བོད་རིག་པའི་སློབ་གླིང་གི་བསླབ་ཚན་བཀོད་སྒྲིག་ཐད་ཀྱི་བསམ་གཞིག་འགའ།
གསར་བརྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22
རྩོམ་སྒྲིག་པའི་གཏམ།
གསར་བརྗེ་ནི1975ལོར་དཀར་མཛེས་བོད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། 1998ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཁག་ནས་དངོས་གཞི་མཐར་ཕྱིན་ཅིང་ཆེད་ལས་ཆོས་ལུགས་རིག་པ་ཡིན། 1998ལོར་པེ་ཅིན་སློབ་གྲྭ་ཆེན་མོའི་ཆོས་ལུགས་རིག་པའི་སྡེ་ཁག་ཏུ་ཞུགས་ནས། ཆོས་ལུགས་ཞིབ་འཇུག་ཆེད་ལས་ལ་སློབ་གཉེར་གནང་ཞིང་། སྔ་ཕྱིར་རབ་འབྱམས་པའི་བསླབ་གནས(2011ལོ)དང་འབུམ་རམས་པའི་བསླབ་གནས(2005ལོ)བླངས། 2001ལོ་ནས2002ལོའི་བར་སྐབས་སུ་ནོར་ཝེ་ཨོ་སི་ལོལ་མཐོ་རིམ་ཞིབ་འཇུག་ལྟེ་གནས་སུ་ཨ་ཧྥི་ཧན་གྱི་ས་འོག་ནས་ཐོན་པའི་དུས་སྔའི་ནང་བསྟན་དཔེ་བཤུས་མའི་ཞིབ་འཇུག་གི་ལས་ཀར་ཞུགས། 2003ལོ་ནས2004ལོའི་བར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་། སི་ཁྲོན་སྡེ་དགེ་རྫོང་སེར་ལྔ་རིག་ནང་བསྟན་སློབ་གླིང་དུ་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་དང་བརྟག་དཔྱད་གནང་། མིག་སྔར་པེ་ཅིན་སློབ་གྲྭ་ཆེན་མོའི་ཕྱིའི་སྐད་ཡིག་སློབ་གླིང་གི་ཨེ་ཤ་ཡ་ལྷོ་མའི་སྡེ་ཁག་དང་། སཾསྐྲྀཏའི་ཏ་ལའི་ལོ་མའི་ཆོས་དཔེ་དང་ནང་བསྟན་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་སློབ་དཔོན་ཆེན་མོ་གཞོན་པ་ཡིན། ཞིབ་འཇུག་གི་ཁྱབ་ཁོངས་གཙོ་བོ་ནི་སཾ་བོད་རྒྱ་གསུམ་ཤན་སྦྱར་ཞིབ་བསྡུར་བྱེད་པ་གཞིར་བཟུང་སྟེ། ནང་བསྟན་ཚད་ལྡན་ཡིག་ཆ་རིག་པ་དང་། ནང་བསྟན་མཚན་ཉིད་རིག་པ། རྒྱ་གར་དང་བོད་ཀྱི་རིག་གནས་བརྗེ་རེས་སོགས་ཡིན། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གླིང་གི་ཐེབས་རྩ 《大方等大集经》(པར་སྐྲུན་བྱས་ཟིན)ལ་འགན་ཁུར་བ་དང་། དབྱི་ཐ་ལིའི་སྐད་གྲགས་ཆེ་བའི་ཤར་ཕྱོགས་རིག་པ་སྨྲ་བ་ཐུའུ་ལྗེ་མཆོག་གི་པོད་བདུན་གྱི་བདག་ཉིད་ཅན་གྱི“Indo-tibetica”(རྒྱ་འགྱུར་དེབ་ལ 《梵天佛地》 