“སོར་རྩེའི་རྫུ་འཕྲུལ”ཏེ་མར་རྒྱན།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-22


     མར་རྒྱན་ནི་བོད་མི་རིགས་ཀྱི་བརྐོས་བརྙན་སྒྱུ་རྩལ་གྱི་རིགས་ཤིག་ཡིན་ཞིང་། དེ་ནི་མར་རྒྱུ་ཆ་བྱས་ནས་མི་དང་། མེ་ཏོག  ལྗོན་ཤིང་། འདབ་ཆགས། རི་དྭགས་སོགས་ཀྱི་གཟུགས་བརྙན་བཞེངས་པའི་ལག་ཤེས་སྒྱུ་རྩལ་ཞིག་ཡིན་ལ། ད་ལྟའི་བར་དུ་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་རེད།    
     ཚེས་20 ཉིན། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁུལ་རྙིང་བའི་བདེ་ཆེན་རབ་བརྟན་གྱི་སྒོ་རའི་ནང་བསྐྱོད་ཙ་ན། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཕུ་གསུམ་ཤང་ནས་ཡོང་བའི་ཟླ་བ་སོགས་ཀྱིས་བློ་གཅིག་སེམས་གཅིག་གིས་བོད་ཀྱི་ལོ་གསར་ལ་ངེས་པར་དུ་མཁོ་པའི་མར་རྒྱན་བཟོ་བཞིན་འདུག་པ་མཐོང་།   
     བོད་ཀྱི་ལོ་གསར་སྐབས། ས་གནས་དེ་གའི་མི་ཚོས་གྲོ་སོ་ཕྱེ་མར་གྱི་གཡས་གཡོན་གཉིས་སུ་སོ་སོར་རྩམ་པ་དང་ཡོས་སྣོད་བཀང་རེ་འཇོག་ཅིང་། དེའི་ཐོག་འབྲུ་རིགས་སྣ་ལྔ་ལོ་ལེགས་ཡོང་བ་མཚོན་པའི་ལོ་གསར་མེ་ཏོག་(ཚོན་ལྡན་སྙེ་མ)དང་བཀྲ་ཤིས་བདེ་ལེགས་མཚོན་པའི་མར་རྒྱན་འཛུགས་སྲོལ་ཡོད།    
     མར་རྒྱན་ནི་བཟོ་སྤུས་དག་པོས་སྐད་གྲགས་ཆོད་ལ། དེར་འཆམ་མཐུན་མཚོན་པའི་མཐུན་པ་སྤུན་བཞིའི་རི་མོ་དང་། བཀྲ་ཤིས་མཚོན་པའི་བཀྲ་ཤིས་རྟགས་བརྒྱད་དང་། དུས་བདེ་ཚེ་རིང་མཚོན་པའི་ཚེ་རིང་རྣམ་དྲུག་གི་རི་མོ་ཡོད་ལ། ད་དུང་མཆོད་པ་བཅོ་ལྔའི་རི་མོ་སོགས་ཀྱང་ཡོད་པས་ནང་དོན་ཧ་ཅང་ཕུན་སུམ་ཚོགས།  གསོན་ཉམས་ལྡན་པའི་རི་མོ་དག་ལས་ལྷ་རིས་པའི་ཁྱད་དུ་འཕགས་པའི་ལག་རྩལ་མཐོང་ཐུབ།
     གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གི་མར་རྒྱན་ལ་ལོ་ངོ་400ལྷག་གི་ལོ་རྒྱུས་ལྡན་ཞིང་། བོད་རང་སྐྱོང་ལྗོངས་སུ་སྐད་གྲགས་ཆེན་པོ་ཡོད། ཟླ་བས་གསར་འགོད་པར་བཤད་རྒྱུར། མིག་སྔར་ལྷ་སའི་ཁྲོམ་གཞུང་དུ་མར་རྒྱན་འཚོང་མཁན་བརྒྱ་ཆ་ལྔ་བཅུ་ཡན་ཆད་ཚང་མ་རིན་སྤུངས་རྫོང་ནས་ཡོང་བ་རེད་ཟེར་ཞིང་།  ལག་ཤེས་པ་རྣམས་ཀྱིས་ད་དུང་ཁྱིམ་ཚང་རེ་རེའི་དགོས་མཁོ་ལ་གཞིགས་ནས། ཁོ་ཚོའི་དགོས་འདོད་ལྟར་མར་རྒྱན་བཟོ་ལ། དེའི་ཆེ་ཆུང་དང་ལས་ཀ་ལ་གཞིགས་ནས་རིན་གོང་ཡང་མི་འདྲ་སྟེ།  སྤྱིར་བཏང་གི་མར་རྒྱན་ཆ་གཅིག་གི་རིན་གོང་སྒོར་60ནས་སྒོར་300 བར་ཡིན་ལ། གལ་ཏེ་དེ་ནི་བཀོད་པ་བཞག་ནས་བཟོས་པ་ཡིན་ན། ད་དུང་ལས་སྣོན་གྲོན་དངུལ་བསྡུ་དགོས་པ་རེད།      ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒན་རྒོན་ཚོ་ནི་སྲོལ་རྒྱུན་དང་སྟབས་བདེ་བའི་མཐུན་པ་སྤུན་བཞི་དང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་ལ་དགའ་བ་དང་། ཁྱིམ་ན་ལོ་ལོན་ཡོད་པ་ཚོས་དམིགས་བསལ་གྱིས་ཚེ་རིང་རྣམ་དྲུག་ཉོ་བ་དང་། ན་གཞོན་ཚོ་ནི་སྤྱིར་བཏང་གི་མདོག་བཀྲ་ཞིང་རི་མོ་ཕུན་སུམ་ཚོགས་པའི་མར་རྒྱན་ལ་མོས་ཞེས་བཤད།  

     མར་རྒྱན་བཟོ་བའི་ལས་རིམ་བཞི་ལ་དབྱེ་སྟེ། ཐོག་མར“རུས་སྒྲོམ་འཛུགས”དགོས་ལ། དེ་ནས“སྦྲུམ་རྟེན་བཟོ་བ”དང་“བྱུག་བཞེངས”དགོས་ལ། ཆེས་མཐའ་མའི་ལས་རིམ་ནི“གཞོང་དུ་ལྡུགས་པ”ཡིན། ལས་རིམ་ལ་དངོས་སུ་མ་ཞུགས་གོང་། དྭངས་གཙང་ལྷད་མེད་ཀྱི་མར་ལ་ཁ་དོག་སྣ་ཚོགས་ཀྱི་རྡོ་གཏེར་བསྲེས་ནས་རི་མོ་དང་བཟོ་དབྱིབས་སྣ་ཚོགས་བཟོ་དགོས་ལ། དེ་ནས་ལས་རིམ་ལྟར་སྒྲུབ་དགོས་པ་རེད། ལག་ཤེས་པ་རྒན་པ་རྣམས་ལ་མཚོན་ན། མར་རྒྱན་བཟོ་བ་ནི་སྲོལ་རྒྱུན་གྱི་ལག་རྩལ་ཞིག་རེད་ཟེར་བ་ལས།  “སོར་རྩེའི་རྫུ་འཕྲུལ”རེད་ཟེར་ན་དགའ་སྟེ། དེ་ལས་སྣང་བརྙན་སྣ་ཚོགས་འབྱུང་ཐུབ་ལ། དེ་ལ་མཛད་མཐའ་མེད་པའི་ཡིད་དབང་འཕྲོག་ནུས་ཤིག་ལྡན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1