ཕ་མཚེར་གྲུ་བཞིའི་ལས་བསྐོས། — 《 རྒྱང་ལྟའི་ཁྲོད་ཀྱི་ལྷ་རི》 བཀླགས་པའི་མྱོང་ཚོར།

རྡོ་རིང་པད་མ་དབང་ཆེན།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


དེང་སྐབས་ལྷུག་རྩོམ་དེ་སྒྲིག་གཞི་གཏན་ཆགས་དང་རྣམ་པ་ཆིག་རྐྱང་། ལད་མོའི་འབྲི་ཚུལ་ནས་རིམ་བཞིན་གུ་ཡངས་པའི་ཕྱོགས་སུ་འཕེལ་འགྱུར་འབྱུང་བཞིན་ཡོད་པ་དང་། རྒན་བ་རེས་ཀྱི་ལྷུག་རྩོམ་དེབ《རྒྱང་ལྟའི་ཁྲོད་ཀྱི་ལྷ་རི》 ལྟ་བུར་མཚོན་ན་ཡང་རང་གི་མྱོང་རྟོག་གི་མིག་དབང་སྤྱད་དེ་འཚོ་བ་བསྐྱར་མཚོན་ཙམ་བྱེད་པ་ལས་འགོངས་ཤིང་ཁ་གཡང་དང་འབོད་སྐུལ། ལ་རྒྱ་གླེང་བ་ལས་བརྒལ་ཏེ་ནང་སེམས་ལ་འཚོལ་སྙེག་བྱེད་པའི་ཕྱོགས་སུ་འཕེལ་ཡོད་པས། ནང་དོན་དང་རྣམ་པ་གཉིས་ཀྱི་ཐད་ནས་དེང་རབས་ལྷུག་རྩོམ་གྱི་ཁྱད་ཆོས་མངོན་པར་གསལ།

དེབ་དེ་ཀློག་སྐབས་ཚོར་སྣང་ཞིག་ལ་རྒན་བ་རེས་དང་ཁ་གཏད་དུ་བསྡད་དེ་ཁོང་གི་མི་ཚེའི་ལོ་རྒྱུས་ཁྲོད་ཀྱི་བརྗེད་དཀའ་བའི་གཏམ་རྒྱུད་རེ་རེ་དང་དྲན་སླ་བའི་འདས་དོན་རེ་རེ་ཁ་ཞེ་གཉིས་མེད་ཀྱིས་གླེང་བ་དང་མཚུངས་ཤིང་། ཁོང་གི་མི་ཚེའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དང་ཐོབ་ཤོར་འདུ་བྲལ་གྱི་མྱོང་བ་སྣ་ཚོགས་ཟོལ་མེད་གཏམ་གྱིས་ལྷུག་པོར་གླེང་བ་དང་མཚུངས། རྩོམ་པ་པོ་སུ་ཞིག་ཡིན་ཡང་འཚོ་བའི་ཁྲོད་ནས་ཀུན་ལ་སྣང་ཞིང་མ་ངེས་པའི་རྩོམ་གྱི་ས་བོན་མང་པོ་ཞིག་རང་གི་ཡིད་ལ་ཉར་ཡོད་པ་བཞིན། རྒན་བ་རེས་ཀྱིས་ཀྱང་རྩོམ་པའི་ས་བོན་དེ་དག་བེད་སྤྱད་ནས་བརྗོད་བྱར་རྟོག་བཟོ་དང་། རྗོད་བྱེད་ལ་སྤྲོས་ཤོམ་མ་བྱས་པར་བདེན་པའི་དོན་དེ་དྲང་བོའི་ངག་གིས་བརྗོད་ཡོད་པས་ཀློག་མཁན་ལ་མཉེས་གཤིན་གྱི་ཚོར་བ་ཞིག་སྟེར་བར་བྱེད། བརྗོད་བྱ་བཅོས་མ་ཡིས་ལྷུག་རྩོམ་གྱི་བཅུད་དབྱུང་ཞིང་། དགོས་མེད་ཀྱི་ཚིག་རྒྱན་གྱིིས་ལྷུག་རྩོམ་ལ་རྨ་ཕབ་པས། ཀློག་པ་པོ་ནི་ནམ་ཡང་རྩོམ་པ་པོའི་སེམས་གཏིང་གི་བརྩེ་བ་ངོ་མ་དེ་དང་འཚོ་བ་དངོས་མ་དེ་ཀློག་པར་སྤྲོ་བ་ལས་གཡོ་ཟོལ་དང་ཚུལ་འཆོས་ཀྱི་རྩོམ་རིག་བརྩམས་ཆོས་ལ་སྤྲོ་བ་ཡོད་མི་སྲིད།

དེབ་འདིའི་མགོ《 རྫ་ལུང་གོང་མ》ནས་བརྩམས་ཡོད་པ་ནི་དོན་ལ་རང་ཉིད་ཀྱི་ཕ་ཡུལ་ནས་མགོ་བརྩམས་ཏེ་བྲིས་པ་ཞིག་རེད། རྩོམ་པ་པོ་ཞིག་ལ་མཚོན་ན་རྩོམ་པའི་ལས་ལ་འཇུག་དུས་བརྗོད་བྱ་དེ་རང་ཉིད་དང་། རང་གི་ཕ་ཡུལ་ནས་མགོ་བརྩམས་ཏེ་འབྲི་རྒྱུ་ནི་ཕྱིའི་རྣམ་པ་ནས་དོན་གྱི་སྙིང་བོར་རེག་པའི་ཐབས་མཆོག་ཅིག་ཡིན། དེབ་འདིའི་ནང་དུ་དེ་ལྟར་བྲིས་ཏེབདགདང་འབྲེལ་་ནསབདགགླེང་ཡོད་ལ། གཞན་དང་འབྲེལ་ནས་ཀྱངབདགགླེང་ཡོད་པས། བདག” གླེང་བ་མང་ཞིང་།བདགགླེང་བར་སྤྲོ་བ་ནིབདགགི་རིན་ཐང་དང་རང་ཉིད་ཆེ་བསྟོད་ངོམ་སོ་བྱེད་པའི་ཆེད་དུ་མ་ཡིན་པར། ཀློག་པ་པོསབདགལ་བརྟེན་ནས་འཚོ་བའི་རང་གཤིས་དང་མི་ཚེའི་གནས་ལུགས་རྟོགས་པའི་ཆེད་དུ་རེད།

དེབ་འདིའི་ལྷུག་རྩོམ་རེ་རེ་ནི་འཚོ་བ་ངོ་མ་དང་ཚོར་བ་རྣལ་མ། སེམས་པ་ཞིབ་མོས་བྲིས་ཡོད་པས། ལྷུག་རྩོམ་དེབ་འདི་ཀློག་སྐབས་ཡིད་ལ་དགའ་བ་ཚད་མེད་ཅིག་དང་། བཀླགས་རྗེས་སེམས་ལ་བསམ་གཞིག་ཚད་མེད་ཅིག་བསྐྱེད་འོང་། དེབ་འདི་ལ་འཇུག་བདེ་བ་དང་དེབ་འདིའི་ནང་དོན་དྲིལ་བདེ་བའི་ཆེད་དུ་ངས་དེབ་འདི་ང་དང་ཕ་ཡུལ། ཕ་མ་དང་གཉེན་ཉེ། ཚོར་བ་དང་བསམ་གཞིག་བཅས་ཁག་གསུམ་གྱི་ལམ་ནས་གླེང་བ་ལ།

