ད་ནི་ལྷ་སྒྲུང་གི་སྨུག་ལོང་ལས་སྟོང་འདང་གི་ཞོགས་པ་མི་བཙལ
རྨི་ལམ་དུ་སེང་གེ་དང་གངས་རི་ཁོ་ན་རྨི་བར་བྱེད
ད་ནི་ལ་རྒྱ་དང་ཁ་གཡང་གདངས་སུ་མི་འཁྱེར
རལ་གྲི་ཁོ་ནར་ཡིད་ཆེས་པར་བྱེད
ད་ནི་མེ་ལོང་ཆག་རོ་ཞིག་ཏུ་རང་གི་ལང་ཚོ་མི་སྤུངས
གཤོག་པས་ས་ཆེན་ལ་གྲིབ་མ་སྟེར
ད་ནི་རང་གི་རོ་སྒམ་དུ་རྒས་འཁོགས་ཀྱི་ཕུང་བོ་འདི་མི་འཇུག
རྣམ་ཤེས་ཀྱི་མདུན་དུ་གཏན་དུ་མི་ནུབ་པའི་འོས་ལངས་བྱེད
ད་ནི་ཆུ་ཆེན་གྱི་རབ་ཁ་ནས་ལོ་ཟླར་གཤེ་གཤེ་མི་གཏོང
དཔའ་གདེང་ཆེན་པོས་དུས་ཚོད་ལ་མདུད་པ་རྒྱག
ད་ནི་མ་རྙེད་པ་དེ་དག་ལ་ཡང་གུ་ཡངས་མི་སྟེར
རྡུལ་གྱི་ཕུང་བོ་ཁྲི་ཕྲག་ལས་བཙན་གྱིས་འཚོལ་ཡོང
ད་ནི་རང་ཉིད་ཁོ་ནར་སློབ་སྦྱོང་མི་བྱེད
ཁྱི་དང་སྤྱང་ཀི་ལ་ཡང་བདེན་ཁ་སྤྲོད
ད་ནི་ས་སྲོད་ཀྱི་ངོས་སུ་མེད་མུག་གི་སྐྱོ་གདུང་མི་འབྲི
ཕུགས་འདུན་ཡོད་ཚད་སྐྱ་རེངས་ཀྱི་མགུལ་དུ་སྒྲོན
ད་ནི་མར་མེ་བཞིན་ཁྱིམ་ཕུག་ཏུ་མི་འཚེར
མེ་ལྕེ་བཞིན་སྤང་ལྗོངས་དང་ནགས་སུ་འགྲོ
ད་ནི་འཇའ་ཚོན་གྱི་རྗེས་སུ་ཡིད་སེམས་མི་འཆོར
སྡིག་པའི་མདོ་ལས་ཡིད་འོང་གི་བསྟན་བཅོས་ལེན
ད་ནི་གྲང་འཁྱག་གི་མདུན་དུ་དཔའ་མི་ཞུམ
དྲག་ཆར་གྱི་ཁྲོད་དུ་གཅེར་བུར་རྒྱུག་ནས་ནོར་བུ་བཙལ
ད་ནི་གཞས་ངག་སྙན་མོ་དེ་དག་ལ་བདེན་ཁ་མི་སྤྲོད
གད་རྒྱངས་ཆེན་པོས་རི་རབ་དང་རྒྱ་མཚོ་སྐྱོམ
ད་ནི་སྨྱོན་པ་དེ་དག་ལ་གཞི་ནས་ཁ་ཡ་མི་བྱེད
ལྷ་ཚོགས་ཀྱི་སྤྱོད་ཁང་དུ་རང་གི་ལེགས་བཤད་རྐོ
ད་ནི་མཐའ་མེད་པར་སྒྲོག་པའི་བསླུ་བྲིད་དེ་ལ་བདེན་ཁ་མི་སྟེར
འཇིགས་པ་མེད་པའི་གཤོག་པའི་ནང་དུ་རླུང་འཇུག
ད་ནི་ལམ་ཆེན་ཡོད་ཚད་ལ་ངོ་རྒོལ་བྱེད
རྐང་ལམ་རེ་རེར་རྒྱང་རིང་གི་ལྡེ་མིག་སྤྲོད
ད་ནི་གླེགས་བམ་དེ་དག་གི་རྣ་བར་ཁྲོ་ཆུ་ལྡུག
སང་ཉིན་ཁོ་ནར་ཡིད་ཆེས་པར་བྱ
༢༠༡༧.༨.༢༣