སྤྱི་ཟླ་9པའི་ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་རྒྱལ་ས་དྷེ་ལི་གསར་པ་རུ་རྒྱ་གར་གྱི་ཙུང་ལི་མའོ་ཏི་དང་གྲོས་མོལ་གནང་སྟེ། ཕན་ཚུན་ལག་གདང་མཉམ་སྦྲེལ་གྱིས་དེ་བས་གཏིང་ཟབ་པའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་བཙུགས་ནས་གོ་སྐབས་དམ་འཛིན་ངང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དམིགས་འབེན་མངོན་འགྱུར་དང་། གླིང་ཆེན་ཨེ་ཤེ་ཡའི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད། རྒྱལ་སྤྱིའི་སྒྲིག་གཞི་དེ་བས་ཡང་དག་གི་ཕྱོགས་སུ་བསྐྱོད་རྒྱུར་ཤུགས་སྣོན་བྱ་རྒྱུ་ཡིན་པ་མོས་མཐུན་བྱུང་བ་རེད།
ཞི་ཅིན་ཕིང་གིས་ནན་གྱིས་གསུང་དོན། ཀྲུང་གོ་དང་རྒྱ་གར་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་དང་། འཕེལ་རྒྱས་འགྲོ་བཞིན་བའི་རྒྱལ་ཁབ་ཆེན་པོ། གསར་དར་གྱི་ཁྲོམ་རའི་རྒྱལ་ཁབ། འཛམ་གླིང་སྣ་མང་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་ནུས་ཤུགས་གལ་ཆེན་ལྡན་པའི་རྒྱལ་ཁབ་བཅས་ཡིན་པ་མ་ཟད། མི་རིགས་བསྐྱར་དར་གྱི་རླབས་ཆེན་དུས་རིམ་ཁྲོད་གནས་ཡོད། ཀྲུང་གོས་རྒྱ་གར་ནི་ཡུན་རིང་གི་འཐབ་ཇུས་མཉམ་ལས་རོགས་ཟླར་བརྩི་བཞིན་ཡོད་ཅིང་། ང་ཚོས་རྒྱ་གར་དང་མཉམ་དུ་དེ་བས་གཏིང་ཟབ་པའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་སྒོ་ཀུན་ནས་མཉམ་ལས་ཟབ་ཏུ་གཏོང་དགོས། ངེད་གཉིས་རྒྱལ་ཁབ་གཉིས་ཀྱི་དབུ་གཙོ་ཡིན་པའི་ངོས་ནས་ལོ་རྒྱུས་ཀྱི་ལས་འགན་དང་འགན་འཁྲི་འདི་དང་དུ་ལེན་དགོས་ཞེས་གསུངས།
མའོ་ཏིས་གསུང་དོན། བོད་རང་སྐྱོང་ལྗོངས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཤས་ཡིན་ཞིང་། རྒྱ་གར་སྲིད་གཞུང་གིས་བོད་མིས་རྒྱ་གར་གྱི་མངའ་ཁོངས་སུ་ཀྲུང་གོར་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ་དུ་མི་འཇུག དེ་མིན་རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མཐའ་མཚམས་གནད་དོན་སྐོར་གྲོས་མོལ་བྱ་རྒྱུར་འབད་འབངས་ཧུར་བརྩོན་བྱས་ནས་སྔ་ས་ནས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་འཚོལ་འདོད་ཡོད་ཅེས་གསུངས།