དང་པོ། ང་དང་ཕ་ཡུལ།

ང་དང་ཕ་ཡུལ་གཉིས་རྟེན་འབྱུང་གི་ཚུལ་དུ་གྲུབ་ཡོད་པས། ཕན་ཚུན་གྱིི་བར་དུ་གཟུགས་མེད་ཀྱི་ཚོར་བ་མང་པོ་ཞིག་གིས་དམ་དུ་སྦྲེལ་ཡོད། རྩོམ་པ་པོ་ཞིག་ཡིན་ཕྱིན་མི་དཀྱུས་མ་དག་ལས་ལྷག་པའི་ཚོར་བ་རྣོན་པོ་ཞིག་དང་བརྩེ་བ་དྲག་པོ་ཞིག དགའ་བ་ཚད་མེད་ཅིག་དང་། དྲན་པ་ལྕི་མོ་ཞིག་ཡོད་ཅིང་། དེ་ནི་རྩོམ་པ་པོས་ཡིད་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་རྩོམ་ཡིག་འབྲི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་རེད། རྩོམ་པ་པོར་དམིགས་བསལ་གྱིས་མངའ་བའི་བརྩེ་བ་ལྷག་མ་དང་དགའ་བ་ལྷག་མ། དུངས་པ་ལྷག་མ་དེ་ང་ཚོས་རྒན་བ་རེས་ལགས་ཀྱི་ལྷུག་རྩོམ་ལས་དངོས་སུ་ཉམས་སུ་མྱོང་ཐུབ།

ཁག་འདིའི་ནང་དུ་རྩོམ་པ་པོའི་འཁྲེང་སེམས་ཀྱིས་བསླངས་པའི་དྲན་གདུང་དང་། དྲན་གདུང་གིས་བསྐྱེད་པའི་ཕྱིར་དྲན་དེ་བྲིས་ཡོད་པ་དང་། བརྩེ་བ་དང་འཁྲེང་བ། དྲན་པ་ནི་ཁག་འདིའི་ལྷུག་རྩོམ་རེ་རེའི་ཡིག་འབྲུའི་གསེབ་ཏུ་ཏིལ་ལ་ཏིལ་མར་བཞིན་དུ་སིམ་ཞིང་། ཏིལ་བཙགས་པ་ལས་བྱུང་བའི་སྣུམ་བཞིན་དུ་འཛག་བཞིན་ཡོད།

ཕ་ཡུལ་ནི་མི་ཞིག་ལ་མཚོན་ན་འཇིག་རྟེན་གསར་དུ་འགྲིམ་པའི་སྒོ་མོ་ཡིན་ལ། དྲན་པ་ཕྱིར་བསྡུ་སའི་ལོག་མལ་ཡང་ཡིན། རེ་བ་དང་འཚོལ་སྙེག དྲན་གདུང་དང་བརྩེ་བ་སོགས་ཀྱི་དབང་གིས་ཕ་ཡུལ་དང་རྩོམ་པ་པོའི་བར་དུ་བཤད་ན་རྫོགས་མཐའ་མེད་པའི་གཏམ་རྒྱུད་མང་པོ་ཞིག་ཡོད་པ་དང་། དེབ་འདིའི་མགོ་ཡང་བསམ་བཞིན་དུ་ཕ་ཡུལ་ནས་བསླངས་ཡོད་ལ། འདི་ལའང་བསམས་ཤིང་བསམ་ན་རྒྱུ་མཚན་མང་པོ་ཞིག་ཡོད་པར་ངེས།

《 རྫ་ལུང་གོང་མ》དང《གཡང་ཁེངས》གཉིས་ནི་བརྗོད་བྱ་གཅིག་ཏུ་འབྲེལ་ཞིང་། རང་གི་སྐྱེས་ཡུལ་དང་སྐྱེས་སྐབས་ཀྱི་དམིགས་བསལ་ལོ་ཟླ་དེ་བརྗོད་ཡོད། རྫ་ལུང་གོང་མ་ནི་རྩོམ་པ་པོའི་སྐྱེས་ཡུལ་ཡིན་པ་དང་། ལྷུག་རྩོམ་འདིའི་ཚན་པ་རེའི་མགོརང་སྐྱེས་སའི་རྫ་ལུང་གོང་མ་ནི་ཤིན་ཏུ་མཐོ་ཞིང་ཧ་ཅང་མཛེས། ང་སྐྱེས་སའི་རྫ་ལུང་གོང་མ་ནི་ཤིན་ཏུ་གཙང་ཞིང་ཧ་ཅང་དྭངས། ང་སྐྱེས་སའི་རྫ་ལུང་གོང་མ་ནི་ཤིན་ཏུ་ཕྱུག་ཅིང་ཧ་ཅང་མཛེསཞེས་བཀོད་ཅིང་། ཚན་པ་རེ་རེའི་མཇུག་ཏུངའི་སྐྱེས་ཡུལ་དུ་གྱུར་པའི་རྫ་ལུང་གོང་མ་འདི་ནི་ནམ་རྒྱུན་རྫ་ལུང་གོང་མའི་ཕ་རོལ་ཚུ་རོལ་ཏུ་གཡོ་ཞིང་འཛུམ་པའི་མིག་དབང་དེ་རྣམས་ཀྱིས་ལྟ་ས་དང་། རྣ་དབང་དེ་རྣམས་ཀྱིས་ཉན་ས་ཡིན་ལ། ད་དུང་སྨྲ་བྱེད་དེ་རྣམས་ཀྱིས་རྒྱུན་ཆད་མེད་པར་མི་གླེང་ཐབས་མེད་བྱུང་བའི་བརྗོད་བྱ་ཡིནཞེས་བཀོད་པའི་ཚིག་རྐང་འདིས་རྫ་ལུང་གོང་མའི་ཕྱིའི་སྣོད་ཀྱི་མཛེས་པ་དང་ཡུལ་དེའི་མི་རྣམས་ཕ་ཡུལ་ལ་དགའ་ཞིང་དུངས་པའི་ནང་སེམས་ཀྱི་ཚོར་བ་དེ་བརྗོད་ཡོད། 《 གཡང་ཁེངས》སུ་ཁོ་སྐྱེས་པའི་ལོ་དེར་ཟས་དཀོན་ལ་འཕྲད་པས་སྡེ་བའི་ནང་གི་རྒན་དར་གཞོན་གསུམ་ལ་མུ་གེ་ཐེབས་ཏེ་མི་ཚང་མའི་འཚོ་བ་ལ་དཀའ་ཁག་ཆེན་པོ་བྱུང་། དེ་ལྟ་བུའི་དུས་སུང་ལྟ་བུའི་བྱིས་པ་ཞིག་སྐྱེས་པ་ནི་བཟའ་མི་རྣམས་དགའ་འོས་པའི་དོན་བཟང་ཞིག་ཡིན་ཞིང་། བཟའ་མི་ཚོས་སེམས་ཁུར་ཆེན་པོ་བྱེད་དགོས་པའི་དོན་ཞིག་ཀྱང་ཡིནཞེས་མདོར་བསྡུས་ལ་ཁ་གསལ་བའི་སྒོ་ནས་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་བརྗོད་ཡོད་ལ། རང་ཉིད་ནར་སོན་པའི་གོ་རིམ་དང་བྱིས་བློའི་དྲན་ཚུལ་དག་ཀྱང་གླེང་ཡོད་པར་མ་ཟད། རྩོམ་གྱི་ཡིག་འབྲུ་རེ་རེའི་གསེབ་ན་ཕ་ཡུལ་ལ་དུངས་པའི་འཁྲེང་སེམས་ཤིག་གིས་ཁེངས་ཡོད།

