་གཅིག་རང་ཡོད་པ་ནི་སྐེད་པ་ལ་ཐག་པ་བཏགས་ནས་མི་གཅིག་ཐག་ཤུར་ལ་ཕྱིན་མ་གིར་སླེབས་རྗེས་གླ་རོ་ལ་ཐག་པ་བཏགས་ཏེ་ཡར་འཐེན་རྒྱུ་རེད། འོན་གྱང་མི་གཅིག་གིས་བླ་རོ་ཡང་འཐེན་ཐུབ་ཨེ་ཡོང་ཅེས་བརྗོད་ དོན་བྲུབ་ཀྱིས་འཐེན་ཐུབ་ཀྱི་རེད་ ཐུབ་ཀྱི་རེད་ངས་ཡར་འཐེན་ཆོག་ཅེས་བརྗོད། བློ་བཟང་གིས་འོ་ན་དེ་ལྟར་བྱེད་ཅེས་བཤད་ནས་རང་གི་སྐེད་པར་ཐག་པ་བརྒྱབ་ནས་མར་བབས། བླ་རོ་ལ་ཐག་པ་བཏགས་ཏེ་དོན་གྲུབ་འཐེན་དུ་བཅུག དོན་གྲུབ་ཀྱིས་ཤུགས་ཡོད་ཚད་བརྟོན་ནས་བླ་རོ་ཡར་འཐེན། གླ་རོ་སྟེང་དུ་འཐེན་པ་དང་དོན་གྲུབ་ལ་བསམ་ངན་ཞིག་འཁོར། བླ་རྩི་ནི་རིན་ཐང་ཆེན་པོ་རེད། གལ་སྲིང་བླ་རྩི་འདི་ང་གཅིག་པུར་བདག་པ་ཡིན་ན་ངས་མི་ལ་བཙོངས་ནས་མ་རྩ་བྱས་ཏེ་ཚོང་ཞིག་བརྒྱབ་ན་མེ་ཤིང་སྒྲུག་ནས་འཚོ་བ་ལས་ལེགས། བློ་བཟང་ཁོ་གྲོག་རོང་མ་གིར་བཞག་ནས་ཁོ་ལ་ཐག་པ་མབཏང་ན་ཁོ་ལ་གཤོག་པ་ནི་མེད་ད་རེས་བླ་རྩིའི་ཆེད་དུ་གྲོགས་པོ་བློས་གཏོང་བ་ལས་འོས་མེང་སྙམས་རས་ཁོས་བློ་བཟང་ལ་ཐག་པ་མ་བཏང་བར་བླ་རོ་ཁྱེར་ནས་ཁྱིམ་དུ་ལོག བློ་བཟང་ནི་དོན་གྲུབ་ཀྱི་ཐག་པ་གཏོང་རྒྱུར་ཡུན་རིང་སྒུག་ཀྱང་ཐག་པ་གཏོང་མཁན་མེད།སྐད་བཏང་ཡང་ལན་འངེབས་མཁན་མ་བྱུང་བས་གྲོགས་པོས་རང་ཉིད་དོར་ནས་ཕྱིན་པ་གཞིན་ནས་ཤེས་ཏེ་ད་ཅི་དྲག གྲོག་རོང་འདི་ནས་ཐར་བའི་ཐབས་ནི་དབེན་ད་ནི་གྲོགས་རོང་འདིའི་ནང་ཤི་རྒྱུ་སྒུག་རྒྱུ་ལས་མེད། ཁྱིམ་དུ་ཡོད་པའི་མ་རྒན་དང་གཅུང་མོ་གཉིས་སྤྲང་ལ་བྱར་རྒྱུ་ཡིན་པས་སྙིང་རེ་རྗེ་ཞེས་སེམས་སྡུག་ཚད་མེད་ཀྱི་ངང་དུ་ས་ཡང་རུབ། མུན་ནག་གི་ཁྲོད་དུ་མཐོང་རྒྱུ་གང་ཡང་མེད་ལ་ཐོས་རྒྱུ་ནི་ཆུ་ཀླུང་ཆེན་པོའི་སྒྲ་ཙམ་ཡིན། ངེ་ལྟར་སེམས་སྡུག་དང་འཇིགས་སྐྲག་གི་ངང་མཚན་གཅིག་