རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-10
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ་དར་ཆ་སྒྲེང་བ་དང་། དམངས་སེམས་འགྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་ངོམ་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཁུར་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡང་དག་སྲུང་བ་དང་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་བསམ་བློའི་འགན་ལེན་ནུས་ལྡན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་གནས་བབ་ཀྱི་ནུས་པ་དང་། ཁ་ཕྱོགས་དང་དམིགས་ཚད། འགན་འཁྲི་དང་ལས་འགན། ལས་ཀའི་གཙོ་གནད། གཞི་རྩའི་བླང་བྱ་བཅས་རྒྱས་བཤད་གཏིང་ཟབ་གནང་ཡོད། དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ནི་དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཡིན་པས། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས་འདི་ལོའི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་བསྒྲུབ་པར་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་གནང་བའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་གལ་ཆེའི་ནང་གི་འགངས་ཆེར་འཛིན་པ། “འགག་རྩའི་ཉུང་ཤས”ཡིན་པའི་འགོ་ཁྲིད་ལས་བྱེད་པར་དམ་འཛིན་ཡག་པོ་བྱེད་པ། ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱེད་པ། དྲིལ་བསྒྲགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུར་དམིགས་ནས་དྲིལ་བསྒྲགས་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་རྣམ་པ་ཟབ་མོ་གཏོད་པ་དང་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། ཏང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་ཁོང་དུ་ཏན་ཏིག་ཆུད་པ་བྱེད་དགོས་ཞེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུར་དམ་པོར་དམིགས་ནས་ཀྲུང་གོ་གསར་པར་བསྟོད་གླུ་འབུལ་བ་དང་དུས་རབས་གསར་པར་འབད་འཐབ་བྱེད་པའི་མདུན་སྐྱོད་ཀྱི་དབྱངས་རྟ་གྱེར་དགོས། གདེང་ཚོད་ཆེར་གཏོང་དང་། དམངས་སེམས་གཅིག་སྒྲིལ། མི་སེམས་ལ་དྲོ་སྐྱིད་སྦྱིན་རྒྱུར་དམིགས་ནས་སེམས་པ་གཅིག་སྒྲིལ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གླེང་ཕྱོགས་ཀྱི་སྟོབས་ཤུགས་སྲ་བརྟན་དང་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྟན་པོར་བཙུགས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་དགོས། རིག་གནས་ཀྱི་བརྩམས་ཆོས་རྩེ་གྲ་གསར་གཏོད་ཐོན་སྐྱེད་དང་རིག་གནས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བའི་རེ་འདོད་གསར་པ་དེ་བས་སྐོང་དགོས། ཕྱི་ཕྱོགས་དྲིལ་བསྒྲགས་ལེགས་སུ་དང་གསར་གཏོད་ལ་སྐུལ་འདེད་བཏང་ནས་དངོས་ཡོད་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོའི་གཟུགས་བརྙན་མངོན་ཐུབ་པ་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ནས་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། “ནུས་པ་བཞི”ཆེ་རུ་གཏོང་བའི་སློབ་གསོ་ལག་ལེན་རྒྱ་ཁྱབ་ངང་སྤེལ་ནས་བསམ་བློའི་འཁྱེར་ཕྱོགས་ཡག་པོ་དང་ཕུལ་བྱུང་གི་ལས་ཀའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཏིང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཕེབས་ཡོད་པ་རེད།