བྱིས་པ་སུ་ཞིག་ལ་མཚོན་ན་ཡང་ཆུང་དུས་སུ་ཕ་ཡུལ་ནས་མཐོང་བའི་རྒྱང་རིང་གི་རྔམ་བརྗིད་ལྡན་པའི་རི་བོ་དང་། ཉི་མའི་འཆར་ནུབ་སོགས་ལ་མཚར་སྣང་སྐྱེས་མྱོང་ཞིང་། དེ་དག་གི་རྒྱུ་མཚན་དང་གནས་ཚུལ་རྟོགས་འདོད་ཀྱི་འདུན་པ་ཡང་སྐྱེས་མྱོང་ཡོད་ངེས། 《 རྒྱང་ལྟའི་ཁྲོད་ཀྱི་ལྷ་རི》 ནི་བྱིས་དུས་ཀྱི་སེམས་ཁམས་དང་། རི་ཆུའི་རིག་གནས་ཀྱི་ཆེ་བ་མཚོན་པའི་ལྷུག་རྩོམ་ཞིག་ཡིན། རྩོམ་པ་པོས་ཕྱུགས་རྗེས་ནས་རྔམ་བརྗིད་ལྡན་པའི་གངས་རི་དེ་མཐོང་བས་གངས་རི་དེའི་མཛེས་སྡུག་དང་དེའི་ལྐོག་གྱུར་གྱི་གསང་བ་ལ་ཡིད་ཆགས་ཤིང་། ཨ་ཕར་གངས་རི་དེའི་མིང་དྲིས་པ་ནས་གངས་རི་དེའི་བྱིན་རླབས་དང་ནུས་པ་སོགས་རྟོགས་པའི་བརྒྱུད་རིམ་བྲིས་ཡོད་ལ། ལྷ་རི་དེ་དང་འབྲེལ་བའི་གཏམ་རྒྱུད་སྣ་ཚོགས་དང་། ལྷ་རི་དེ་ནི་གངས་རིན་པོ་ཆེ་དང་འདྲ་བར་ཆབ་དང་ཆུ་བོ་རྣམས་ཀྱི་མགོ་ཁུངས་དང་། ཐ་ན་ཡུལ་དེའི་ཚེ་སྲོག་ཀུན་གྱི་མ་མ་ཡིན་པ་བརྗོད་ཡོད།

འབྲོག་པའི་སྐྱས་འདེགས་པ་ནི་འབྲོག་པའི་འཚོ་བའི་ཁྲོད་ཀྱི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད། ཡིན་ནའང《མི་རྒན་སེན་མོའི》 ཁྲོད་ཀྱི་སྐྱས་འདེགས་པ་ནི་དམིགས་བསལ་གྱི་སྐྱས་འདེགས་ཐེངས་ཤིག་རེད། ཐེངས་དེའི་རུ་སྤར་ཡུལ་ནི་རྩྭ་ཆུ་འཛོམས་སའི་སྤང་ཐང་མིན་པར་ཨར་འདམ་དང་རྣོ་ལྕགས་ཀྱིས་གྲུབ་པའི་གྲོང་རྡལ་ཡིན། རུ་གྲོང་རྡལ་དུ་སྤོར་སྐབས་རྩོམ་པ་པོས་བྱིས་དུས་ཀྱི་རྩེད་ཆས་མཐོང་བ་ལ་བརྟེན་ནས་བྱིས་དུས་ཀྱི་འཚོ་བར་ཕྱིར་དྲན་བྱས་ཡོད། མི་རྒན་སེན་མོ་ནི་ཨ་ཕས་རི་ནས་རྙེད་དེ་ཁྱེར་ཡོང་བ་དང་། བྱིས་པ་ཚོ་རྩེད་མོ་རྩེ་དུསམི་རྒན་སེན་མོ་སྦྲ་ཡིན་ཁུལ་བྱས་མྱོང་ལ། སླ་ང་ཡིན་ཁུལ་དང་། ཁྱི་ཁུང་། ཁྱི་རྐོ། ཐལ་གཞོང་ཡིན་ཁུལ་ཡང་བྱས་མྱོང་། ཁོས་འབའ་ཁུག་ལས་མི་རྒན་སེན་མོ་མཐོང་རྗེས་དེ་ལྟར་འདས་དོན་མང་པོ་ཞིག་དྲན་ཞིང་བློས་མ་ཐོངས་པ་ལ། ཨ་མས་ཆུང་དུས་ཀྱི་འབའ་ཁུག་དེ་ཡིས་ཅི་བྱེད། ཕྱིར་ལ་ཕོངས། ད་ལྟའི་བྱིས་པ་འདི་ཚོར་རྩེད་ཆས་རྣམ་པ་སྣ་ཚོགས་ཡོདཅེས་བཤད་པ་དོན་ལ་གནས་མོད། འབའ་ཁུག་དོར་བ་ནི་དོན་ལ་འབའ་ཁུག་དོར་བ་ཙམ་མ་ཡིན་པར་ང་ཚོའི་རྩེད་སྲོལ་ཞིག་དང་གོམས་སྲོལ་ཞིག ཐ་ན་རིག་གནས་ཤིག་དོར་བ་ཡིན། རྩོམ་པ་པོས་ངེད་ཚང་གྲོང་རྡལ་དུ་སོང་ནསྔར་གྱི་དངོས་པོ་རྣམས་མི་མཁོ་བ་ཡིན་ནམ། དེ་རིང་ང་ཚོས་འབའ་ཁུག་དོར། སང་ཉིན་ང་ཚོས་མགོ་སྦྲ་དོར། གནངས་ཉིན་ང་ཚོས་སྒོ་ཕྱུགས་རྣམས་ཀྱང་སེར་སྣ་མེད་པར་དོར་ན། ང་ཚོ་གྲོང་རྡལ་དང་ཡང་ན་གྲོང་ཁྱེར་དུ་སོང་ནས་ཅི་ཞིག་བཟའ། ཅི་ཞིག་བཏུང་། ཅི་ཞིག་གོནཞེས་པ་འདི་ལས་བཟའ་རྒྱུ་དང་བཏུང་རྒྱུ། གོན་རྒྱུ་མེད་པའི་དོན་མ་ཡིན་པར་འཚོ་བའི་གནས་བབ་ཀྱི་འགྱུར་ལྡོག་དེ་ལ་བརྟེན་ནས་བྱུང་བའི་རིག་གནས་ཀྱི་ཆགས་འཇིག་ཅིག་སྟེ། བཟའ་བཏུང་རིག་གནས་དང་གྱོན་ཆས་རིག་གནས། ཡུལ་སྲོལ་རིག་གནས་སོགས་ཀྱིས་མཚོན་པའི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་འཇིག་བཞིན་པའི་ཕངས་སེམས་བསྟན་ཡོད།