འཁྱོལ་ཙམ་བྱུང་། ཉིན་གཉིས་པར་ཉི་མ་ཤར་བ་དང་གྲོག་རོང་དེར་སྐོར་བ་ཞིག་བརྒྱབ་ནས་འཛེགས་ས་ཞིག་བཙལ་ཡང་མ་བརྙེད། ད་ནི་འདི་ལྟར་སྡུག་བསྔལ་གྱི་ངང་དུ་ལྟོགས་ཤི་ཐེབས་པ་ལས་ད་ལྟ་ཉིད་དུ་འཆི་བ་དགའ་སྙམ་ནས་དྲག་ཏུ་རྒྱུགས་པའི་ཆུ་ཀླུང་ཆེན་པོ་དེར་མཆོངས་སོ། ཁོ་ཆུས་འཁྱེར་ནས་གྲམ་ཁ་ཞིག་ཏུ་ཐོན། ཡར་ལངས་ནས་གོས་རྣམས་ཕུད་ཅིང་གོས་ཀྱི་ཆུ་རྣམས་བཙིར་བཞིན་དུ། ཡཱ་ཤི་འདོད་མེད་ན་ཆུ་ལ་མཆོངས་ཀྱང་མ་ཤི་ཞེས་ཆིག་ལབ་རྒྱག་བཞིན་རྡོ་ཞིག་ལ་སྔས་བྱས་ཏེ་ཉལ་ནས་བསྡད།
གཉིད་ཁུག་གྲབས་བྱེད་པའི་སྐབས་སུ་མིའི་སྐད་སྒྲ་ལྟ་བུ་ཞིག་ལྷང་ལྷང་དུ་ཐོས། ཁོས་ཞིབ་པར་ཉན་དུས་ཁེ་ཉེ་བའི་ས་ན་ངང་པ་འགའ་ཡོད་པ་རྣམས་གླེང་མོལ་བྱེད་པ་མཐོང་། ཁོ་ཡ་མཚན་སྐྱེས་ཤིང་ཉན་ནས་བསྡད་པས་ངང་མོ་ཞིག་གིས་ཁྱེད་རང་དེང་སང་དེ་འདྲའི་མ་སྐྱིད་པ་གང་བྱས་སམ་ཞེས་ཟེར། ངང་པ་ཕོ་དེས་ལུང་པ་འདིའི་མདའ་མ་གིར་ཡུལ་གྲུ་ཆེན་པོ་ཞིག་ཡོད། ཡུལ་དེའི་རྒྱལ་པོ་དེ་ནི་འབངས་མི་སེར་ལ་ཧ་ཅང་བྱམས་པ་ཞིག་ཡིན། རྒྱལ་པོ་ཁོང་ལ་སྲས་མོ་གཅིག་མ་གཏོགས་མེད། དེ་ཡང་སྙུན་གཞི་ལྕི་པོ་ཞིག་ཕོག་ནས་སྨན་བཅོས་རིམ་འགྲོ་ཇི་ལྟར་བྱས་ཀྱང་མ་ཕན་པར་ཉེན་ཁ་ཆེ་སྒང་ཡིན། དེ་ལ་ཕན་པའི་ཐབས་ཤིག་ཡོད་ཀྱང་ཁོ་ཚོས་རང་རེའི་སྐད་མི་ཤེས་པས་ད་ནི་སྲས་མོ་དེ་འཆི་བ་ལས་སྐྱོབ་ཐབས་བྲལ་སྙམ་ནས་སེམས་མ་སྐྱིད་ཅེས་སྨྲས་པས་ངང་མོ་དེས་ཐབས་དེ་ཇི་འདྲ་ཞིག་རེད་ཅེས་དྲིས་པས་ངང་པ་ཕོ་དེས་རྒྱབ་རི་ལ་བལྟས་ཏེ་ཕ་གིའི་རི་སྐེད་དུ་རྒོད་ཚང་ཞིག་ཡོད། དེ་ནས་རྒོད་བྲུན་སོས་པ་ཞིག་བླངས་ཏེ་རྒྱལ་པོའི་སྲས་མོ་ལ་ཕུལ་ན་སེང་དྲག་ཏུ་འགྲོ་ཐུབ་ཅེས་བརྗོད། ངང་མོ་དེས་རྒོད་བྲུན་སོས་པ་གང་འདྲ་བྱས་ནས་ལེན་ཐུབ་ཅེས་དྲིས་