ལྷ་སའི་དགུན་དུས་ཀྱི་ཉི་མས་རྟག་ཏུ་མི་རྣམས་ལ་དྲོ་སྐྱིད་སྦྱིན་སྲིད་ལ། མི་རྣམས་ཀྱིས་འདི་གར་གང་སྐྱིད་ངང་ཉི་འོད་ལོངས་སུ་སྤྱོད་དེ་དགུན་དུས་ཀྱི་གྲང་ངར་འགོག་གི་ཡོད། ཉེ་ཆར་གསར་འགོད་པས་ལྷ་སའི་ཁྲོམ་ལམ་དུ་བསྐྱོད་དེ“ཉི་འོད་གྲོང་ཁྱེར”གྱི་ཡིད་དབང་འཕྲོག་ཤུགས་མྱོང་བར་འགྲོ་དུས། ཁྲོམ་ལམ་ཆེ་ཆུང་གང་ཡིན་ནའང་འདྲ་ཡང་ན་ཐང་ཆེན་དང་སྤྱི་གླིང་གང་དུའང་རྟག་ཏུ་མིག་ལམ་དུ་ཤར་བ་ནི་བདེ་སྐྱིད་ཀྱི་འཛུམ་མདངས་རེ་རེ་དེ་ཡིན་པ་རེད།
འགའ་ཞིག་གིས་གྲོགས་པོ་ཁ་ཤས་འབོད་དེ་ཇ་ཁང་ནང་ཇ་མངར་མོ་འཐུང་ནས་ཉི་མ་སྲོ་ཞིང་ཅི་འཕྲོད་མོལ་འཕྲོད་ཤོད་བཞིན་ཡོད་ལ། འགའ་ཞིག་གིས་གཙུག་ལག་ཁང་ཐང་ཆེན་དུ་ཉི་མ་སྲོ་ཞིང་མཐའ་འཁོར་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་མི་རྣམས་ལ་ལྟད་མོ་ལྟ་བཞིན་ཡོད། འགའ་ཞིག་གིས་ནང་མི་ཚོ་དང་མཉམ་དུ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་འཆམ་འཆམ་བྱེད་ཅིང་བྱ་རིགས་ལ་ལྟད་མོ་ལྟ་བཞིན་ཡོད། ལྷ་སར་རྒྱང་ལྟ་ཞིག་བྱས་ན་མིག་ལམ་དུ་ཤར་ཡོང་བ་ཚང་མ་གནམ་སྔོན་པོ་དང་སྤྲིན་དཀར་པོ་ཡིན། རྒྱང་རིང་གི་ཕོ་བྲང་པོ་ཏ་ལ་དང་། མིག་མདུན་གྱི་ཚོང་ཁང་། བོད་ཆས་ལེགས་པར་སྤྲས་པའི་འགྲོ་མི། བར་སྐོར་ཁྲོམ་གཞུང་གི་འདྲ་མིན་སྣ་ཚོགས་ཀྱི་ཚོང་ཟོག ངོ་གདོང་ནས་མཛུམ་མདངས་འཕྱུར་བཞིན་པའི་ཨ་མ་རྒན་མོ། ལྷག་བསམ་ཟོལ་མེད་ཀྱི་བྱིས་པ་སོགས་མིག་ལམ་དུ་འཆར་བ་ཚང་མས་རང་ཉིད་ལ་སྣང་བ་སྐྱིད་པའི་ཚོར་སྣང་ཞིག་སྟེར།
ལོས་ཡིན། མི་སེམས་ལ་དྲོད་སྐྱིད་སྦྱིན་མཁན་ནི་ཉི་འོད་ཙམ་མ་ཡིན་པར་། ད་དུང་འདི་གའི་ཞི་བདེ་དང་། སྤྲོ་བ། མི་རྣམས་ཀྱི་མཛའ་མཐུན། སྤྲོ་སེམས་བཅས་ཡོད་ལ། གང་སར་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས། “2018ལོར་ང་ཚོས་འཚོ་བ་སྐྱིད་པོ་སྐྱེལ་ཡོད་ལ། བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ཡོད། ང་ཚོ་ཚང་མས་ཧུར་བརྩོན་ཆེན་པོས་མདུན་བསྐྱོད་བྱེད་བཞིན་ཡོད་པས། ང་ཚོ་ཚང་མ་ཕུགས་འདུན་སྒྲུབ་མཁན་གྱི་མི་ཡིན”སྐད་ཆ་འདི་དག་ནི་སྟོབས་ཤུགས་ཤིག་ཡིན་ལ། མི་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་རེ་བས་ཁེངས་པའི་སང་ཉིན་བསུ་ངེས་རེད།