སྤྱི་ཟླ་དང་པོའི་ཚེས་14ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཁྲེན་ཏུའུ་རུ་འཚོགས།
གྲོས་ཚོགས་ལ་ཁྱོན་བསྡོམས་འཐུས་མི་885ཞུགས་དགོས་པ་དང་འཐུས་མི་862དངོས་སུ་ཞུགས་པས་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། འགོ་ཚུགས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཕེང་ཆིང་ཧྭ་ཡིས་འགོ་ཚུགས་ཚོགས་འདུ་ལ་གཙོ་སྐྱོང་གནང་།
སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱི་ལི་ཡིས་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ལས་དོན་སྙན་ཞུ་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁུ་ཙིན་ཕིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་། ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་གི་དམག་སྤྱི་ཀྲན་ཧུའུ་ཧྲུན་ཚོགས་ཆེན་ལ་ཞུགས་པ་མ་ཟད་ཀྲུའུ་ཞིའི་སྟེགས་བུར་བཞུགས།
སྔ་དྲོའི་ཆུ་ཚོད་དགུའི་སྟེང་། ཕེང་ཆིང་ཧྭ་ཡིས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། ཚོགས་ཞུགས་མི་སྣ་ཆ་ཚང་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། གཟི་བརྗིད་ལྡན་པའི་རྒྱལ་གླུའི་གླུ་སྐད་ཚོགས་ར་ཡོངས་སུ་ཁེངས།
དབྱི་ལི་ཡིས་སྙན་ཞུའི་ནང་དུ། འདས་པའི་ལོ་གཅིག་རིང་། རྙོག་འཛིང་ཆེ་བའི་རྒྱ་ཕྱི་ནང་གི་གནས་བབ་ལ་ཁ་གཏད་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུའུ་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་གྱི་ལས་ཀར་བཏོན་པའི་མཛུབ་སྟོན་རབ་དང་རིམ་པའི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་དོན་འཁྱོལ་ཟབ་སྤེལ་བཏང་བ་དང་། འདུ་ཤེས་བཞི་ཇེ་དྲག་དང་ཡིད་ཆེས་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་ལག་ལེན་བརྟན་པོ། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཡོད། མཐུན་སྒྲིལ་ལག་ལེན་དང་དཀའ་ཁག་ཡོད་ཚད་སེལ་ནས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས་ཡོད། ཚོད་དཔག་ལྟར་ན་སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་བཞི་ལས་བརྒལ་ནས་བརྒྱ་ཆའི་ཚེག་བརྒྱད་གོང་འཕར་བྱུང་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་དངུལ་གཏོང་ཚད་བརྒྱ་ཆའི་བཅུ་ཚེག་གཉིས་གོང་འཕར་བྱུང་ཡོད། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་ཕྱི་ཚོང་བྱེད་ཚད་བརྒྱ་ཆ་བཅུ་གཅིག་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་བཀོལ་སྤྱོད་ཆོག་པའི་མི་རེའི་ཡོང་འབབ་བརྒྱ་ཆའི་བརྒྱད་ཚེག་གཅིག་དང་བརྒྱ་ཆའི་དགུ་ཚེག་ཐིག་གོང་འཕར་བྱུང་ཡོད་ལ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་བརྒྱ་ཆའི་གཅིག་ཚེག་བདུན་གོང་འཕར་བྱུང་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བརྒྱ་ཆའི་དགུ་ཚེག་གསུམ་ཡིན་ཞེས་གསུངས།