པས་ངང་པ་ཕོ་དེས་རྒོད་ཚང་གི་ཁ་འོག་གི་ཐད་དུ་དོང་ཞིག་དྲུས། དེའི་ནང་དུ་འཛུལ་ནས་སྟེང་དུ་གཡམ་པ་ཞིག་བཀབ་རྣས་མཚད་མོ་གཅིག་སྡོད་དགོས། སང་ཉིན་རྒོད་པོ་འཕུར་བ་དང་ཆབས་ཅིག་རྒོད་བྲུན་ཐག་སྒྲ་དང་བཅས་གཡམ་པའི་ཁར་ལྷུང་གི་རེད། དེ་ཁྱེར་ནས་རྒྱལ་པོའི་སྲས་མོར་ཕུལ་ན་སྲས་མོའི་སྙུན་གཞི་དྲག་ངེས་ཀྱང་ཐབས་འདི་ཁོ་ཚོས་མི་ཤེས། རང་རེས་བཤད་ཀྱང་ཁོ་ཚོས་མི་གོ། སྲས་མོ་བཟང་མོ་དེ་དུས་མིན་འཆི་བ་བྱུང་ན་སྙིང་རེ་རྗེ་ཨང་ཞེས་ཟེར་བ་བློ་བཟང་གིས་གསལ་པོར་ཐོས་རྗེས་ཁོའི་སེམས་ལ་རྒྱལ་པོའི་སྲས་མོ་མྱུར་སྐྱོབ་བྱེད་རྒྱུ་དེ་ནི་དོན་ཧ་ཅང་ཆེན་པོ་རེད་སྙམ་ནས་མྱུར་བར་ལངས་ཤིང་གོས་རྣམས་གྱོན་ཞིང་རི་དེར་འཛེགས་ནས་རྒོང་ཚང་གི་ཐད་དུ་ངང་པ་ཕོ་ཡིས་བཤད་པ་ལྟར་བྱས་ནས་ནུབ་གཅིག་བསྡད། ཉི་མ་ཤར་བ་དང་རྒོད་པོ་འཕུར་ཤོར་དུ་ཐག་སྒྲ་དང་བཅས་ཏེ་རྒོད་བྲུན་ཞིག་རྡོ་གཡམ་གྱི་ཐོག་ཏུ་ལྷུང་། ཁོས་རྒོད་བྲུན་དེ་འཁྱེར་ནས་མགྱོགས་པོར་ཕྱིན་ནས་རྒྱལ་པོའི་ཕོ་བྲང་གི་སྒོ་ཁར་སོང་ནས། རྒྱལ་པའི་སྲས་མོའི་སྙུན་གཞི་ངས་བཅོས་ཐུབ་ཅེས་བཤད། སྒོ་སྲུང་བས་དེ་དོན་རྒྱལ་པོར་ཞུས། རྒྱལ་པོས་ཡར་བོས་ཤོག་ཅེས་གསུངས། རྒྱལ་པོས་ཁོ་མཐོང་རྗེས་སེམས་སུ་གཞོན་ནུ་འདི་ནི་ཨེམ་ཆི་ཤེས་མཁན་གྱི་བཟོ་ལྟ་ཞིག་མི་འངུག འོན་ཀྱང་ལེགས་ཉེས་ག་རེ་བྱུང་ཡང་ཁོ་རང་སྨན་བཅོས་བྱེད་དུ་བཅུག་ན་སྙམ་ནས་བློ་བཟང་ལ་ལྟ་རུ་བཅུག ཁོས་ལྟ་ཙམ་བྱས་རྗེས་རྒོད་བྲུན་དེ་སྲས་མོའི་ཁ་ལ་བླུགས་པས་སྲས་མོ་སྐྱུག་པ་མང་པོ་ཤོར། ཉིན་གཉིས་པར་ཟས་ཀྱི་དང་ག་འབྱེད། ཉིན་ཤས་སོང་རྗེས་སེང་དྲག་ཏུ་སོང་བས་རྒྱལ་པོ་ཡབ་ཡུམ་བློན་པོ་བཅས་པ་ཤིན་ཏུ་དགའ་ནས་ཁོ་སྲས་མོའི་མག་པ་བྱེད་དུ་བཅུག