ཞེས་བཏགས་ཡོད)བསྒྱུར་བ་དང་མཆན་འགྲེལ་འགོད་པའི་ལས་ཀར་ཞུགས། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་དུས་དེབ་སྟེང་རྩོམ་ཡིག་བཞི་བཅུ་ལྷག་སྤེལ་ཡོད། མདོར་ན་ཁོང་ནི་ད་ལྟ་པེ་ཅིན་སློབ་ཆེན་ན་དགེ་རྒན་གྱི་བྱ་བ་གཉེར་བའི་བོད་རིགས་གཅིག་པུ་དེ་ཡིན་ནོ། ། ཞེས་རྩོམ་སྒྲིག་པས་འོས་སྦྱོར་བྱས་པ་ཡིན།
ཉེ་བའི་ལོ་འདི་འགར་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་འཕེལ་རྒྱས་སུ་ཕྱིན་ཅིང་། སྤྱིའི་འཐབ་ཇུས་བཀོད་སྒྲིག་བྱེད་སྟངས་ལེགས་སྒྲིག་བྱས་པ་དང་བསྟུན་ནས། བོད་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཡང་འགྲན་གསར་པ་བསླངས་ཡོད། བོད་ཁུལ་གྱི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་ཞིག་ལ་མཚོན་ན། མིག་སྔར་གྱི་གནས་བབ་གསར་པ་ལ་ཇི་ལྟར་གདོང་གཏོད་རྒྱུ་ནི། ང་ཚོའི་མདུན་དུ་ལྷགས་པའི་ཁ་ཚ་དགོས་གཏུག་གི་འོས་འགན་ཞིག་རེད། ངས་རང་ཉིད་ཀྱི་སློབ་གཉེར་དང་ཕྱིས་སུ་སློབ་ཁྲིད་བྱས་པའི་མྱོང་བརྒྱུད་གཉིས་ཟུང་འབྲེལ་བྱས་ཏེ། འདིའི་ཕྱོགས་ལ་རང་ཉིད་ཀྱི་ངོས་ཟིན་རགས་ཙམ་བརྗོད་འདོད་པ་ཡིན།
དང་པོ། རིག་གཞུང་ཚན་ཁག་གི་གནས་ཐིག་གཏན་ཁེལ་བྱེད་པའི་གནད་དོན།
ཀུན་གྱིས་ཤེས་གསལ་ལྟར། བོད་རིག་པ་ཡང་རྒྱའི་རིག་པ་དང་འདྲ་བར་ཆེད་གཉེར་གྱི་རིག་གཞུང་ཚན་ཁག་ཅིག་གི་དོན་སྤྱི་ཞིག་ཡིན་པའི་ཆ་ནས། ཆེས་ཐོག་མར་ནུབ་ཕྱོགས་པས་བཏོན་པ་ཡིན་ཏེ། དེ་ནི་བོད་ཀྱི་རིག་གནས་ཁྱོན་ཡོངས་སུ་ཞིབ་འཇུག་བྱེད་པ་སྟེ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཕྱོགས་སོ་སོ་དེའི་ཁོངས་སུ་འདུས་པ་ལ་གོ དོན་དངོས་དང་མཐུན་པར་བཤད་ན། རྒྱའི་རིག་པ་དང་བོད་རིག་པ་གང་དང་གང་ཡིན་རུང་། དེ་ལྟར་མིང་དུ་བཏགས་ནས་བསྟན་པ་དེ་ཁྱབ་ཆེ་དྲགས་འདུག་པས་དོན་སྙིང་ནན་མོའི་སྟེང་གི་རིག་གཞུང་ཚན་ཁག་གི་དབྱེ་བ་དེ་གཏན་ནས་མཚོན་མི་ཐུབ། དེ་བས་རྒྱའི་རིག་པར་གྲགས་པ་འདི་ནི་སློབ་གསོ་པུའུ་ཡི་རིག་གཞུང་ཚན་ཁག་གི་བཀོད་སྒྲིག་ཐོག་དེའི་རྗེས་ཤུལ་ཙམ་ཡང་མཐོང་རྒྱུ་མེད་ཅིང་། མཐོང་ཐུབ་