༄༅།། ཅི་ཞིག་གིས་ཕོངས་ཀྱང་དཔེ་ཀློག་གིས་ཕོངས་མི་རུང་།
སྙན་བུ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-16
པེ་ཅིན། སྙན་བུ།
རང་གི་གསར་རྩོམ་ལ་ཡར་སྐྱེད་ཆེན་པོ་འབྱུང་གིན་མེད་པའི་རྒྱུ་རྐྱེན་ལ་མནོ་བསམ་དང་ཕྱིར་རྟོག་ལན་ཞིག་བགྱིས་ན། དེ་ནི་མཐར་གཏུགས་ན་དཔེ་ཀློག་གིས་ཕོངས་པའི་གནད་དོན་དེར་ཐུག་འདུག དེའི་ཕྱིར། 2018ལོར་ངས་དུས་ཚོད་མང་པོ་ཞིག་དཔེ་ཀློག་ལ་བསྟིམས་ཤིང་། བརྩམས་ཆོས་གྲགས་ཅན་རེ་འགའ་ཞིག་འོར་ཀློག་བསྐྱར་ཀློག་བྱས་མཐར་ང་ལ་ངེས་ཤེས་ཕྲན་བུ་ཞིག་འདྲོངས་པ་ནི་གསར་རྩོམ་གྱི་ལས་ལ་འཇུག་གིན་པའི་མི་ཞིག་ལ་མཚོན་ན། ཅི་ཞིག་གིས་ཕོངས་ཀྱང་ཆོག་མོད་དཔེ་ཀློག་གིས་ཅིས་ཀྱང་ཕོངས་མི་རུང་བ་དེ་རེད།
དབྱིན་ཇིའི་མཚན་ཉིད་སྨྲ་བ་ཕའེ་ཀེན(培根)ལ་འདི་འདྲའི་གསུང་སྒྲོས་ཤིག་ཡོད་དེ། “དཔེ་ཀློག་ནི་དགག་པའི་ཕྱིར་དུ་མིན་ལ། ཡིད་ཆེས་དང་དང་ལེན་བྱེད་ཕྱིར་ཡང་མིན། ལབ་གླེང་བྱེད་པའི་དོན་དུ་དེ་བས་ཀྱང་མིན། དཔེ་ཀློག་ནི་ཚོད་དཔོག་དང་བསམ་གཞིག་གཏོང་ཕྱིར་ཡིན་ནོ”ཞེས་གསུངས་པ་ལྟར། དཔེ་ཀློག་ནི་རང་ཉིད་མཐོ་རུ་འདེགས་ཕྱིར་དང་ཤེས་རྟོགས་སད་པའི་མཐར་ཐུག་གི་དམིགས་འབེན་ཡིན་པ་སྨྲས་མེད་རེད། འཛམ་གླིང་གི་རྩོམ་མཁན་གྲགས་ཅན་དེ་དག་གི་གསར་རྩོམ་རྒྱུད་རིམ་དང་འཚོ་བའི་གོམས་གཤིས། རང་རྣམ་ལོ་རྒྱུས་སོགས་ལ་ཞིབ་ཏུ་མཇལ་ན་ཁོང་རྣམས་ཀྱིས་ཆུང་དུས་ནས་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་ཆགས་སུ་བཅུག་ཡོད་པ་དང་། གསར་རྩོམ་དངོས་ལ་མ་ཞུགས་པའི་སྔ་རོལ་ཏུ་ཐོག་མར་རྩོམ་རིག་བརྩམས་ཆོས་གྲངས་ཀྱིས་མི་ལང་བ་བཀླགས་མྱོང་ཞེས་སྨྲ། ཨ་རིའི་རྩོམ་མཁན་ཧེ་མེང་ཝེ(海明威)ཡིས་བཅར་འདྲི་ཞིག་ཏུ“ངས་དུས་རྟག་ཏུ་དཔེ་ཀློག་བྱས་པ་ཡིན། ཅི་ཙམ་ཡོད་ན་དེ་ཙམ་བཀླགས་པ་ཡིན། ངས་རང་ལ་ཚད་འཇལ་བྱས་ཡོད་སྟབས། ང་ལ་རྟག་པར་ཁ་སྣོན་རྒྱག་རྒྱུ་མང་པོ་འདུག”ཅེས་གསུངས་འདུག