མདང་ནུབ་བདག་གི་རྨི་ལམ་དུ
བདག་ནི་ཤེལ་གོང་ལྟ་བུའི་ཟིལ་བར་གྱུར་སོང
ཕྱི་གསལ་ནང་གསལ་གྱི་རང་ཉིད
སྡོང་རྩར་ཟགས་པའི་སྡོང་ལོའི་ཕང་དུ་ལྷུང་སོང
ཁད་ཀྱིས་ཁད་ཀྱིས ལུག་བལ་སྡོང་རྩེ་ནས་ཟགས་པ་ལྟར
སླར་ཡང ཁད་ཀྱིས་ཁད་ཀྱིས རླུང་ལྡང་ཐེངས་ཤིག་གིས
ཟླ་འོད་ཀྱི་སྨིན་མ་འཁྱོག་པའི་གཙང་པོའི་ཀློང་དུ་བདས་སོང
སྡོང་ལོའི་གྲུ་ཆུང་མདུན་དུ་སྒྲོལ་བཞིན་འདུག
ཟིལ་བའི་མགྲོན་པོ་བཏེགས་ཏེ་མདུན་དུ་སྒྲོལ་བཞིན་འདུག
རླུང་ལྡང་ཐེངས་ཤིག་གིས
སྡོང་ལོའི་གྲུ་ཆུང་བསློགས་ན་ཟིལ་བ་གཙང་པོར་འདྲེས
མ་བསློགས་ངོགས་སུ་འཁོར་ན་ཟིལ་བ་རླུང་གི་ཀློང་དུ་ཐིམ
སད་རྗེས ཤེལ་གོང་ལྟ་བུའི ཆུ་ཐིགས་ལྟ་བུའི
ཕྱི་གསལ་ནང་གསལ་གྱི་གཉུག་མའི་རང་ཉིད
ཟག་བཅས་ཕུང་བོའི་གནས་མོའི་མགུལ་དུ་བཏགས་འདུག
སླར་ཡང ཁད་ཀྱིས་ཁད་ཀྱིས རླུང་ལྡང་ཐེངས་ཤིག་གིས
རྟོག་པའི་རྟ་ཕོར་ཆིབས་ཏེ་སྒྱུ་མའི་ཕོ་བྲང་མྱུལ་སོང
རྨི་ལམ་མ་ཡིན་པའི རྨི་ལམ་ལྟ་བུའི
ཟག་བཅས་ཕུང་བོའི་གནས་མོའི་འོ་ཞིམ་པོས
ནམ་ཞིག རྒྱུད་སྐུད་ལྷོད་ན་སྒྲ་ནི་འབྱིན་མི་བཏུབ
ཤིན་ཏུ་གྲིམ་ན་རྒྱུད་སྐུད་ཆད་གྱུར་པའི
གཉིས་མིན་ཆོས་ཀྱི་བདུད་རྩི་ལོངས་སྤྱད་དེ
ཅིར་ཡང་མ་གྲུབ་སྒྱུ་མའི་རང་ཉིད་རྙེད