རྩོམ་པ་པོས་མི་རྒན་སེན་མོ་ལ་བརྟེན་ནས་ཆུང་དུས་ཀྱི་གཏམ་རྒྱུད་དེ་དག་བཤད་འདོད་ཀྱི་འདུན་པ་དབང་མེད་དུ་སྐྱེས་པ་ནི་འཁྲེང་སེམས་ཤིག་གིས་བསླངས་པའི་ཕྱིར་དྲན་ཡིན་ལ། ཆགས་འཇིག་ཅིག་གིས་བསླངས་པའི་ན་ཟུག་ཀྱང་ཡིན།

གཉིས་པ། ཕ་མ་དང་གཉེན་ཉེ།

ཕ་མ་དང་གཉེན་ཉེ་ནི་རང་དང་འབྲེལ་འདྲིས་ཆེས་མང་བ་དེ་ཡིན་ལ། རང་དང་བག་ཆགས་ཆེས་ཟབ་པ་དེ་ཡང་ཡིན་པས། ཕ་མ་དང་གཉེན་ཉེ་བྲིས་ན་རང་སེམས་ཀྱི་བརྩེ་བ་ངོ་མ་དང་ཚོར་བ་རྣལ་མ་འབྲི་ཐུབ། དེང་རབས་ཀྱི་འཚོ་བའི་འདུ་ཤེས་རུས་པའི་རྐང་དུ་ཆགས་པ་དང་བསྟུན་ནས་ཀློག་པ་པོ་རྣམས་ནི་ཁྱད་མཚར་བའི་རྟོག་བཟོ་ལ་སྤྲོ་བ་མེད་ལ། ཁོ་ཚོས་བཀླག་པར་སྤྲོ་བ་ནི་འཚོ་བ་དངོས་དང་འབྲེལ་ཞིང་ཚོར་བ་རྣལ་མ་བྲིས་པའི་བརྩམས་ཆོས་དག་ཡིན་པ་ལས། འུར་བསྟོད་དང་ཟོལ་གྱིསབཞེངསཔའི་བརྩམས་ཆོས་མིན།

ཁག་འདི་ལས་ཨ་མྱེས་ཀྱི་དྲན་ཤེས་བསྟེན་པའི་སྒམ་བརླིང་དང་། ཞང་བོའི་སྒེར་སེམས་མེད་པའི་ཨུ་ཚུགས། ཕ་མའི་འགྱུར་བ་མེད་པའི་དད་པ། ནུ་བོའི་ཆོག་ཤེས་བསྟེན་པའི་བློ་རྒྱ། ཚ་བོའི་རང་འདོད་ཚ་བའི་དབང་ཤེད་སོགས་གསལ་བོར་མཐོང་ཐུབ་ལ། རྩོམ་ཡིག་འདི་དག་ལ་ཡང་བསྐྱར་བསམ་བློ་གཏོང་སྐབས་དེ་དག་གི་གཤིས་ཀ་ནི་ཁྱིམ་ཚང་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་ཐེ་བའི་རིག་གནས་འདུ་ཤེས་ཤིག་གི་བསྐྱེད་འབྲས་ཡིན་པའི་གནས་ལུགས་ཀྱང་རྟོགས་ཐུབ་པ་ཡིན།

《 ཨ་མྱེས་དང་སྡེ་བའི་ལོ་རྒྱུས》ལས་ཨ་མྱེས་ནི་ས་གནས་ལོ་རྒྱུས་ཀྱི་གླེགས་བམ་ཞིག་ཡིན་པ་དང་། རང་ཉིད་ཀྱིས་ཤེས་པའི་སྡེ་བའི་ལོ་རྒྱུས་དེ་ཡང་གཙོ་བོ་ཨ་མྱེས་ཀྱི་ངག་ལས་ཐོས་ལ། སྡེ་བའི་ལོ་རྒྱུས་རྩོམ་སྒྲིག་བྱེད་སྐབས་ནང་དོན་ཇི་ལྟར་འབྲི་བའི་ཐད་ནས་ཚོ་བ་དག་ཁ་མ་འཆམ་པར་སྡེ་དཔོན་ལ་ལས་དངོས་ཡོད་ཀྱི་བདེན་པ་དང་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་མ་བྱས་པའི་གནས་ཚུལ་བྲིས་ཡོད། འདི་ལྟ་བུའི་གནས་ཚུལ་དང་འགལ་བ་ནི་ང་ཚོའི་མཐའ་སྐོར་དུ་མིག་མཐོང་ལག་ཟིན་དུ་ཡོད་ལ། འགལ་བ་དེ་ནི་དོན་གྱིས་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་མ་བྱས་པར་སྒེར་གྱི་སྙན་གྲགས་དང་ཁེ་ཕན་གྱི་ཆེད་དུ་འཐེན་འཁྱེར་གྱི་ལྟ་ཚུལ་བཟུང་བ་ལས་བྱུང་བ་ཡིན།

ལྷུག་རྩོམ་འདིའི་ནང་དུ་སྡེ་བའི་ལོ་རྒྱུས་རྩོམ་སྒྲིག་བྱེད་སྐབས་འཕྲད་པའི་དཀའ་རྙོག་དང་། སྡེ་མིའི་གུ་དོག་པའི་བསམ་བློ། གྲགས་སྐམ་གཉེར་འདོད་ཀྱི་སྒེར་སེམས་བཅས་དམར་རྗེན་དུ་བྲིས་ཏེ། བདེན་པ་དང་དོན་དངོས་རྒྱབ་ཏུ་དོར་ནས་ལོ་རྒྱུས་གསར་རྩོམ་བྱེད་པའི་གནས་ཚུལ་ནི་གནའ་དུས་སུ་ཡོད་ལ་དེང་དུས་སུའང་ཤིན་ཏུ་མང་མོད། ལོ་རྒྱུས་ནི་བྱུང་ཟིན་པའི་དོན་རྐྱེན་དག་དངོས་ཡོད་གནས་སྟངས་ཇི་བཞིན་ཐོ་འགོད་བྱེད་རྒྱུ་དེ་ཡིན་པས། ཡག་ཀྱང་བཙོག་ཀྱང་འབྲི་མཁན་གྱིས་བཟོ་བཅོས་རྒྱག་མི་རུང་བའི་གནས་ལུགས་དེ་བརྗོད་ཡོད།