ཅ་ཞི་ཨར●མར་ཁེ་སིས(马尔克斯)ཀྱང“ངས་ཅི་ཡང་ཀློག་གིན་ཡོད། དུས་དང་བསྟུན་ཏེ་ཀློག་གིན་ཡོད། གཟའ་འཁོར་རེ་རེར་ངས་འཛམ་གླིང་ཤར་ནུབ་ཀུན་གྱི་དུས་དེབ་གྲགས་ཅན་ཚང་མ་བཀླགས་པ་ཡིན”ཞེས་གསུངས། དེ་བཞིན་དུ། རང་རེའི་མཁས་དབང་མང་པོ་ཞིག་གིས་ཀྱང་མི་ཚེ་ཧྲིལ་པོ་དཔེ་ཀློག་གི་ཆེད་དུ་བསྟིམས་པ་དཔེར་ན། རྗེ་ཙོང་ཁ་པ་དང་དགེ་འདུན་ཆོས་འཕེལ། དུང་དཀར་བློ་བཟང་འཕྲིན་ལས་དང་རྗེ་དམུ་དགེ་བསམ་གཏན་སོགས་ཀྱིས་མཚོན་པའི་རླབས་ཆེན་གྱི་སྐྱེས་བུ་ཁོང་ཅག་གི་མི་ཚེ་ཧྲིལ་པོ་ནི་དཔེ་ཀློག་དང་ཡེ་ནས་བྲལ་མྱོང་མི་འདུག འོན་ཀྱང་། མྱུར་ཚབས་ཆེ་བའི་སྤྱི་ཚོགས་འཕོ་འགྱུར་སྣ་ཚོགས་ཀྱི་དབང་གིས་ཁོར་ཡུག་གི་ཆ་རྐྱེན་དང་རིན་ཐང་འདུ་ཤེས་སོགས་འགྱུར་བ་དང་བསྟུན། རྩོམ་རིག་གསར་རྩོམ་ཐད་ཀྱི་འཚོལ་སྙེག་བློ་ཁ་དང་མོས་འདུན་ལའང་ལྟོས་བཅས་ཀྱི་འགྱུར་ལྡོག་བྱུང་དང་འབྱུང་མུས་སུ་ཡོད་དེ། ལྷག་པར་ཆ་འཕྲིན་དུས་ཀྱི་རྦ་རླབས་དྲག་ཏུ་འཕྱོ་ཞིང་འཚོ་བའི་སྤུས་ཀ་ཉིན་རེ་ནས་ཉིན་རེར་ཇེ་མཐོར་འགྲོ་ཞིང་ག་ས་གང་དུ་བསླུ་བྲིད་ཀྱིས་ཁེངས་འདུག་པའི་དེང་གི་སྤྱི་ཚོགས་ཁོར་ཡུག་འདི་འདྲ་རུ། ང་ཚོའི་དཔེ་ཀློག་ལ་ཚད་བཀག་ཆེན་པོ་ཐེབས་དང་ཐེབས་བཞིན་ཡོད་པ་དང་། ཟང་ཟིང་གི་ཁོར་ཡུག་དང་འགྲོས་མགྱོགས་པའི་འཚོ་བ་ཡིས་ང་ཚོ་ལ་བློ་བདེ་བག་ཕེབས་ཀྱིས་དཔེ་ཀློག་བགྱི་བའི་དུས་ཚོག་ཅིག་བསྐྲུན་པར་དཀའ་ཞིང་དཀའ། ལྷག་པར། དེང་སང་དཔེ་ཆ་སྣ་ཚོགས་ང་ཚོའི་མིག་ལམ་དུ་བཤམས་ཡོད་ལ་དུས་དེབ་བགྲང་མེད་ང་ཚོའི་འཚོ་བ་རུ་བཀྲམ་ཡོད་པས། ང་ཚོའི་དཔེ་ཀློག་ལ་དམིགས་ཡུལ་མེད་ཅིང་འཆར་རྩིས་དཀོན། ང་ཚོའི་དཔེ་ཀློག་ལ་གྲངས་འབོར་མང་ཡང་སྤུས་ཚད་ཞན། ང་ཚོའི་དཔེ་ཀློག་ལ་ཨ་གསར་ཆེ་ཞིང་རྒྱུན་སྐྱོང་དཀའ། དེ་བས། ཁོ་བོས་བསམས་ན་དེང་གི་དུས་འདིར། གསར་རྩོམ་གྱི་ལས་ལ་འཇུག་མཁན་དག་གིས་རང་གི་བྲིན་ཆེ་བའི་དུས་ཚོད་དེ་དགོས་མེད་ཀྱི་དཔེ་ཆའི་སྟེང་དུ་འཕྲོ་བརླག་མི་གཏོང་བར། འཛམ་གླིང་ན་སྐད་གྲགས་ཆོད་པའི་གསུང་རབ་དག་ཀློག་པའི་ལས་ལ་གཞོལ་རྒྱུ་ནི་མ་ནོར་མ་འཁྲུལ་བའི་གདམ་ག་ཞིག་ཡིན་པར་འདོད་དོ། །