སྲསམོ་དེའང་ཁོ་ནི་རང་གི་སྲོག་སྐྱོབ་མཁན་ཡིན་པས་ཤིན་ཏུ་དགའ་པོ་བྱེད་པ་དང་། ཁོ་ནི་སྲས་མོའི་མག་པ་བྱེད་རྒྱུ་བྱུང་བས་མི་དགའ་བ་ག་ལ་སྲིད། དེ་ལྟར་དགའ་སྐྱིད་ངང་དུ་དུས་ཚོད་སོང་བ་ཡང་མ་ཚོར། ལོ་གཅིག་འཁོར་བའི་ཉིན་དེར་རྒྱལ་པོའི་སྲས་མོས་བློ་བཟང་ལ་དེ་རིང་ནི་ཤིན་ཏུ་བཀྲ་ཤིས་པའི་ཉིན་ཞིག་ཡིན་པས་ཁྱེད་ཀྱིས་མཆོད་ཆང་འདི་མཆོད་དང་ཞེས་གསེར་གྱི་ཁྲུང་ཕོར་བདུད་རྩིའི་རོ་བཅུད་དང་ལྡན་པའི་ཆང་གིས་རབ་ཏུ་བསྐངས་ནས་བཏེགས་པས་བློ་བཟང་གིས་ཁྲུང་ཕོར་ལག་ཏུ་བླངས་ནས་བཀྲ་ཤིས་པའི་ཉིན་གང་ཞིག་ལགས་ཞེས་ཟེར།སྲས་མོས་དེ་རིང་ནི་ཁྱེད་ཕོ་བྲང་དུ་ཕེབས་ནས་ངའི་སྲོག་བསྐྱབས་ཏེ་ལོ་གཅིག་འཁོར་བའི་ཉིན་མོ་རེད་ཅེས་བཤད། བློ་བཟང་ཧོན་ཐོར་བ་ལྟར་བྱས་ནས་རང་ཉིད་རྒྱལ་པོའི་ཕོ་བྲང་དུ་བདེ་ཞིང་སྐྱིད་པས་དུས་ཚོད་སོང་བ་ཡང་མ་ཤེས།
ཁྱིམ་དུ་མ་རྒན་དང་གཅུང་མོ་གཉིས་སྡུག་བསྔལ་གྱིས་མནར་བཞིན་དུ་གནས་པའང་བརྗེད་པས་བདག་ནི་དུད་འགྲོའི་རིགས་སུ་གྱུར་བའི་བྱ་ངང་པ་དེ་དག་ལས་ཀྱང་དམན་པ་ཞིག་གོ་སྙམ་ནས་མིག་ཆུ་ཤོར་བས་རྒྱལ་པོའི་སྲས་མོ་དེས་ཁྱེད་འདི་འདྲ་མཛད་པ་ཅི་ཉེས། ཞེས་དྲིས་པར་བློ་བཟང་གིས་རང་གི་གནས་ལུགས་རྣམས་འགོ་ནས་མཇུག་བར་བཤད། སྲས་མོས་དེ་ལ་སེམས་སྡུག་མཛད་དོན་མེད། བདག་གིས་ཡབ་ལ་ཞུས་ནས་ཁྱེད་ཁྱིམ་དུ་ཡུམ་དང་གཅུང་མོ་མཇལ་བར་ཕེབས་པས་ཆོག་ཅེས་བརྗོད་དེ་ཡབ་ཀྱི་དྲུང་དུ་སོང་ནས་རྒྱུ་མཚན་རྣམས་ཞུས། རྒྱལ་པོས་བློ་བཟང་མདུན་དུ་བོས་ནས། ཁྱེད་ནི་ངའི་བུ་མོ་འཆི་བ་ལས་བསྐྱབས་པའི་དྲིན་ཅན་ཡིན་ལ་ད་ལྟ་ནི་བུ་མོའི་མག་པ་ཡང་ཡིན།བདག་ནི་ལོ་ན་རྒས་པས་སླད་རྒྱལ་ཁབ་ཀྱི་འཁུར་ཁྱེད་ལ་སྤྲོད་རྒྱུ་ཡིན། ད་རེས་ཁྱེད་མགྱོགས་པར་སོང་ལ་མ་རྒན་དང་གཅུང་མོ་ལ་ཚེ་གང་འདེང་བའི་ཟས་ནོར་བང་མཛོད་ནས་བཏོན་ཏེ་འཁུར་ལ་ཁྱེད་ཚུར་འཁོར་མཚམས་སྲིད་ཁྲི་མངའ་གསོལ་བྱ་རྒྱུ་ཡིན། བདུན་ཕྲག་གཅིག་ནས་མ་འགྱངས་པ་ཕྱིར་ལོག་དགོས་ཞེས་སྨྲས་ཏེ་བློ་བཟང་ལ་འཁོར་བཅུ་ཕྲག་གིས་བསྐོར་ནས་ནོར་རྫས་དྲེལ་རྒྱབ་མང་པོ་དང་བཅས་རང་ཡུལ་དུ་གཉེན་འཕྲད་དུ་བཏང་ངོ་།
ཁོང་རྣམས་དཔག་ཚད་གཅིག་ཙམ་སླེབས་རྗེས་བློ་བཟང་གིས་སེམས་སུ་རང་གི་ཁྱིམ་དུ་མི་རྣམས་ལ་ལྟོ་སྐོལ་བྱེད་ཀྱི་མེ་ཤིང་ཙམ་ཡང་མེད་པར་ངེས་པས་སྔོན་དུ་སོང་ནས་མེ་ཤིང་ཕྲན་བུ་གཅོད་པར་འགྲོ་དགོས་སྙམ་ནས་འཁོར་རྣམས་ལ་ཁྱེད་རྣམས་རྗེས་སུ་ག་ལེར་ཤོག་ཅིག ང་སྔོན་དུ་མ་ཕྱིན་ན་སྒོ་རྩར་མི་རྟ་མང་པོ་འདི་འདྲ་གློ་བུར་དུ་སླེབས་དུས་མ་རྒན་ལ་འཇིགས་སྐྲག་ཡོང་རྒྱུ་རེད་ཅེས་སྔོན་དུ་སོང་། ཁྱིམ་དུ་སླེབས་སྐབས་མ་རྒན་དང་གཅུང་མོ་གཉིས་ཀ་བསྡད་མེད་པས་ཁ་ཕྱིར་བསྐོར་ནས་འཚོལ་བར་འགྲོ་བསམ་པའི་སྐབས་སུ་མ་རྒན་དང་། གཅུང་མོ་ལྟོ་སློང་བར་སོང་ནས་ཕྱིར་ལོག་པ་དང་ཐུག ཁོ་དགའ་སྐྱོ་འགྲན་པ་བཞིན་བྱུང་ནས་ཕར་མཆོངས་ཏེ་ཨ་མ་ཞེས་མ་རྒན་ལ་འཐམས། མ་རྒན་སེམས་ལ་བདག་གི་བུ་ནི་སྔ་ས་ནས་ཤི་སུ་ཟིན། ང་ལ་ཨ་མ་ཞེས་འབོད་པའི་སྐྱེ་བོ་གཟུགས་བཟང་ཞིང་རྒྱན་གོས་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཅི་ཡིན་ནམ་སྙམ་སྟེ་ཅི་བྱ་གཏོལ་བྲལ་དུ་གྱུར། བློ་བཟང་གིས་རང་གི་ཨ་མས་རང་ཉིད་ངོ་མ་ཤེས་པའི་ཚུལ་དེ་མཐོང་ནས་མིག་ཆུ་གཏོང་བཞིན་དུ་ཨ་མ།