《 ཞང་བོ་དང་མཛོ་ལུང་ཕྱུགས་ར》ཡི་ནང་དུ་ཨུ་ཚུགས་ཆེ་བའི་ཞང་བོ་ཡིི་སྒེར་སེམས་མེད་པའི་རང་གཤིས་དེ་བྲིས་ཡོད་ལ། མཛོ་ལུང་ཕྱུགས་ར་ནས་བྱུང་བའི་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་སྣ་ཚོགས་ལ་བརྟེན་ནས་ཞང་བོའི་མི་ཚེ་གཅིག་གི་ལས་དབང་དེ་མཛོ་ལུང་ཕྱུགས་རར་གཏད་པའི་ངང་ཚུལ་དེ་བྲིས་ཡོད། ཞང་བོའི་མི་ཚེ་ནི་ལོ་རྒྱུས་འཕེལ་འགྱུར་གྱི་བསྡུས་གཟུགས་ཤིག་ཡིན་ལ། དཀའ་སྡུག་ཡོད་ཚད་འཁུར་ཐུབ་པའི་བུ་སྙིང་རུས་ཅན་ཞིག་གི་རང་ཚུགས་ཀྱང་ཡིན། དེ་ལྟར་ཞང་བོའི་མིང་ལའངམི་རྐྱང་བསམ་ལོ་དང་འབྲི་བཞོ་བསམ་ལོ”“ཨ་ཁུ་བསམ་གྱོལ”“གཉིད་མེད་བསམ་ལོཞེས་འདྲ་མིན་བཏགས་པ་དང་། ཡངམཛོ་ལུང་གནག་ལ་དོ་ཡ་མེད། བསམ་ལོ་འཐེང་བོར་འགྲན་ཡ་མེད་དང་། ས་མཛོ་ལུང་ཕྱུགས་ཀྱི་ཕ་ས་རེད། ཕྱུགས་འཕེལ་དུས་བསམ་ལོ་སྐྱིད་པོ་རེད། ས་མཛོ་ལུང་མི་རྟག་སྒོམ་ས་རེད། སྐྱིད་མི་རྟག་ཉི་མ་ནུབ་ས་རེད། སྐྱིད་ཡལ་དུས་མཛོ་ལུང་སྟོང་བ་རེད། སྡེ་ཆེ་ཆུང་གཉིས་ཀ་གཤར་ཤུལ་དུ། ལས་ངན་པ་བསམ་ལོ་འཐེང་བོ་རེདཅེས་པ་སོགས་ནི་ཁོའི་སྐྱིད་ལ་སྡུག་པའི་མི་ཚེ་མཚོན་པའི་བསྡུས་གཟུགས་ཤིག་ཡིན། གཞན་གྱིས་བལྟས་ན་ཞང་བོའི་འཚོ་བར་སྐྱོ་གར་གྱིས་ཁེངས་ན་ཡང་ཞང་བོ་ལ་མཚོན་ན་རང་གི་འདོད་པ་ལྟར་བྱུང་བ་དེ་ནི་བདེ་སྐྱིད་ཅིག་ཏུ་སེམས་ཡོད།

 ཨ་མ་དང་སྒྲོལ་མའི་ཁ་ཏོན》ནི་མིའི་བརྩེ་བ་སྒུལ་ཐུབ་ཅིང་། མིའི་སེམས་ཀྱི་སྙི་སར་རེག་ཐུབ་པའི་རྩོམ་ཡིག་ཅིག་རེད། རྩོམ་པ་པོས་ཁོ་ཕ་ཡུལ་ལ་སྐོར་རྒྱག་ཏུ་འགྲོ་བ་ནི་ཕ་ཡུལ་གྱི་རི་ཆུ་ལ་དུངས་པས་ཡིན་ལ། དེ་ལས་ཀྱང་ཕ་ཡུལ་ན་བཀའ་དྲིན་གཞལ་ཐབས་བྲལ་བའི་དྲིན་ཆེན་མ་ལོ་ཡོད་པའི་རྐྱེན་ཡིན་པ་བརྗོད་ནས་རྩོམ་གྱི་མགོ་བསླངས་ཡོད་པ་དང་། རྩོམ་ཡིག་འདིར་ཨ་མ་དང་ཨ་མའི་ཁ་ཏོན་དང་འབྲེལ་ནས་རྩོམ་གྱི་བརྗོད་བྱ་ཧྲིལ་པོ་མཐར་བཀྲམ་ཡོད་ཅིང་། མི་ཚེ་གང་བོར་ལྷ་གཅིག་ལ་གསོལ་བ་བཏབ་ཅིང་ལམ་གཅིག་ལ་རྡོག་པས་མནན་པའི་ཨ་མའི་མི་ཚེ་ཧྲིལ་པོའི་གཏམ་རྒྱུད་རྩོམ་འདིའི་ནང་དུ་བསྡུས་ཤིང་ཁ་གསལ་བའི་སྒོ་ནས་བྲིས་ཡོད།

ཕ་མ་ནི་བྱིས་པ་ཚོ་གཏན་དུ་ལྡོག་ཆོག་པའི་ཁྱིམ་གཞིས་དེ་ཡིན་པ་དང་། བྱིས་པ་ཚོས་ཁྱིམ་གཞིས་དེ་ནས་ད་གཟོད་ལུས་སེམས་ལྷོད་ལ་བབས་པའི་འཚོ་བ་ཞིག་ལོངས་སུ་སྤྱད་ཆོག རྒས་ཤིང་འཁོགས་པའི་ཕ་མར་མཚོན་ན་ཆེས་ཆེ་བའི་རེ་བ་ནི་བྱིས་པ་ཚོ་བདེ་ཐང་ངང་གམ་དུ་ལོག་རྒྱུ་དེ་ཡིན་ལ། ཤ་དར་ཁྲག་དར་གྱི་བྱིས་པ་ཚོར་མཚོན་ན་ཕ་མར་སྐོར་རེ་བརྒྱབ་པ་ནི་དྲིན་གཟོ་ཞིག་གི་དོད་ཡིན་ལ། ཁྲེལ་ཡོད་གཞུང་བཟང་ཞིག་གི་གཤིས་ཀྱང་ཡིན་པས། རྒས་ཤིང་འཁོགས་པའི་ཕ་མར་མཚོན་ན་བྱིས་པ་ཚོ་མིག་ལམ་དུ་མངོན་པ་ནི་སེམས་ཀྱི་དྲོད་ཐིག་ཅིག་ཡིན། ད་ལྟ་རྒྱང་རིང་གི་འཇིག་རྟེན་འགྲིམ་པའི་ན་གཞོན་དག་ལ་མཚོན་ན་འདི་ལྟར་ཕ་མ་ཡིད་ལ་དྲན་ཞིང་། ཕ་ཡུལ་སེམས་ལ་བཅངས་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། རྩོམ་ཡིག་འདི་ནི་དྲན་སྐུལ་གྱི་ཅོང་བརྡ་ཞིག་ཀྱང་ཡིན་ནོ།།

