ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆོས་རྗེ་ཡུལ་ཚོ་དམར་ཚང་སྡེ་བའི་ཀྲུའུ་རེན་བསོད་ནམས་ཚེ་རིང་གིས་སྡེ་བའི་འཕོ་འགྱུར་དང་རང་གི་འོས་འགན་གླེང་བ།
ཨུ་ཡོན་བསོད་ནམས་ཚེ་རིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ་བཤད་རྒྱུར། སྤྱིར་ང་ཚོའི་སྡེ་བ་འདི་ཕྱུགས་ལས་གཉེར་བའི་སྡེ་བ་ཞིག་ཡིན། སྔོན་ཆད་ས་ཞིང་རྨོ་བ་དང་ཕྱུགས་འཚོ་སྐྱོང་མཉམ་ཏུ་བྱེད་པ་ཡིན་ཡང་། སྐྱེ་ཁམས་སྲུང་སྐྱོབ་བྱས་ཏེ་རྨོ་བསྐྱུར་ནགས་འཛུགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པས། ད་ལྟ་ཕྱུགས་ལས་རྐྱང་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། སྡེ་བ་ཡོངས་ལ་ཁྱིམ་ཚང54ཡོད་པར་ཁྱོན་མི་གྲངས305དེ་ལས་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང17དང་དེ་ཚོར་མི་གྲངས96 ཡོད། ཡུལ་ཚོ་ནས་སྡེ་བའི་བར་སྤྱི་ལེ16ཡོད། ན་ནིང་ལོར་མཚོན་ན་ང་ཚོ་སྡེ་བར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པའི་གནད་འགག་གི་ལོ་གཅིག་ཡིན་ཞེས་བཤད་ཆོག རྒྱུ་མཚན་ནི་ཁུལ་ཨུའི་སྐབས་དགུ་བའི་ཐེངས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། རིམ་པ་སོ་སོའི་ལས་ཁུངས་དང་འགོ་ཁྲིད་ཀྱི་རྒྱབ་སྐྱོར་འོག་ཏུ། སྒོར་ཁྲི520ཡི་མ་རྩ་བཏང་སྟེ། བསྒྱུར་བཅོས་བཞི་དང་འཛུགས་སྐྲུན་གཉིས་ཀྱི་རྣམ་གྲངས་མང་པོ་དོན་འཁྱོལ་བྱས་པས། ལམ་གློག་ཆུ་གསུམ་དང་བརྡ་འཕྲིན་སོགས་སྡེ་བ་ཡོངས་སུ་ཁེབས་ཡོད་པས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་སྐྱིད་ཇེ་ལེགས་སུ་ཕྱིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་རང་ཉིད་ཨུ་ཡོན་ཞིག་དང་མི་དམངས་ཀྱི་གྲས་སུ་ཞུགས་པའི་དམངས་དོན་སྒྲུབ་མཁན་ཞིག་ཡིན་པའི་ངོས་ནས། དམངས་ལ་དཀའ་ཁག་ཅི་ཡོད། བདེན་པ་དང་དྲང་བཞག་གི་སྒོ་ནས་སྲིད་གཞུང་ལ་སྙན་ཞུ་འབུལ་འཆར་ཡོད་སྐོར་ཡང་བརྗོད་སོང་སྟེ། ཁོས་བཤད་རྒྱུར། ང་ཚོའི་སྡེ་བ་འདི་ལྟོས་བཅས་ཀྱིས་མཐའ་ཁུལ་རི་ཁུལ་མཐོན་པོར་ཆགས་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཡོང་འབབ་གཙོ་བོ་དེ་ཕྱུགས་ལས་རྐྱང་བར་བརྟེན་ཡོད་པ་ལས། རྒྱལ་ཁབ་ཀྱིས་གནང་བའི་རྨོ་བསྐྱུར་ནགས་འཛུགས་ཀྱི་ཁ་གསབ་ཡང་གལ་ཆེན་པོར་ཆགས་ཡོད། ཡིན་ཡང་། ད་ལོ་ནས་བཟུང་རྨོ་བསྐྱུར་ནགས་འདེབས་ཀྱི་ཁ་གསབ་སྤྲོད་པའི་དུས་ཡུན་ལོངས་སོང་པས། མི་དམངས་ཀྱི་འཚོ་བའི་ཡོང་འབབ་ལས་ཆ་ཤས་ཅིག་ཉུང་ངུར་ཕྱིན་ཡོད། ང་རང་སྲིད་གྲོས་ཨུ་ཡོན་ཞིག་དང་སྡེ་བའི་ཀྲུའུ་རེན་ཡིན་པའི་ངོས་ནས་སྲིད་གཞུང་ལ་སྙན་ཞུ་ཕུལ་ནས་ཡང་བསྐྱར་ཁ་གསབ་སྟེར་བའི་དུས་ཡུན་ཇེ་རིང་དུ་གཏོང་བར་བརྩོན་ལེན་བྱ་རྩིས་ཡིན་ལ། སྡེ་བའི་བརྡ་འཕྲིན་སྤུས་ཀ་མི་ལེགས་པ་དང་མི་དམངས་ཀྱི་སྨན་བཅོས་འགན་ལེན་གྱི་རིན་གོང་ལོ་རེར་བཞིན་ཇེ་མང་ཡིན་ཡང་། ས་གནས་འཕྲོད་བསྟེན་གྱི་སྨན་བཅོས་སྤུས་ཀ་སྔར་ལྟར་གནས་པ་སོགས་མང་ཚོགས་ཀྱི་དམངས་འཚོ་དང་འབྲེལ་བའི་དོན་དག་ཁ་ཤས་ཡང་ཡོད་པས། འདི་དག་ཡང་སྲིད་གཞུང་ལ་སྙན་ཞུ་འབུལ་བསམ་ཡོད། དཀའ་ཁག་ཅི་ཡོད་སྡེ་བའི་མང་ཚོགས་ལ་མཚོན་ན་ཡང་ཁུལ་དང་རྫོང་། ཡུལ་ཚོ་སྲིད་གཞུང་གི་རྒྱབ་སྐྱོར་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྣེ་ཁྲིད་འོག་ཏུ་དབུལ་བྲལ་ཕྱུག་འགྱུར་གྱི་ལས་ལ་འབད་བརྩོན་བྱེད་བཞིན་ཡོད།
སྡེ་དམངས་ཀྱི་ཐོན་སྐྱེད་འཚོ་བ་དང་དམངས་འཚོ་ལེགས་བཅོས་བྱེད་པར་རང་ཉིད་ལ་མ་འོངས་པའི་བྱ་བའི་ཁ་ཕྱོགས་གསལ་བོ་དགོས་རྒྱུ་དེ་གལ་ཆེན་ཡིན་པར་འདོད། དེ་བས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་ནང་དོན་ལྟར། འཆམ་མཐུན་མཛེས་སྡུག་གི་ཁྱིམ་གཞིས་རེ་རེ་བསྐྲུན་པར་འཆར་གཞི་ཡང་མང་པོ་ཡོད། ང་ཚོའི་ཡུལ་འདིར་གདོད་མའི་རང་བྱུང་ནགས་ཚལ་གྱི་ཁེབས་རྒྱ་ཆེ་ལ་གཏོར་སྐྱོན་ཐེབས་ཚད་དམའ་བས། མ་འོངས་པར་གདོད་མའི་ནགས་ཚལ་གྱི་ལྗོངས་སྐོར་གསར་སྤེལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ལྗོངས་སྐོར་ལས་རིགས་ཟུང་འབྲེལ་གྱིས་སྡེ་བའི་དམངས་ཡོངས་ཀྱི་འཚོ་བ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་འཆར་གཞི་ཡང་བཀོད་ཡོད། སྐྱེ་ཁམས་སྲུང་སྐྱོབ་དང་ལས་རིགས་གསར་གཏོད། དབུལ་བྲལ་གནད་སྒྲོལ་གྱི་བྱ་བ་ནན་ཏན་གྱིས་བསྒྲུབས་ཏེ་སྡེ་བ་ཡོངས་འབྱོར་ཕྱུག་གི་འཚོ་བར་རོལ་ཏུ་འཇུག་རྒྱུ་ནི་རང་ཉིད་སྡེ་དཔོན་ཞིག་ཡིན་པའི་ངོས་ནས་ནམ་ཡང་བརྗེད་དུ་མེད།