སྔོ་རྩྭའི་མགོ་ལྕོག་ལྡེམ་ཞིང་ལྗོན་ཤིང་གི་ལོ་འདབ་ཀྱི་རྩེ་ལ་མེ་ཏོག་དཀར་དམར་སྣ་ཚོགས་དོ་ཤལ་འཕྱངས་པའི་སྐྱེད་ཚལ་དེ་རུ། ངའི་མིག་གི་དབང་བོའི་དྭངས་མ་དེ་ལ་ཁྱོད་ཀྱི་རྩེད་དགོད་ཀྱི་འཛུམ་ཆུང་གིས་གཡབ་མོ་བཏང་བའི་ཉིན་མོ་དང་པོ་དེ་ནས་བཟུང་། ངས་ནམ་རྒྱུན་མཐོངས་ཡངས་པའི་བར་སྣང་དུ་བལྟས་ཏེ། སྤྲིན་དཀར་ཕང་ཕུང་གི་གསེབ་ཏུ་སེམས་ཀྱི་ཁ་དོག་དང་ཁ་དོག་དེའི་ཚོར་བར་བརྒྱུས་པའི་རྨི་ལམ་ལྗང་གུ་ཞིག་བཏེགས་ཡོད། དེ་ནི་ཁྱོད་ཀྱི་ཐོག་མའི་མིག་གི་ཟུར་མདའ་དེའི་འཐེན་ཤུགས་དང་འཐེན་ཤུགས་དེའི་བསླུ་བྲིད་ཀྱིས་བསླུས་སོང་བའི་བདག་གི་སེམས་འགྱུའི་རི་མོ་ཡིན།
མཚན་མོ་ཞིག་སྟེ། ནམ་མཁའི་དབྱིངས་སུ་རྒྱུ་སྐར་བཀྲམ་ཞིང་རྒྱུ་སྐར་གྱིས་མཐའ་རུ་བསྐོར་བའི་ཟླ་བའི་འོད་གུར་གྱི་ངོགས་ནས། རབ་གསལ་གྱི་སྒེའུ་ཁུང་ལས་ཕྱི་རོལ་གྱི་མཛེས་ལྗོངས་ལ་རོལ་ཅིང་། ཞག་སྒྲོན་རྐང་གཅིག་དང་ལྷན་དུ། སེམས་སུ་བབས་པའི་འཁྱག་སིབ་སིབ་ཀྱི་ཐ་སྙད་དག་སྨྱུ་གུས་སྐྱོར་ཏེ། ཁྱོད་ལ་བརྗོད་འདོད་ཀྱང་ཡུན་རིང་ཡུན་རིང་ཞིག་ལ་སྙིང་གི་སྦུབས་སུ་ལུས་སོང་བའི་སྐད་ཆ་དག་འཕྲིན་པར་བསྡུས། མཚན་མོ་འདིར། སྐད་ཆ་དེ་དག་ཤོག་དཀར་གྱི་རེ་ཁཱར་བཞེངས་ཞོར། འཆར་ཡན་གྱིས་བརྫིས་པའི་དྲན་པ་སྣ་ཚོགས་པ་ཞིག་དང་ཁེར་དགོད་དང་ཁེར་གཞས་ལ་སིམ་པའི་དབྱངས་རྟ་སྣ་མང་ཞིག་ཀྱང་སྒེའུ་ཁུང་ལས་ལྡང་སྟེ་ཁྱོད་ཀྱི་ཕྱོགས་སུ་རྒྱུག དེ་ལྟར་གྱི་འཕྲིན་ཐུང་གཅིག་གིས་མཚན་མོ་བསྐྱལ་ཞིང་ཐོ་རེངས་ཀྱི་སྐར་ཆེན་གྱིས་ཀྱང་ཆུ་ལྷའི་ཉག་ག་ནས་ལྷན་ཅིག་བསྡེབས་ཏེ་མི་ཚོགས་ཀྱི་ཁྲོད་ནས་སྔར་ལས་ལྷག་པའི་སྙན་འཇེབས་ཀྱི་དབྱངས་རྟ་ལ་འདྲེས་པའི་དུངས་བརྗོད་ཀྱི་ཟློས་གར་འཁྲབ་ཡོད། ད་དུང་། ཁྱོད་དང་མཉམ་དུ་ལག་པས་ལག་པར་འཇུས་ཤིང་སེམས་པ་སེམས་པར་བསྡེབས་ཏེ་བརྩེ་བའི་གཙང་ངོགས་ནས་བདེ་སྐྱིད་ཀྱི་ཀོ་གྲུར་བསྡད་དེ། མཚན་མོ་རེ་རེར་བསིལ་ཁང་ལས་ཟླ་འོད་ལ་བལྟས་ཤིང་ཟླ་འོད་ལ་དྲན་པ་གཡོས་པའི་ཆུང་དུས་ཀྱི་རྨི་ལམ་དེའང་མངོན་འགྱུར་བྱུང་། དེ་མིན། ཟླ་འོད་ཀྱི་ངོགས་ནས་ཁྱོད་ཀྱི་འཛུམ་མདངས་ལ་བལྟས་ནས་ལྭ་བ་རེ་གྱོན་པ་ནི། བདག་ལ་སྔོན་མ་ཞིག་ནས་མ་དྲན་པ་དག་གསར་དུ་བློའི་ཡུལ་དུ་འཆར་བ་རེད། དེ་ནི་ཁྱོད་ཀྱི་མིག་མདངས་དང་སྒེག་ཉམས་ཀྱི་ཁ་དོག་དེ་ལ་གཞན་ལས་ལྷག་པའི་ཚོན་ཁ་རབ་ཏུ་སྡུག་པ་ཞིག་ཡོད་པས་རེད། ཁྱོད་ནི་བདག་གི་ལས་དབང་གི་ལྡུམ་ར་ན་འཁྲུངས་པའི་གེ་སར་དེ་ཡིན་ལ། ཆར་ལྡན་དུས་ཀྱི་རྐང་དྲུག་གི་རེ་བ་ལ་འཆང་བའི་བཅུད་ལྡན་ཟེའུ་འབྲུ་དེ་དང་། སྐྱེ་འགྲོའི་མིག་དབང་ལ་ཐོགས་པའི་ལོ་འདབ་གློ་ཁ་དེ་ཡང་ཁྱོད་ལས་གཞན་ཞིག་གི་འདུན་མ་མིན།
ཁྱོད་ནི་མི་ཚེའི་རིན་ཐང་ལ་བཞེངས་པའི་བདག་གི་སྙན་ངག་ལྟ་བུའི་ཆུང་མ་ཡིན་ཞིང་། ཁྱོད་ནི་ལས་དབང་ལ་བྲིས་པའི་བདག་གི་གཟུང་ཐག་ལྟ་བུའི་གཏན་གྲོགས་ཉིད། ཁྱོད་ནི་བདག་གི་དོན་ལྔ་སྣོད་དྲུག་ལ་སིམ་པའི་རྣམ་ཤེས་ལྟ་བུའི་མི་ལུས་ཀྱི་དྲོད་ཁོལ་དག་མ་དེའོ།།