《 ནུ་བོ་དང་མགོ་སྦྲ་སྨུག་པོ》 ལས་མགོ་སྦྲ་སྨུག་པོ་དང་འབྲེལ་ནསདང་མིང་སྲིང་ཚོའི་བྱིས་དུས་ཀྱི་སྤྲོ་སྣང་དེ་བྲིས་ཡོད། འབྲོག་ཁྱིམ་ཞིག་གི་བུ་ཆེ་མགོ་ཡིན་པའི་ཁོ་ཆུང་དུས་མིང་སྲིང་ཚོ་དང་མཉམ་དུ་རྩེད་འཇོར་གཡེང་དུས་སྦྲ་རྒན་གྱི་བདག་པོ་ཡིན་ནའང་། ནར་སོན་རྗེས་སློབ་གྲྭར་སོང་སྟེ་བྱ་བར་ཞུགས་པས། ཁོས་མགོ་སྦྲ་སྨུག་པོ་ཞིག་གི་གཞི་འཛིན་དང་བདག་པོ་བྱེད་མ་ཐུབ། ཁོ་ཚང་གི་མགོ་སྦྲ་སྨུག་པོ་དེ་ཕྱིས་སུ་སྡེ་བའི་ཁྲོད་ནས་སྨུག་ཡོར་རེར་ཕུབ་པ་ནི་ནུ་བོའི་བཀའ་དྲིན་ཡིན་པ་དྲན་ཞིང་། ཁོས་ཕ་ཤུལ་བུ་ཡིས་འཛིན་མ་ཐུབ་པའི་གནོང་འགྱོད་དང་། ནུ་བོས་མགོ་སྦྲ་སྨུག་པོ་དེའི་ཚེ་སྲོག་མུ་ནས་མུ་རུ་བསྲིངས་པའི་བཀའ་དྲིན་དྲན་གྱིན་ཡོད་པ་དང་། བཀའ་དྲིན་དྲན་དོན་ནི་ནུ་བོས་སྦྲ་ནག་གི་ཚེ་སྲོག་བསྲིངས་པ་དེས་སྦྲ་ནག་ཙམ་མ་ཡིན་པར་སྦྲ་ནག་དང་འབྲེལ་བའི་རིག་གནས་དང་གོམས་སྲོལ་མང་པོ་ཞིག་རྒྱུད་འཛིན་བྱས་ཡོད་པའི་རྐྱེན་ཡིན།

《 ཚ་བོའི་རྩེད་ར》ཞེས་པ་ལས་མེས་དབོན་གཉིས་ཀྱི་བར་ཐག་སྟེ། གོམས་སྲོལ་གྱི་བར་ཐག་དང་རིག་གནས་ཀྱི་བར་ཐག དགའ་ཕྱོགས་ཀྱི་བར་ཐག་དང་སེམས་ཁམས་ཀྱི་བར་ཐག་དེ། རྩོམ་པ་པོས་གཟུགས་ཅན་གྱི་དངོས་པོ་སྟེ་རྩེད་ཆས་ལ་བརྟེན་ནས་བྲིས་ཡོད། ཚ་བོའི་རྩེད་ཆས་ནི་དེང་རབས་ཀྱི་འཕྲུལ་ཆས་ཡིན་ཞིང་། འཕྲུལ་ཆས་དེ་དག་ནི་དོན་གྱིས་འཕྲུལ་ཆས་དེ་ལས་འདའ་མི་ཐུབ་ཅིང་། ཨ་མྱེས་ཆུང་དུས་ཀྱི་རྩེད་ཆས་ནི་རྡེའུ་ཡིན་ན་ཡང་། རྡེའུ་དེ་དག་འབའ་བྱས་ཆོག་ལ། རྟ་དང་ནོར། ལུག་གི་དོད་ཀྱང་བྱས་ཆོག་པས། ཨ་མྱེས་ཀྱི་རྩེད་ཆས་དེ་དག་ནི་སྤྱིར་རང་ག་བ་ཞིག་ཡིན་ལ་དམིགས་བསལ་གྱི་རང་ག་བ་ཞིག་མིན་པ་ཡང་བརྗོད་ཡོད།

ཚ་བོའི་ཡིད་ལ་རྟ་ནོར་ལུག་གསུམ་གྱི་དབྱེ་བ་མ་འཁོར་བ་ནི་ཨ་མྱེས་ཀྱི་སེམས་ཀྱི་ན་ཟུག་ཅིག་ཡིན་པས་ཚ་བོར་སྡིགས་མོ་བྱས་ཀྱང་། དོན་ལ་ཚ་བོ་ཨ་མྱེས་ལས་ལྡབ་འགྱུར་གྱིས་བཙན་པས། མཇུག་མཐར་ཨ་མྱེས་ཀྱིས་ཚ་བོར་རང་སྐྱོན་ངོས་ལེན་བྱེད་དགོས་ཤིང་། ཚ་བོའི་དབང་ཤེད་ལ་མགོ་སྒུར་བ་འདི་ནི་དོན་གྱིས་རིག་གནས་ཤིག་དང་ཡུལ་སྲོལ་ཞིག་འཇིག་པར་མགོ་སྒུར་བའི་སྒུར་སྟངས་ཤིག་ཡིན་པ་དང་། ང་ཚོའི་མི་རིགས་དང་རིག་གནས་འཇིག་པའི་འཇིག་སྟངས་ཤིག་ཀྱང་ཡིན།

དགེ་རྒན་བ་རེས་ཀྱི་ལྷུག་རྩོམ་འདི་དག་བོད་ཀྱི་རིག་གནས་དང་ནང་སྒོས་སུ་འབྲོག་པའི་ཡུལ་སྲོལ་གོམས་གཤིས་ལ་ཆ་རྒྱུས་ཡོད་པའི་མི་ཞིག་གིས་བཀླགས་ན་རང་དང་སྙིང་ཉེ་བ་དང་རང་གི་བྱིས་དུས་ཀྱི་འཚོ་བ་བརྗོད་པ་དང་འདྲ་བས། བཀླགས་ཀྱིན་བཀླགས་ཀྱིན་ཡིད་ལ་སྤྲོ་བ་འཕེལ་བ་དང་ངར་ཤུགས་བསྐྱེད་སྲིད། རྩོམ་པ་པོའི་ཚོར་བ་རྣོན་པོ་ཞིག་དང་འཁྲེང་སེམས་ལྕི་མོ་ཞིག་ཕ་ཡུལ་དང་དམ་དུ་འབྲེལ་ཡོད་པ་ནི་དེབ་འདིའི་བྲོ་བ་ཞིག་ཏུའང་ངོས་བཟུང་ཆོག

