ཟླ་1ཚེས་17ཉིན། བོད་ལྗོངས་ལྷ་སའི་གཙུག་ལག་ཁང་མདུན་དུ་བསང་དུད་ལང་ལོང་འཁྲིགས་ཤིང་། གཙུག་ལག་ཁང་ཉེ་འཁོར་གྱི་དར་ཆེན་ལྔ་ཡིས་ལོ་རེར་ཐེངས་རེའི་ལྭ་བ་རྗེ་བའི་ཉིན་མོ་བསུས་ཡོད། དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་མང་པོས་དར་ལྕོག་གསར་པ་བརྗེ་པའི་དུས་སྐབས་འདི་ལ་ལྟད་མོ་བལྟས་ཡོད། གནམ་རིག་སྐར་རྩིས་ལ་གཞིགས་ནས་གཏན་འཁེལ་བའི་བཀྲ་ཤིས་པའི་ཉིན་འདིར། དར་ལྕོག་གསར་དུ་བརྗེ་མཁན་གྱིས་གཡས་བསྐོར་གྱི་འཁོར་ཕྱོགས་ལྟར་བར་སྐོར་ལམ་གྱི་བྱང་ཤར་དང་ཤར་ལྷོ། ལྷོ་ནུབ། དེ་བཞིན་དུ་གཙུག་ལག་ཁང་གི་གཡས་གཡོན་བཅས་སུ་གནས་པའི་དར་ཆེན་ལྔའི་དར་ལྕོག་བརྗེ་ཡོད།
དར་ཆེན་འདི་ལྔ་བོ་ལ་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་ཞིང་། ཚང་མར་རང་རང་གི་དོན་སྙིང་དང་གཏམ་རྒྱུད་རེ་ཡོད་འདུག གྲགས་ཆེ་བའི་བོད་ལྗོངས་དམངས་སྲོལ་རིག་པ་བ་སྐུ་ཞབས་ལུའེ་ཏུང་ཧྥན་གྱི《ལྷ་སའི་ལོ་རྒྱུས་ཙག་ཙིག》ཅེས་པའི་ནང་དུ། བར་སྐོར་ལམ་གྱི་ཤར་ལྷོའི་མཚམས་ཀྱི་དར་ཆེན་དེ་ལ་གནས་ཚུལ་འདི་འདྲ་བཀོད་ཡོད་དེ། དར་ཆེན་འདི་ལ་དགའ་ལྡན་ཇོ་དར་ཆེན་པོ་གསོལ་ལ། “ཤ་རྒྱ་ལིང་”ཡང་གསོལ། འདི་ནི་སྤྱི་ལོ་1409ལོར་རྗེ་ཙོང་ཁ་པས་གཙུག་ལག་ཁང་གི་སྨོན་ལམ་ཆེན་མོ་བཙུགས་པ་ལ་རྗེས་དྲན་གྱི་ཚུལ་དུ་བཙུགས་པ་ཡིན།
འབྲེལ་ཡོད་དམངས་སྲོལ་ལ་གཞིགས་ནས། གཙུག་ལག་ཁང་གི་དར་ཆེན་གྱི་དར་ལྕོག་བརྗེ་སྤོར་བརྒྱབ་རྗེས། བོད་ལྗོངས་ས་གནས་ཁག་གི་དགོན་པ་ནས་ཀྱང་གཅིག་རྗེས་གཉིས་མཐུད་དུ་དར་ལྕོག་གསར་པ་བརྗེ་སྲིད།