ང་ནི་ཁྱེད་ཀྱི་བུ་བློ་བཟང་ཡིན་ཞེས་སྨྲས་པས་ཨ་མས་ཅི་ཟེར། བློ་བཟང་ཤི་ཟིན་པ་རེད་ཅེས་བརྗོད། བློ་བཟང་གིས་ང་ཤི་མེད། རྐྱེན་ངན་གྲོགས་ཤར་གྱི་གནས་ཚུལ་ངོ་མཚར་ཅན་འདི་འདྲ་བྱུང་། སང་ཉིན་རང་རེའི་ཁྱིམ་དུ་ངའི་མི་རྟ་མང་པོ་ཡོང་བ་ཡོད་པས་ང་སྔོན་ལ་མེ་ཤིང་གཅོད་དུ་འགྲོའོ་ཞེས་སྟ་རེ་བླངས་ཏེ་རི་ལ་ཤིང་གཅོད་དུ་སོང་། རི་རྩེར་སླེབས་རྗེས་ཤིང་སྡོང་ཆེན་པོ་གཅིག་ཡོད་པ་དེ་ལ་སྟ་རེ་ལན་འགའ་ཞུས། སྡོང་རྒན་དེའི་ཁོག་པ་ནས་གློ་བུར་དུ་དྲང་སྲོང་མགོ་བོ་དུང་ལྟར་དཀར་བ། མིག་གཡུ་ལྟར་སྔོ་བ། དཔྲལ་བ་གཉེར་མས་གང་བ། ཨོམ་ཚོམ་དཀར་པོ་སྐེད་པའི་བར་སླེབས་པ་ཞིག་དོན་ནས། ཁྱོད་ཀྱིས་ངའི་སྡོད་ཁང་ལ་སྟ་རེ་གཞུས་ནས་ཅི་བྱེད་ཅེས་སྨྲས་པས།བློ་བཟང་གིས་ཕྱག་འཚལ་བཞིན་དུ་འདི་ཁྱེད་ཀྱི་བཞུགས་གནས་ཡིན་པ་བདག་གིས་མ་ཤེས། བདག་གི་ཁྱིམ་དུ་མེ་ཤིང་མེད་པས་ཤིང་ཕྲན་བུ་གཅོད་པར་ཡོང་བས་སྟ་རེ་གཞུ་བར་ཐལ། ཁྱེད་ཀྱིས་ཅི་ནས་ཀྱང་བཟོད་པར་མཛོད་ཅིག་ཅེས་ཞུས། དྲང་སྲོང་གིས་ཨམ་ཕྲག་ནས་ཤོ་གསུམ་བཏོན་ནས་ཁོ་ལ་སྤྲད་དེ་ཁྱེད་ཤིང་གཅོད་མི་དགོས། འདི་དག་ཁྱེར་ནས་ཤོ་རེར་སྨོན་ལམ་རེ་ཐོབ་དང་ཁྱེད་ཅི་འདོད་པ་བཞིན་འབྱུང་ངོ་ཞེས་གསུངས། ཁོས་མགྱོགས་པར་ཁྱིམ་དུ་ལོག་ནས་ཤོ་གཅིག་གཡུགས་ཏེ་འདིར་རྒྱལ་པོའི་ཕོ་བྲང་དང་འདྲ་བའི་ཁང་པ་ཞིག་ཡོང་བར་ཤོག ཅེས་བརྗོད་པས་དེ་མ་ཐག་ཐོག་བརྩེགས་ཅན་གྱི་ཕོ་བྲང་གདུགས་དང་རྒྱལ་མཚན་དང་། བ་དན་སོགས་ལྷབ་ལྷུབ་ཏུ་གཡོ་བ་མཐོང་ཞིང་བརྗིད་ཆགས་པ་རྒྱལ་པོའི་ཕོ་བྲང་དང་མཉམ་པ་ཞིག་བྱུང་། ཡང་ཁོས་ཤོ་གཉིས་པ་བོར་ནས་རྒྱལ་པོ་དང་འདྲ་བར་ནོར་ལོངས་སྤྱོད་འབངས་འཁོར་གཡོག་འབྱུང་བར་ཤོག ཅེས་བཤད་པས་སྐད་ཅིག་ཉིད་དུ་དེ་ལྟར་བྱུང་ཡང་ཁོས་འབངས་འཁོར་དེ་དག་གིས་ངའི་མ་དང་། གཅུང་མོར་བཀུར་བར་གྱུར་ཅིག་ཅེས་བཤད་པས་མ་དང་། གཅུང་མོར་ཀུན་གྱིས་བཀུར་ཞིང་ཅི་གསུང་དང་དུ་ལེན་བ་ཞིག་བྱུང་། དེ་ནས་ཅུང་མ་འགོར་བར་སྒོ་སྲུང་པས་རྒྱལ་སྲས་བློ་བཟང་གི་བློན་པོ་ཡིན་ཟེར་བའི་མི་མང་པོ་སྒོ་ཕྱིར་སླེབས་འདུག