རྒྱའི་རྩོམ་པ་པོ་གྲགས་ཅན་ཡུས་ཧྭ་ཡིས་དཔེ་ཀློག་སྐོར་ནས་འདི་འདྲ་ཞིག་གསུང་ཡོད་དེ། “ཐེངས་ཤིག ངས་ཅེ་ཁི●ལུན་ཏུན(杰克・伦敦)གྱིས་ན་གཞོན་ཞིག་ལ་འཕྲིན་ཡིག་ཅིག་བྲིས་པའི་ནང་གི་སྐད་ཆ་ཞིག་མཐོང་བྱུང་། སྐད་ཆ་དེའི་ནང་དོན་འདི་འདྲ་ཞིག་ཡིན་ཏེ། རྩོམ་རིག་དུས་དེབ་བརྒྱ་ཕྲག་ཅིག་ཀློག་པ་ལས། པའེ་ལོན(拜伦)གྱི་སྙན་ངག་ཚན་པ་གཅིག་བཀླགས་ན་དེ་མཆོག་གོ”ཞེས་པའོ། །སྐད་ཆ་འདི་མཐོང་རྗེས། ཡུས་ཧྭ་ཡིས་ལམ་སེང་གནས་ལུགས་ཤིག་རྟོགས་པ་ནི། རང་གི་གསེར་ལས་དཀོན་པའི་དུས་ཚོད་ནི་སྙིང་པོས་དབེན་པའི་དཔེ་ཆའི་སྟེང་དུ་འཕྲོ་བརླག་མི་བྱ་རྒྱུ་དེ་རེད། དེ་ནས་བཟུང་ཡུས་ཧྭ་ཡིས་ཅི་ནུས་ཀྱིས་འཛམ་གླིང་ཤར་ནུབ་ཏུ་སྐད་གྲགས་ཆོད་པའི་གསུང་རབ་དག་བཀླགས་ཤིང་། 《དམག་འཁྲུག་དང་ཞི་བདེ》ནི་ཁོས་དེ་དུས་བཀླགས་པ་ཡིན་ཞེས་དངོས་སུ་སྨྲས།
ད་ལོར། ཁོ་བོས་ཀྱང་དུས་ཚོད་མང་ཙམ་ཞིག་རྩོམ་མཁན་གྲགས་ཅན་ཐའོ་སི་ཐའོ་དབྱི་ཧྥུ་སི་ཅེའི་བརྩམས་ཆོས་ཕྱོགས་བསྒྲིགས(托斯托伊夫斯基全集)དང་བྷོར་ཧེ་ཞིའི་བརྩམས་ཆོས་ཕྱོགས་བསྒྲིགས(博尔赫斯全集) རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མའི་གསུང་རྩོམ་དང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་སོགས་གསུང་རབ་འདི་དག་གི་སྟེང་ལ་ཕངས་མེད་དུ་བསྟིམས་ཤིང་། གཞན་ཁཱབ་ཁ(卡夫卡)དང་ཧྥའོ་ཁུ་ན(福克纳) ཧེ་མེང་ཝེ(海明威) ནའེ་བྷོར(奈保尔) ཁར་ཝེ་ནོ(卡尔维诺) ཁྲོན་ཏོན་ཁང་ཁྲེན(川端康成)སོགས་རྩོམ་མཁན་གྲགས་ཅན་འདི་དག་གི་སྒྲུང་གཏམ་དག་ཡང་དང་བསྐྱར་དུ་བཀླགས་པའི་ངལ་བ་ཡང་ལྷུར་བླངས་པ་ཡིན། ངས་བསམས་ན། བསྐྱར་དུ་ཀློག་རི་བའི་བརྩམས་ཆོས་ཤིག་ཡིན་ན་དེ་ནི་ཕུལ་དུ་བྱུང་བའི་བརྩམས་ཆོས་ཤིག་