ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 01-10



ཟླ་1ཚེས་8ཉིན་2018ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2018ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རྩལ་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་ཧའར་པིན་བཟོ་ལས་སློབ་ཆེན་གྱི་ཡོན་ཧྲི་ལིའུ་ཡུང་ཐན(གཡས)དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་བཟོ་སྐྲུན་སློབ་ཆེན་གྱི་ཡོན་ཧྲི་ཆན་ཆི་ཧུའུ(གཡོན)ལ་བྱ་དགའ་གནང་བ།
           ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་8ཉིན་གྱི་སྔ་དྲོ་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུའི་བྱེད་སྒོའི་ནང་ཞུགས་པ་རེད། ཞི་ཅིན་ཕིང་སོགས་ཀྱིས་བྱ་དགའ་ཐོབ་མཁན་འཐུས་མིར་བྱ་དགའ་གནང་བ་དང་ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གསུང་བཤད་གནང་བ་དང་ཧན་ཀྲེང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
           སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་འགོ་ཚུགས་པ་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དང་ཐོག་2018ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་ཧའར་པིན་བཟོ་ལས་སློབ་ཆེན་གྱི་ཡོན་ཧྲི་ལིའུ་ཡུང་ཐན་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་བཟོ་སྐྲུན་སློབ་ཆེན་གྱི་ཡོན་ཧྲི་ཆན་ཆི་ཧུའུ་ལ་བྱ་དགའི་གཟེངས་རྟགས་དང་ལག་ཁྱེར་གནང་ནས་ཁོང་གཉིས་པོར་སྤྲོ་སེམས་འཁོལ་པོས་ཕྱག་བཏང་གནང་བ་མ་ཟད་རྟེན་འབྲེལ་ཡང་ཞུས་པ་དང་འབྲེལ་ཁོང་གཉིས་ཀྲུའུ་ཞི་སྡིངས་ཆའི་ཐོག་གདན་དྲངས་པ་རེད།
           དེ་རྗེས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་བྱ་དགའ་མཐོ་ཤོས་ཐོབ་མཁན་གཉིས་པོ་དང་ལྷན་དུ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་པའི་འཐུས་མིར་ལག་ཁྱེར་གནང་བ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་བྱ་དགའ་ཐོབ་མཁན་ཚང་མར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས་པ། ཀྲུང་གོའི་ཚན་རྩལ་བྱ་གཞག་ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་མཁན་གྱི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
           ལི་ཁེ་ཆང་གིས་གསུངས་དོན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་། རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། ཚན་རྩལ་འཕེལ་རྒྱས་ལོ་རྒྱུས་ཐོག་གི་འོད་སྟོང་འབར་བའི་ལེའུ་བརྩམས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་འཛམ་གླིང་གི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ་དང་། འཐབ་ཇུས་གོ་སྐབས་འགངས་ཆེན་གྱི་སྙིང་དོན་གསར་པར་དམ་པོར་དམིགས་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། གསར་གཏོད་རྣམ་པའི་རྒྱལ་ཁབ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
           ལི་ཁེ་ཆང་གིས་གསུངས་དོན། ཚན་རྩལ་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་པ་ལེགས་སུ་གཏོང་བ་དང་ཚན་རྩལ་རྣམ་གྲངས་གལ་ཆེན་ལེགས་སྒྲིག་དང་བཟང་སྒྲིག་བྱེད་དགོས། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཚན་རྩལ་ལ་མ་དངུལ་གཏོང་བའི་སྲིད་ཇུས་དང་འགྲོ་གྲོན་དོ་དམ་ལམ་ལུགས་གསར་གཏོད་བྱེད་པ་དང་། ལག་རྩལ་གྱི་འདེམས་ཕྱོགས་དང་། མ་དངུལ་བེད་སྤྱོད། གྲུབ་འབྲས་གཞན་སྒྱུར་སོགས་ཐད་ཀྱི་ཚན་ཞིབ་མི་སྣའི་རང་བརྟེན་དབང་ཆ་ཆེ་རུ་གཏོང་བ། དེ་བས་སྣ་མང་བབ་བསྟུན་གྱི་གླ་ཆ་སྐུལ་གཏོང་ལམ་ལུགས་ལག་བསྟར་བྱེད་པ། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཚན་ཞིབ་ཀྱི་མི་ཆོས་ཚད་གཞི་ནན་པོ་སྲུང་བ། ཚན་ཞིབ་ཀྱི་ཁ་དན་ཚིག་གནས་དང་སློབ་སྲོལ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལས་དོན་ཏན་ཏིག་སྒྲུབ་པ། སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ནས་བློ་ཁོག་ཆེན་པོས་གཞོན་ནུ་བཀོལ་སྤྱོད་བཅས་བྱས་ཏེ་ཚན་རྩལ་མི་སྣའི་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱེད་དགོས།
           ལི་ཁེ་ཆང་གིས་བསྟན་དོན། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ཤུགས་ཆེར་བཏང་ནས་ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན་གྱི་གསར་གཏོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཁྲོམ་ར་ཅན་གྱི་བྱེད་ཐབས་དེ་བས་མང་བ་སྤྱད་དེ་ཁེ་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ཁེ་ལས་ལ་གསར་གཏོད་ཀྱི་གསོན་ཤུགས་ཀྱིས་རྒྱས་ཚེ་ཀྲུང་གོའི་དཔལ་འབྱོར་ལ་སྐྱེ་སྟོབས་ཀྱི་དཔལ་འབར་སྲིད། དྲང་གཞག་བསྟུན་མཁས་ཀྱི་གསར་གཏོད་ལས་གཏོད་ཁོར་ཡུག་གཏོད་ཤུགས་ཆེ་རུ་བཏང་སྟེ་གསར་གཏོད་ལས་གཏོད་ཀྱི་ལམ་ལུགས་རང་བཞིན་གྱི་མ་གནས་དམའ་རུ་གཏོང་བ་དང་། གཉིས་གཏོད་ཆུ་ཚད་མཐོ་རུ་གཏོང་བ། ཤེས་བྱའི་བདག་དབང་གི་གསར་གཏོད་དང་། སྲུང་སྐྱོང་། བེད་སྤྱོད། ཞབས་ཞུ་བཅས་ཀྱི་མ་ལག་མགྱོགས་མྱུར་འཛུགས་པ། དབང་གནོད་དང་རྫུན་བཟོའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སྤེལ་གང་ཐུབ་བྱེད་དགོས།
           བྱ་དགའི་ཚོགས་ཆེན་མ་འཚོག་གོང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མི་དང་མཇལ་འཕྲད་གནང་ནས་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
           ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་དང་། རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། 2018ལོ་འཁོར་གྱི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མི་དང་གཉེན་ཉེའི་འཐུས་མི། རྒྱལ་སའི་ཚན་རྩལ་ལས་རིགས་ཀྱི་འཐུས་མི་དང་སློབ་མའི་འཐུས་མི་སོགས་མི་3300ཙམ་ཚོགས་ཆེན་ལ་ཞུགས་པ་རེད།
           2018ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཁྲོད་རྣམ་གྲངས་278དང་ཚན་རྩལ་རིགས་གཅིག་མཁས་ཅན་7བདམས་པའི་ནང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་མི་2དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་ཐོབ་པའི་རྣམ་གྲངས་38ཡོད་ཅིང་། དེའི་ཁྲོད་བྱ་དགའ་རིམ་པ་དང་པོ་1དང་བྱ་དགའ་རིམ་པ་གཉིས་པ་37ཡོད་པ་དང་། རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ་67ཡོད་པའི་ནང་། བྱ་དགའ་རིམ་པ་དང་པོ་4དང་བྱ་དགའ་རིམ་པ་གཉིས་པ་63ཡོད་པ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་173ཡོད་པའི་ནང་། དམིགས་བསལ་རིམ་པའི་བྱ་དགའ་2དང་། བྱ་དགའ་རིམ་པ་དང་པོ་23 བྱ་དགའ་རིམ་པ་གཉིས་པ་148བཅས་ཡོད་པ། སྐྱེ་ཁུངས་ཕྱི་རྒྱལ་ཡིན་པའི་རིགས་གཅིག་མཁས་ཅན་5ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་གྱི་མཉམ་ལས་བྱ་དགའ་གནང་བ་བཅས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1