ཅེས་སྙན་སེང་འབྱོར་བས་བློ་བཟང་གིས་ཁོང་རྣམས་ཡར་བོས་ཏེ་ཟས་ཆང་གི་སྣེ་ལེན་རྒྱས་པར་བྱེད་སྐབས་དེར་དོན་གྲུབ་ཀྱིས་ཡུལ་འདིར་སྔར་མེད་ཀྱི་ཕོ་བྲང་ཆེན་པོ་དེ་འདྲ་ཞིག་ཇི་ལྟར་བྱུང་ངམ་སྙམ་སྟེ་སྒོ་འགྲམ་ནས་བལྟས་པས་བློ་བཟང་ཐོག་སྐོར་དུ་འགྲོ་དུས་མཐོང་། བློ་བཟང་གྲོགས་པོའི་བྱེད་སྟངས་ངན་པ་སེམས་ལ་དྲན་ནས་ཁ་མི་གྲགས་བསམས་ནས་མར་བབས་རྩིས་བྱེད་སྐབས་སླར་ཡང་ཁོའི་སེམས་སུ་ང་དང་ཐོག་དོན་གྲུབ་ཀྱིས་དེ་ལྟར་མ་བོར་ན་ད་ཆ་འདི་འདྲ་ག་ལ་ཡོང་།ད་ཆ་འདི་འདྲ་བྱུང་བ་ནི་ཁོའི་དྲིན་ཡིན་པས་ཁོ་ལ་དྲིན་ལན་འཇལ་དགོས་སྙམ་ཏེ་གཡོག་པོ་ཞིག་དོན་གྲུབ་བོས་པར་བཏང་། དོན་གྲུབ་སླེབས་ནས་བློ་བཟང་གིས་ཁོ་ལ་སྣེ་ལེན་གཟབ་རྒྱས་བྱས། དོན་གྱབ་ཀྱིས་རང་གི་སྔར་བྱས་ལ་འགྱོད་སེམས་ཆེན་པོས་བཟོད་གསོལ་ཞུས་པར་བློ་བཟང་གིས་སྔར་བྱས་ཀྱི་སྐད་ཆ་གླེང་ནས་ཅི་བྱེད། ཁྱེད་དེ་རིང་ངས་གསོལ་སྟོན་ལ་གདན་དྲངས་པ་ལ་གཞན་གྱི་བསམ་པ་ གང་ཡང་མེད་ཅེས་སྨྲས་ཏེ་ཁོ་ལ་གསེར་དངུལ་དར་གོས་ལ་སོགས་མང་པོ་སྟེར། དེ་ནས་ཁོ་གཉིས་ཆང་འཐུང་བཞིན་གླེངམོལ་ཅི་རིགས་བྱེད་པའི་སྐབས་སུ་དོན་གྲུབ་ཀྱི་སེམས་སུ་ཁོ་ལ་དེ་ལྟ་བུའི་ཁང་པ་དང་ལོངས་སྤྱོད་གང་ནས་བྱུང་བ་ཡིན་ནམ་སྙམ་སྟེ་བློ་བཟང་ལ་སྨྲས་པ། གྲོགས་པོ་ཁྱེད་ལ་ལའདི་ལྟ་བུའི་ལོངས་སྤྱོད་འབྱུང་བའི་རྒྱ་མཚན་གང་ཞིག་ཡིན་ང་ལ་བཤད་ན་ཨེཡོང་ཞེས་བརྗོད་པས་བློ་བཟང་གིས་བཤད་ཆོག་ཅེས་ཤིང་གཅོད་པར་ཕྱིན་ཚུལ་ནས་ཤོ་ཟིན་ཚུལ་སོགས་ཞིབ་པར་བཤད་པས་དོན་གྲུབ་ཀྱི་སེམས་སུ་དེ་འདྲ་ཡིན་ན་ལས་སླ། ཁོའི་འདི་ལས་ལྟག་པ་ཞིག་ངས་ཐུབ་སྙམ། དེ་ཅུང་ཟད་ཀྱང་སྡོད་མ་ཚུགས་པར་བློ་བཟང་