གསུམ་པ། ཚོར་བ་དང་བསམ་གཞིག

ཚོར་བ་དང་བསམ་གཞིག་ལ་བརྟེན་ནས་རང་གི་དྲན་ཚུལ་དང་དགའ་སྐྱོ་ཆགས་སྡང་ཐད་ཀར་བརྗོད་ཆོག་ལ། གཞན་གྱི་བསམ་ཚུལ་དང་ལྟ་བ་ལ་དགག་བཞག་ཀྱང་བྱས་ཆོག ཚོར་བ་དང་བསམ་གཞིག་ནི་རྩོམ་པ་པོ་ཞིག་ལ་མཚོན་ན་བྱ་རྒོད་པོའི་གཤོག་ཟུང་དང་འདྲ་བར་དེ་གཉིས་གང་ཡང་ཆད་མི་རུང་ལ། དོན་གྱིས་རྩོམ་རིག་བརྩམས་ཆོས་ཡོད་ཚད་ནི་ཚོར་བ་དང་བསམ་གཞིག་གིས་གྲུབ་པ་ཡིན། ཚོར་བ་དང་བསམ་གཞིག་དེ་ཡང་རྒྱུ་རྐྱེན་གང་རུང་ཞིག་ལ་བརྟེན་ནས་མཆེད་ཅིང་འཕྱུར་བར་བྱེད་པ་ཡིན་ལ། རྒན་བ་རེས་ལགས་ཀྱི་སེམས་ཁོང་ན་དྲག་ཏུ་འཁྱོམ་པའི་བརྩེ་དུངས་ཀྱི་མེ་སྟག་དེ་ཉིད་བརྩེ་བའི་སེམས་ཚོར་ལ་བརྒྱུས་འདུག

《 གཉིད་གུང་གི་ཧྲག་ཉན》ལྟ་བུར་མཚོན་ན་རིག་པ་ཆོས་ཉིད་ཀྱི་ངང་ནས་མ་གཡོས་པས། དོན་ལ་གཉིད་ལས་སད་དུས་རྨི་ལམ་དེ་མེད་མོད། རྨི་ལམ་འདི་ནི་སྤྱི་ཚོགས་ཀྱི་རང་གཤིས་ངོ་མ་དེ་ཡིན་པས། གཉིད་ལས་སད་ཀྱང་རྨི་ལམ་འདི་ལས་ནམ་ཡང་སད་ཐབས་མེད་པས། ང་ཚོས་དེའི་དོན་ལ་བསམ་གཞིག་བྱེད་དགོས་ཤིང་། ཞིབ་ཏུ་བསམས་ན་ཡོད་ཚད་ནི་རེ་དོགས་ཀྱིས་ཁེངས་པའི་འདོད་པ་མ་ཚིམས་པ་ལས་བྱུང་བ་དང་། འཇིག་རྟེན་འདིའི་དགེ་སྡིག་ཡོད་ཚད་ཀྱང་རེ་དོགས་ཀྱི་འདོད་པ་ལ་བརྟེན་ནས་བྱུང་བའི་གནས་ལུགས་དེ་བསྟན་ཡོད།

《 སེམས་པ་འདི་ལྟར་འཕྱོ་དུས》ཞེས་པར་རྩོམ་པ་པོ་ཡུན་རིང་འཚོ་སྡོད་བྱས་མྱོང་བའི་གྲོང་ཁྱེར་དང་ཁ་འབྲལ་སྐབས་ཀྱི་འཆར་སྣང་དང་སེམས་ཚོར་ཏེ།ས་སྟེང་ན་ཆུ་བོ་བཞུར་གྱིན་འདུག བར་སྣང་ན་ཆུ་ངོས་སུ་འཕོས་པའི་ཉི་མ་དེ་བཞུར་གྱིན་འདུག གནམ་ས་གཉིས་ཀྱི་བར་ན་འབབ་པའི་ཆུ་བོ་དེར་བསྔས་པའི་ངའི་དྲན་འཆར་ཡོད་ཚད་ཀྱང་བཞུར་གྱིན་འདུགཅེས་ཡོད་ཚད་འཕྱོ་བའི་རྣམ་པའམ་འགུལ་བའི་རྣམ་པས་བསྟན་ཞིང་།ང་སྐྱོ་དུས་ཆུ་ངོགས་དེར་ཡོང་ནས་མིག་ཆུ་འཕོས་མྱོང་ཞིང་། ང་དགའ་དུས་ཀྱང་ཆུ་ངོགས་དེར་ཡོང་ནས་སྤྲོ་བ་བསང་མྱོང་བ་དང་། གནས་འདི་ནི་ང་གཞོན་དུས་ཀྱི་ལང་ཚོའི་ཕུགས་བསམ་འཛུགས་ས་དང་། དར་མའི་དུས་སུ་དགེ་བའི་ལས་ཀྱི་ས་བོན་འདེབས་ས་དང་འབྲས་བུ་སྡུད་ས་ཡིན། གནས་དེ་ན་ངའི་མིག་གིས་ལྟ་ས་ཡོད། གནས་དེ་ན་ངའི་རྣ་བས་ཉན་ས་ཡོད། གནས་དེ་ན་རེ་བ་འཆའ་ས་ཡོདཅེས་སེམས་ཀྱི་འཇགས་ཐབས་བྲལ་བའི་ཚོར་སྣང་དེ་ལས་དུངས་པ་དང་སྐྱོ་བ། འཁྲེང་བའི་སེམས་པ་དཀྱུས་གཅིག་ཏུ་བསྟན་ཡོད།

བོད་ཀྱི་རིག་གནས་ལ་ཆ་རྒྱུས་ཡོད་པའི་མི་ཞིག་ཡིན་ཚེ་བར་དོ་ཞེས་པའི་མིང་འདི་ལ་ཆ་རྒྱུས་ཡོད། 《 བར་དོ》 ནི་གནས་ལུགས་དང་སེམས་ངོ་སྤྲོད་པའི་རྩོམ་ཡིག་ཅིག་རེད། རྩོམ་ཡིག་འདི་ཀློག་པའི་སྐབས་གློ་བུར་སེམས་ངོ་དཀར་སིང་ངེར་འགྱུར་ཞིང་། དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ་སྙམ་པའི་རྟོག་པ་ཞིག་དབང་མེད་དུ་སྐྱེས་འོང་། ཁོས་རྩོམ་ཡིག་འདིར་རང་ཉིད་བར་དོའི་ཁམས་སུ་འཆམ་འཆམ་བྱས་པ་དང་དེའི་མཐོང་ཐོས་མྱོང་གསུམ་བྲིས་ཡོད་པས། རྩོམ་ཡིག་འདི་བཀླགས་ཀྱིན་བཀླགས་ཀྱིན་ཡིད་ལ་འཚོ་བའི་གནས་ལུགས་ཤིག་དང་། རྟོག་པའི་འཆར་སྒོ་ཞིག དྲན་པའི་ཚོར་འདུ་ཞིག་ངང་ངམ་ཤུགས་ཀྱིེས་བསྐྱེད་འོང་བ་དང་། ངས་བར་དོར་འཆམ་འཆམ་བྱེད་དོན་ནི་འཇིག་རྟེན་མི་ཡུལ་འདིར་བར་དོའི་གནས་སུ་འཁྱམས་ཤིང་ལུས་ཏེ་ཡོད་པ་དང་འདྲ་བའི་སེམས་ཁོང་གི་རུ་སྡེ་དེའི་ཆེད་དུ་ཡིན་ཞིང་། འཇིག་རྟེན་མི་ཡུལ་དུ་བར་དོའི་གནས་སྐབས་སུ་འཁྱམས་ཤིང་ལུས་ཏེ་ཡོད་པ་དང་འདྲ་བའི་སྙིང་ཁོང་གི་རིགས་རྒྱུད་དེའི་དོན་ཡིན་ཞེས་ཕ་ཡུལ་དང་མི་རིགས་ལ་བཅངས་པའི་དུངས་པ་དེ་བྲིས་ཡོད་ལ། དུངས་པ་དེས་བསྐྱེད་པའི་སེམས་ཀྱི་ན་ཟུག་དེ་ཡང་བྲིས་ཡོད།

