པར་རིས་དེ་ནི་ནོར་སྟོད་རི་རྩེ་ནས་པར་བླངས་པའི་རི་ཚོགས་ཡིན་པ།(2018ལོའི་ཟླ་10ཚེས་5ཉིན་པར་ལེན་བྱས།)
ཟླ་1ཚེས་18ཉིན་ཀྲུང་གོའི་རི་འཛེག་རུ་ཁག་( བོད་ལྗོངས) བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་བཙུགས་པ་རེད། མ་འོངས་པར་རུ་ཁག་དེས་བོད་ཀྱི་རི་འཛེག་ཤེས་ལྡན་མི་སྣས་རྨང་གཞིར་བྱ་སྟེ། ཀྲུང་གོ་རི་འཛེག་རུ་ཁག་དང་བོད་ལྗོངས་རི་འཛེག་རུ་ཁག་གི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱ་ནས། ཀྲུང་གོའི་རི་འཛེག་བྱ་གཞག་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་རི་འཛེག་རུ་ཁག་1960ལོའི་ཟླ་10པར་བཙུགས་པ་དང་། རུ་ཁག་དེས་བོད་ལྗོངས་རི་འཛེག་སློབ་གྲྭ་རྨང་གཞིར་བྱས་ནས་འཐུས་སྒོ་ཚང་བའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་བཙུགས་ཡོད་པ་རེད། ད་ཐེངས། བོད་ལྗོངས་རི་འཛེག་རུ་ཁག་གི་རྨང་གཞིའི་ཐོག་ཀྲུང་གོ་རི་འཛེག་རུ་ཁག་( བོད་ལྗོངས)བཙུགས་པ་རེད།
བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་ཀྲུང་གོ་རི་འཛེག་རུ་ཁག་( བོད་ལྗོངས) བཙུགས་པ་དེ། བོད་ལྗོངས་ཀྱིས་ཐད་ཀར་རྒྱལ་ཁབ་ཀྱི་གལ་ཆེའི་རི་འཛེག་ལས་འགན་སྒྲུབ་རྒྱུ་དང་། རི་འཛེག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་དང་རྒྱ་ཆེར་གཏོང་རྒྱུ་དང་། བོད་ལྗོངས་ཁུལ་ནང་གི་གལ་ཆེ་བའི་རི་འཛེག་ཁོར་ཡུག་དང་རི་འཛེག་བདེ་འཇགས་དོན་རྐྱེན་འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ལས་ཆོད་བཅས་ལ་མཚོན་ན་ཚང་མར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།
ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་60ཙམ་རིང་། བོད་ལྗོངས་རི་འཛེག་རུ་ཁག་གིས་སྔ་རྗེས་སུ་ཇོ་མོ་གླང་མའི་རི་རྩེར་ཐེངས་300ལྷག་ཙམ་འཛེགས་པ་དང་། མི་ཐེངས་2300ལྷག་ཙམ་གྱིས་ས་བབ་མཐོ་ཚད་སྨི་8000ཡན་གྱི་རི་བོ་མཐོན་པོའི་རི་རྩེར་འཛེགས་ཡོད་པ་རེད། དེ་དང་དུས་མཚུང་བོད་ལྗོངས་རི་འཛེག་རུ་ཁག་གིས་ཀྲུང་གོའི་འཐུས་ཚབ་བྱས་ནས་རྒྱལ་ཁབ་དང་ས་ཁུལ་གཞན་དང་མཉམ་འབྲེལ་རི་འཛེག་བྱེད་སྒོ་སྤེལ་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་རི་འཛེག་ལུས་རྩལ་རིམ་བཞིན་སྤྱི་ཚོགས་ཅན་དུ་འགྱུར་བཞིན་ཡོད་ལ། འདས་ཟིན་པའི་ལོ་བརྒྱད་རིང་། བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་ནས་ཡོང་བའི་རི་འཛེགས་རྒྱུར་དགའ་པོ་ཡོད་མཁན་མི་ཐེངས་ཁྲི་2ལྷག་ཙམ་སྒྲིག་འཛུགས་དང་སྣེ་ལེན་ཞུས་ཡོད་པ་རེད།
པར་རིས་དེ་ནི་རི་འཛེགས་རྒྱུར་དགའ་པོ་ཡོད་མཁན་ཚོས་རི་རྩེར་མདུན་སྐྱོད་བྱེད་བཞིན་པའི་རྣམ་པ་ཡིན་པ།(2018ལོའི་ཟླ་10ཚེས་5ཉིན་པར་ལེན་བྱས།)