གིས་སྟེར་བའི་དངོས་པོ་རྣམས་ཁྱེར་ནས་ཁྱིམ་དུ་ལོག་སྟེ་སྟ་རེ་ཞིག་བླངས་ནས་དབུགས་ཐེངས་གཅིག་ལ་རིར་འཛེགས། དེར་སླེབས་ནས་ཤིང་སྡོང་དེ་ལ་སྟ་རེ་ཞིག་གཞུས་པས་སྔར་ལྟར་དྲང་སྲོང་ཞིག་དོན་ནས། ཁྱོད་ངའི་སྡོད་ཁང་ལ་གཞུ་དོན་ཅི་ཡིན། ཞེས་དྲིས་པས་དོན་གྲུབ་ཀྱིས་ཤོ་ཤོ་ང་ང་མེ་ཤིང་མེད་པས་གཅོད་དུ་ཡོང་བ་ཡིན། ཞེས་འཚབས་འཚུབ་ངང་ལན་བཏབ། དྲང་སྲོང་གིས་ཁོ་ལ་ཤོ་གསུམ་སྤྲད་ནས་སྔར་བློ་བཟང་ལ་བཤད་པ་ལྟར་བྱས། དོན་གྲུབ་ནི་དགའ་དྲགས་ནས་དྲང་སྲོང་གི་སྐད་ཆ་མཇུག་མ་རྫོགས་གོང་ཁ་ཕྱིར་ཕྱོགས་ཏེ་ལོག ཁྱིམ་གྱི་སྒོ་འཛུལ་ལོངས་མེད་པར་ཤོ་དཔྲལ་བར་སྦྱར་ནས་སྨོན་ལམ་འདེབས་ཀྱིན་བསྡད།སྨོན་ལམ་འདེབས་བཞིན་པའི་སྐབས་སུ་བུད་མེད་དེས་ད་སྨོན་ལམ་བཏབ་ཚར་གྲབས་ཡོད་དམ་ཞེས་བརྗོད། ཁྱོ་བོ་ན་རེ། ཁ་ཚུམས། ཁྱོད་རའི་ཨ་ཕའི་མགོ་ཞེས་བརྗོད་པས་བཟའ་ཟླའི་ཕ་འདས་པོའི་མགོ་ཁང་པ་གང་མིག་ཧྲིག་ཧྲིག་ཏུ་བྱུང་། ཁོང་བཟའ་མོ་གཉིས་ཤིན་ཏུ་སྐྲག་ནས་མགྱོགས་པོ་ཤོ་གཅིག་གཡུགས་ཏེ་བདག་གི་མདུན་དུ་ཡོད་པའི་མགོ་འདི་དག་མེད་པར་གྱུར་ཅིག ཅེས་བཤད་པས་མགོ་རྣམས་མེད་པར་སོང་ཞིང་རང་གི་བཟའ་ཟླ་དེའི་མགོ་ཡང་མེད་པར་གྱུར་འདུག ཁོ་པ་དངངས་འཚབ་ཆེན་པོ་སྐྱེས་ཏེ་ཤོ་ཐ་མ་དེ་སྐྱུར་ནས་ངའི་བཟའ་ཟླའི་མགོ་ཡོད་པར་གྱུར་ཅིག ཅེས་བརྗོད་པས་བཟའ་ཟླའི་མགོ་སྔར་ལྟར་བྱུང་། དེ་ལྟར་ཤོ་གསུམ་ཀ་ནས་ཡོང་རྒྱུ་གང་ཡང་མ་བྱུང་ངོ་།བློ་བཟང་ནི་རྒྱལ་པོའི་ཁབ་ཏུ་ལོག་ནས་རྒྱལ་པོའི་ཁྲི་ལ་དབང་བསྐུར་ཞིང་མངའ་འབངས་བྱམས་པས་བསྐྱངས་ཏེ་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བར་ལོངས་སུ་སྤྱོད་ཅིང་གནས་སོ།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1