བཞི་པ། མཇུག་སྡུད་པ།

དེབ་འདི་ཐེངས་ཤིག་ཀློག་དུས་ཚོར་བ་ཆ་འདྲ་ཞིག་དང་དྲན་པ་ཆ་འདྲ་ཞིག་གིས་ཡིད་སེམས་ཡོངས་སུ་གཡོས་ཏེ། འཚོ་བ་དང་ལྟེ་ཐག་དམ་དུ་འབྲེལ་བའི་རྩོམ་ཡིག་འདི་དག་གི་ཀློང་དུ་རང་ཉིད་སིམས་པར་གྱུར་པས། དེབ་འདིའི་ཞན་ཆ་ཞེས་ཡིད་ལ་ཏོག་སེ་ཅི་ཡང་མ་དྲན་ན་ཡང་། དེབ་འདི་ལ་ཡང་བསྐྱར་བསམ་བློ་གཏོང་སྐབས་རྩོམ་པ་པོས་རང་དང་སྤྱི་ཚོགས། རང་དང་མི་གཞན། རང་དང་རང་བྱུང་། རང་དང་རང་གི་གཉུག་གཤིས་དང་འབྲེལ་བའི་ཐད་ནས་གཏིང་ཟབ་པའི་སྒོ་ནས་བྲིས་པ་ཉུང་ཞིང་ཚོར་བ་ཡོད་ཚད་ཀྱང་ཅུང་རགས་པའི་སྣང་བ་སྟེར་ཞིང་། ཕུགས་བསམ་དང་དངོས་ཡོད་ཁ་མི་འཕྲོད་པའི་འགལ་འདུ་དང་། དེ་ལས་བྱུང་བའི་གནས་ལུགས། མི་དང་མིའི་བར་གྱི་རྙོག་འཛིང་ཆེ་བའི་འབྲེལ་བ། ཁེ་ཕན་གྱི་མདུན་དུ་རང་ཚུགས་སྲུང་དཀའ་བའི་སྣང་ཚུལ་སོགས་ཞིབ་ཅིང་གསལ་བའི་སྒོ་ནས་འབྲི་ཐུབ་ཚེ་སྔར་ལས་ལེགས་པར་སེམས།

ལྷུག་རྩོམ་ནི་ཀློག་པ་པོར་བསམ་བློའི་ངར་ཤུགས་སྟེར་ཐུབ་པ་དང་། འཚོ་བའི་གནས་ལུགས་ཐད་ཀར་རྟོགས་སུ་འཇུག་པའི་རྩོམ་ལུས་ཤིག་ཡིན་པས། མིའི་གཉུག་གཤིས་མཚོན་པ་དང་འཚོ་བའི་གནས་ལུགས་བཤད་པ། རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་ངོ་བོ་སྟོན་པ་སོགས་ཀྱི་བརྗོད་བྱ་སྔར་ལས་གཏིང་ཟབ་པའི་སྒོ་ནས་འབྲི་ཐུབ་ཚེ། ཀློག་པ་པོར་བསམ་བློའི་ངར་ཤུགས་དང་རྟོག་པའི་བློ་བསྐྱེད་ཅིག་རང་ཤུགས་ཀྱིས་སྟེར་ཐུབ། རེ་བ་ཞིག་ཡོད་པ་ནི་རྩོམ་པ་པོས་མུ་མཐུད་དུ་སྤྱི་ཚོགས་ཀྱི་རང་གཤིས་ངོ་མ་དང་། མིའི་གཉུག་གཤིས་རྣལ་མ། འཚོ་བའི་ཐོབ་ཤོར་དང་འགལ་འབྲེལ་སོགས་མཚོན་པའི་རྩོམ་ཡིག་འབྲི་ཐུབ་ཚེ། ལྷུག་རྩོམ་གྱི་སྟོབས་ཤུགས་དང་ལྷུག་རྩོམ་གྱི་འགུགས་ཤུགས་སྔར་ལས་མངོན་ཐུབ་པར་འདོད།

ཁོང་གི་ལྷུག་རྩོམ་དེབ་འདིའི་ནང་ཡུལ་སྐད་དང་ལུང་སྐད་བཀོལ་བ་ཅུང་མང་ལ། ཡུལ་སྐད་དང་ལུང་སྐད་ཀྱི་ལམ་ནས་བྲིས་པ་དེས་རང་གིས་བརྗོད་འདོད་པ་དེ་གསལ་རྗེན་དུ་མཚོན་པའམ། སྐད་ཆ་གང་དེར་ཤན་སྟོབས་ཡོད་པའི་སྣང་བ་སྟེར་ནའང་། མིང་བརྡ་དེ་དག་རང་དགར་སྦྱར་ཚེ་ཕན་ལས་གནོད་པ་ཆེ་བས་འདི་ལ་འང་ཞེ་ཟོན་བགྱིད་དགོས་ཏེ། 《 དུས་འཁོར་རྒྱུད》ལསཡུལ་གྱི་སྐད་ཀྱིས་ཆོས་གོ་ན།། བསྟན་བཅོས་སྐད་ཀྱིས་ཅི་ཞིག་བྱ།ཞེས་གསུངས་པའི་དོན་འདི་རང་གཞན་གང་གིས་ཀྱང་ཐུགས་ལ་འཛིན་དགོས།

གོང་དུ་འཁོད་པའི་དྲན་པ་དང་ཚོར་བ་འདི་དག་ནི་ཕྲན་གྱིས་དེབ་འདི་བཀླགས་པའི་མྱོང་བ་དང་ཚོར་སྣང་ཡིན་ལ། སྒེར་གྱི་མྱོང་ཚོར་དེ་སྤྱི་ལ་ཁྱབ་པའི་ངེས་པ་མེད་ཅིང་རང་གིས་གང་དྲན་ཡི་གེར་བཀོད་པ་འདི་ལ་གལ་ཏེ་ལོག་བཤད་དང་ཉོག་བཤད། ཉེས་བཤད་ཀྱི་ཆ་ཡོད་ན་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་ཡོ་བསྲང་མཛད་པར་ཞུ།།

སྤྱི་ལོ2017ལོའི་ཟླ11པའི་ཚེས8ལ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1