དབྱི་ལི་ཡིས་སྙན་ཞུའི་ནང་དུ་ད་ལོའི་སྲིད་གཞུང་གི་ལས་ཀའི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཐེངས་གསུམ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཐེངས་བཞི་པའི་སྙིང་དོན་ལག་བསྟད་དོན་འཁྱོལ་ནན་མོ་བྱེད་པ། གནས་ལྔ་ཕུང་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་དོན་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་རྒྱུན་འཁྱོངས་བྱེད་པ། མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྲོག་ཤིང་དུ་འཛིན་པ་རྒྱུན་འཁྱོངས། ཚོང་ར་ཅན་གྱི་བཅོས་བསྒྱུར་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། སྲོག་ཤིང་གཅིག་དང་ཡན་ལག་མང་པོ་དང་ཁུལ་ལྔ་མཐུན་སྦྱོར་བྱེད་པ། ཕྱོགས་བཞིར་རྒྱ་བསྐྱེད་དང་ས་ཁོངས་ཡོངས་སྒོ་འབྱེད་སོགས་བཀོད་སྒྲིག་གལ་ཆེན་སྐུལ་འདེད་གཏོང་བ། ལྔ་བསྣན་གཅིག་གི་དེང་རབས་ཐོན་ལས་མ་ལག་འཛུགས་པ། དེང་རབས་ཀྱི་སྣ་འདུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ཇེ་མགྱོགས། མུ་མཐུད་དུ་འགག་གྲོལ་འཐབ་འཁྲུག་གསུམ་ཡག་པོ་སྤེལ་བ། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་དང་། གསར་གཏོད་ནུས་པ་མཐོ་འདེད་དང་འཕེལ་རྒྱས་སྒུལ་ཤུགས་གསོ་སྤེལ། ནང་མཁོའི་གཏིང་ཤུགས་སྔོག་འདོན། འཕར་སྣོན་བརྟན་པོ་དང་བཅོས་བསྒྱུར་ཐད་སྐུལ་འདེད། སྒྲིག་གཞི་ལེགས་སྒྲིག དམངས་འཚོར་ཕན་པ། ཉན་ཁ་འགོག་པ་བཅས་ཀྱི་ལས་ཀར་གཅིག་གྱུར་འཆར་འགོད་བྱེད་དགོས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་ཁྱབ་ཁོངས་སུ་གནས་པ་རྒྱུན་འཁྱོངས་དང་། སྔར་ལས་ལྷག་ཏུ་ལས་ཞུགས་བརྟན་པོ་དང་དངུལ་རྩ་བརྟན་པོ། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ། ཕྱི་ཕྱོགས་ཀྱི་མ་དངུལ་བརྟན་པོ། དངུལ་གཏོང་བརྟན་པོ། སྔོན་དཔག་བརྟན་པོ་བཅས་བྱ་དགོས། ཚོང་རའི་ཡིད་ཆེས་ཇེ་བརྟན་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་པའི་སྣང་བ་དང་བདེ་སྐྱིད་ཀྱི་སྣང་བ། བདེ་འཇགས་ཀྱི་སྣང་བ་བཅས་ཇེ་དྲག་གཏང་དགོས། དཔལ་འབྱོར་རྒྱུན་ཆད་མེད་པར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་སྤྱིའི་གནས་བབ་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་རྒྱལ་ཁ་ཐོབ་ཆེད་གཏན་འཁེལ་རང་བཞིན་གྱི་རྨང་གཞི་བཙུགས་ནས། ལས་ཀའི་གྲུབ་འབྲས་ཡག་པོ་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་དགོས་པ་བཅས་ཀྱི་བླང་བྱ་བཏོན།
གྲོས་ཚོགས་ཀྱི་གྲོས་རིམ་ལ་གཞིགས་ནས། འགོ་ཚུགས་ཚོགས་འདུའི་སྟེང་ད་དུང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སི་ཁྲོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ། ཉིས་སྟོང་བཅུ་དགུ་ལོའི་འཆར་འགོད་འཆར་ཟིན་གྱི་སྙན་ཞུ་དང་། དེ་མིན་ད་དུང་འབྲེལ་ཡོད་སྙན་ཞུ་གཞན་པ་བཅས་ལ་ཞིབ་བཤེར་བྱས་པ་རེད།།