ཡིན་སྲིད་ཅིང་། གོང་གི་རྩོམ་མཁན་འདི་དག་གི་བརྩམས་ཆོས་ཀློག་ཐེངས་རེར་ང་ལ་བྲོ་བ་གསར་པ་རེ་སྦྱིན་ནུས་ཏེ། “བསྐྱར་དུ་ཀློག་ཐེངས་རེར་ཐོག་མ་ནས་ཀློག་པ་ནང་བཞིན་ཤེས་རྟོགས་མང་པོ་སྟེར་ནུས་པ”དང་། “ཀློག་པ་པོ་རྣམས་ལ་བརྗོད་བཞིན་པའི་གནས་ལུགས་ནི་ནམ་དུ་ཡང་རྫོགས་རྒྱུ་མེད་”པ་ཞིག་ཀྱང་རེད་དོ། །
མིང་དུ་གྲགས་པའི་རྩོམ་པ་པོ་ཧེ་མིང་ཝེ་ཡི་སྒྲུང་གཏམ་སྟེ《བགྲེས་པོ་དང་རྒྱ་མཚོ》ཞེས་པ་ངས་སྔ་ཕྱིར་ཐེངས་ལྔ་ལ་བཀླགས་པ་ཡིན། ཐེངས་དང་པོ་ཀློག་དུས། སྒྲུང་གཏམ་དེའི་གཏམ་རྒྱུད་ཀྱི་སྤྱི་ཁོག་ཅིག་ལས་གཞན་ཞིག་བློ་ལ་ངེས་རྒྱུ་གང་ཡང་མ་བྱུང་། སྒྲུང་གཏམ་ནང་གི་སྐད་ཆ་ཞིག་ཡིད་ལ་བཟུང་བ་ནི“མི་ཞིག་ཡིན་ཕྱིན་གཞན་གྱིས་རྨེག་མེད་དུ་བཏང་ཆོག་མོད། ཕམ་ཁ་དང་ལེན་བྱེད་པ་ཅིས་ཀྱང་མི་རུང”ཞེས་པ་དེ་རེད། སྐབས་དེར་སྐད་ཆ་དེ་ཁོ་ནས་སྒྲུང་གཏམ་ཧྲིལ་པོར་གདེང་འཇོག་དང་སྤྱི་སྡོམ་བྱས་པ་ཡིད་ལ་དྲན་རྒྱུ་འདུག ཐེངས་གཉིས་པ་ཀློག་དུས། ངས་སྒྲུང་གཏམ་དེའི་ནང་གི་རྒྱ་མཚོ་ཡིས་མིའི་རིགས་ཀྱི་སྤྱི་ཚོགས་མཚོན་པ་དང་། བགྲེས་པོ་ཡིས་མིའི་ཞུམ་པ་མེད་པའི་སྙིང་སྟོབས་མཚོན་པ་དང་། ཆུ་སྲིན་གྱིས་བཟློག་ཏུ་མེད་པའི་ལས་དབང་གི་སྐྱོ་གར་ཞིག་མཚོན་བཞིན་ཡོད་པ་ཧ་གོ་སོང་། ཐེངས་གསུམ་པ་ཀློག་དུས། ངས་ཧེ་མེང་ཝེ་ཡི་འཁྱག་རིའི་གཞུང་ལུགས(冰山理论)ཀྱི་དགོངས་དོན་དང་ཁྱད་ཆོས་རྟོགས་ཤིང་དེ་ཡིས་རང་གི་གསར་རྩོམ་ལའང་ཤུགས་རྐྱེན་མང་ཙམ་ཐེབས་པ་ཚོར། ཐེངས་བཞི་པ་ཀློག་དུས། ངས་སྒྲུང་གཏམ་དེའི་སྐད་ཆ་རེ་རེ་རྒྱུ་མ་ཕུ་འདེད་བྱས་ཏེ་ཧེ་མེང་ཝེ་ཡིས་སྒྲུང་གཏམ་ནང་དུ་མི་སྣའི་གཏམ་གླེང་ཇི་ལྟར་བཀོད་སྒྲིག་བྱས་པ་དང་འབྲི་སྟངས་དེ་ལ་དང་དོད་ཆེན་པོ་བྱས་པར་མ་ཟད། ཚིག་ཉུང་དོན་བསྡུས་ཀྱི་སྤྲོས་བརྗོད་སྤེལ་སྟངས་དེ་ལ་ཁྱད་ཆོས་བླ་ལྷག་ཅིག་མངའ་བའི་བདེན་པ་ཡང་རྙེད་བྱུང་། ཐེངས་ལྔ་པ་ཀློག་དུས། ངས་ཧེ་མེང་ཝེ་ཁོང་གིས་གསུངས་པ་ལྟར། བགྲེས་པོ་དང་རྒྱ་མཚོ། ཆུ་སྲིན་སོགས་ཀྱིས་གང་ཡང་མི་མཚོན་པར། བགྲེས་པོ་ནི་བགྲེས་པོ་ཡིན་ལ། རྒྱ་མཚོ་ནི་རྒྱ་མཚོ་ཡིན། དེ་བཞིན་ཆུ་སྲིན་ཡང་ཆུ་སྲིན་ཡིན་ཞེས་པའི་སྐད་ཆ་དེའི་མཐིལ་དོན་དང་གནས་ལུགས་རྟོགས་ཐུབ་པ་བྱུང་སོང་། འདི་ནི་ངས《བགྲེས་པོ་དང་རྒྱ་མཚོ》ཞེས་པའི་སྒྲུང་གཏམ་གྲགས་ཅན་དེ་ཐེངས་ལྔ་ལ་ཀློག་པའི་གོ་རིམ་ཁྲོད་དུ་བྱུང་བའི་ངེས་ཤེས་དང་བློ་སྐྱེད་རེད། དེ་ནི་ཡུས་ཧྭ་ཡིས་“ངས་རླབས་ཆེན་གྱི་གསུང་རབ་དེ་དག་ཀློག་ཐེངས་རེར། དེ་ཚོས་ང་ཁྲིད་ནས་འགྲོ་བར་བྱེད། དེ་དུས་ཀྱི་ང་ནི་སྙིང་ཆུང་གི་བྱིས་པ་ཞིག་དང་འདྲ་བར་གོམ་ཆུང་ག་ལེར་དེ་ཚོའི་རྗེས་སུ་འབྲངས་ནས་འགྲོ་ཞིང་དེ་ཚོའི་གོམ་པའི་འདེགས་འཇོག་ལ་ཡང་ཡང་ལད་མོ་བྱས་པ་ཡིན”ཞེས་གསུངས་པ་དང་འདྲ་བོ་འདུག
མདོར་དེད་ན། 2018ལོར་བདག་གིས་དུས་ཚོད་མང་པོ་ཞིག་དཔེ་ཀློག་ལ་བསྟིམས་ཤིང་། བརྩམས་ཆོས་གྲགས་ཅན་རེ་འགའ་ཞིག་འོར་ཀློག་བསྐྱར་ཀློག་བྱས་མོད། འོན་ཀྱང་། རང་ལ་ཡར་སྐྱེད་ག་ཙམ་བྱུང་བ་དང་འཕེལ་རྒྱས་ཅི་ཙམ་ཡོད་པ་དངོས་གནས་བརྗོད་པར་དཀའ། གང་ལྟར། བྱ་བའི་བྲེལ་ཟིང་དང་འཚོ་བའི་འདུར་འགྲོས་ཁྲོད་དུ་དུས་ཚོད་མང་ཙམ་ཞིག་ཆུད་བཟའ་དང་འཕྲོ་བརླག་ཏུ་མ་བཏང་བར་གསུང་རབ་བསྟན་བཅོས་རེ་འགའ་ཞིག་བློ་ཞིབ་མོ་དང་ཡིད་རྣལ་མས་སྒོ་ནས་བཀླགས་པའི་དགའ་བ་དང་སྤྲོ་བ། མགུ་བ་དང་ཚིམས་པ་དེ་ནི་ང་ལ་མཚོན་ན་རྫོགས་ལ་ཉེ་བའི2018ལོར་བློ་འགྱོད་ཅི་ཡང་མེད་པའི་ཕྱིར་དྲན་དྲོན་མོ་ཞིག་རེད་ལ། ཞེ་ཕངས་གང་ཡང་མེད་པའི་ནར་སོན་སྐྱིད་པོ་ཞིག་ཀྱང་ཡིན་པར་འདོད། ཡང་གཅིག་བཤད་ན། དེ་ནི2018ལོའི་ལོ་ཟླ་དེ་དག་གིས་ང་ལ་གནང་བའི་ལེགས་སྐྱེས་ཞིམ་པོ་དེ་ཡིན་ཞིང་། 2018ལོའི་དུས་ཚིགས་དེ་དག་གིས་ང་ལ་བསྐྲུན་པའི་འགྲུལ་ལམ་བདེ་མོ་དེ་ཡང་ཅི་ལ་མིན་ཨང་སྙམ་མོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1