སྣང་བ་མག་མོག་གྱུར་པའི་མཚན་དཀྱིལ་དུ།།
དྲན་པ་དགུ་ཚིགས་སྐྱ་མོར་གས་ཆག་ཤོར།།
ཟླ་འོད་མུན་པས་བསྒྲིབས་པའི་ཡུལ་གྲུ་འདིར།།
སྐར་མའི་ཚོགས་ཀྱང་སྐྱོ་བས་ངུ་ཤུམ་འཐེན།།
ཚོར་བས་དཀྲོལ་བའི་དབྱངས་རྟ་གྱ་མ་གྱུ།།
དྲན་པར་ཟུག་པའི་ཡིག་འབྲུ་ནག་པོ་ཡིན།།
འཕྱོངས་རྒྱས་ཟླ་བ་དྲན་པའི་སྐྱོ་གདུང་འདི།།
ལྷ་ལྡན་གྲོང་ནས་ཤོར་བའི་དངན་པ་ཡིན།།
ཨ་ཡིག་ནག་པོར་བྲིས་པའི་དེབ་ཐེར་དག །
སྡུག་གི་མིག་ཆུས་འཁྲབ་པའི་སྐྱོ་གར་ཡིན།།
རིགས་ཀྱི་རུས་རྐང་བརྒྱུས་པའི་རྡོ་ཡི་གྲོང་།།
གསེར་ནག་ལྷན་པའི་རྔུལ་ཁྲག་དྭངས་མ་ཡིན།།
དམར་པོ་རི་ལ་བརྐོས་པའི་ཨ་ཡིག་འདི།།
ལྡོག་མེད་ལོ་རྒྱུས་ཤིག་གི་དཀྱོག་མཚམས་ཡིན།།
ལྷ་སའི་ཁྲོམ་ལ་བསྐུར་བའི་ཞུ་འཕྲིན་འདི།།
འཕྱོངས་རྒྱས་ཟླ་བ་དྲན་པའི་སྐྱོ་གདུང་ཡིན།།
དོ་ནུབ་མེ་ལོང་ངོས་སུ་བཏབ་པའི་གཟུགས།།
རྨི་ལམ་ནང་གི་ལྷ་སའི་གཏམ་རྒྱུད་ཡིན།།
རེ་ཆད་བྲང་ལ་སེན་མོས་འབྲད་པའི་ལས།།
གཞིས་ཤོར་སྐྱབས་འཚོལ་བྲེལ་བའི་སྨེ་ངག་ཡིན།།
དོ་ནུབ་དྲན་པ་དེ་ཡང་སྨྱོས་པ་འདྲ།།
དོ་ནུབ་སྣང་བ་དེ་ཡང་རྨོངས་པ་འདྲ།།
སེམས་པ་རྨས་པའི་རྨི་ལམ་སྐྱ་བོ་འདི།།
སྐྱོ་བའི་གདངས་ལ་བརྒྱུས་པའི་སྙན་ངག་ཅིག །