པ་ནི་རྒྱ་ཡིག་དང་། ལོ་རྒྱུས། མཚན་ཉིད་རིག་པ་སོགས་ཀྱི་རིག་གཞུང་ཚན་ཁག་ཁོ་ན་ཡིན་ནོ། ། འོན་ཀྱང་། ང་ཚོས་ཡིད་ལ་འཛིན་དགོས་པ་ཞིག་ལ། ཕྱོགས་གཅིག་ནས་འདི་ལྟ་བུའི་རིག་གཞུང་ཚན་ཁག་གི་བཀོད་སྒྲིག་བྱས་པ་དེས་དེང་རབས་རིག་གཞུང་གི་འདུ་ཤེས་དེ་སྔར་ལས་ལྷག་པར་མཚོན་ཐུབ་ཅིང་། ཕྱོགས་གཞན་ཞིག་ནས་རིག་གཞུང་ཚན་ཁག་འདི་དག་ཐམས་ཅད་ཀྱི་ནང་དུ་སྲོལ་རྒྱུན་གྱི་རྒྱའི་རིག་པའི་གཟུགས་བརྙན་མངོན་ཡོད་ཅིང་། དེ་དག་ཚང་མ་སྲོལ་རྒྱུན་གྱི་རྒྱའི་རིག་པར་སྡོམ་རྒྱ་ལྟར་འབྲེལ་ཡོད། དེའི་ཕྱིར་ང་ཚོས་བོད་ཀྱི་རིག་གནས་ཞིབ་འཇུག་ལ་ལྡོག་ཕྱོགས་ནས་བལྟས་ན། མིག་སྔར་རང་རེའི་རྒྱལ་ཁབ་ཏུ་རིག་གཞུང་ཚན་ཁག་གི་བཀོད་སྒྲིག་ཁྲོད་ཀྲུང་གོའི་སྐད་ཡིག་རྩོམ་རིག་སྡེ་ཁག་དང་། ལོ་རྒྱུས་སྡེ་ཁག མཚན་ཉིད་རིག་པའི་སྡེ་ཁག་དག་ཡོད་མོད། འོན་ཀྱང་། སློབ་གྲྭ་ཕལ་མོ་ཆེ་རུ་རིག་གཞུང་ཚན་ཁག་འདི་དག་གི་དམིགས་ས་གཙོ་བོ་ནི་རྒྱའི་སྐད་ཡིག་ལ་ཞིབ་འཇུག་བྱ་རྒྱུ་ལས། རང་རྒྱལ་གྱི་མི་རིགས་གཞན་གྱི་སྐད་ཡིག་ལ་ཞིབ་འཇུག་བྱ་རྒྱུ་དེ་གྲས་སུ་ཚུད་མེད། གནས་ཚུལ་འདི་ང་ཚོས་གསལ་པོར་ངོས་ཟིན་དགོས།
བྱེ་བྲག་ཏུ་མི་རིགས་སློབ་གླིང་ལ་མཚོན་ནས་བཤད་ན། ང་ཚོས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་བཙུགས་ཡོད་ཅིང་། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སློབ་གྲྭ་ཁ་ཤས་ཀྱིས། བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་དང་། སོག་པོའི་སྐད་ཡིག་རྩོམ་རིག་སྡེ་ཁག་སོགས་སུ་ཕྱེ་ཡོད། ཉེ་བའི་ལོ་བཅུ་ཕྲག་འགར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་མང་པོ་ཞིག་བོད་རིག་པའི་སྡེ་ཁག་གམ། ཡང་ན་བོད་རིག་པའི་སློབ་གླིང་ཞེས་པར་བསྒྱུར་ཡོད་དེ། འདིས་ཕྱོགས་གཅིག་ནས་དུས་རབས་ཀྱི་འཕེལ་རྒྱས་དང་དངོས་ཡོད་ལ་ལན་སྤྲད་པ་མཚོན་ཡོད་པ་སྨོས་མ་དགོས་མོད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་གནས་ཐིག་གཏན་ཁེལ་བྱས་པ་གསལ་པོ་མིན་པ་དེ་མཚོན་ཡོད། ཞིབ་ཏུ་བསམས་ན། མི་རིགས་ཤིག་གི་རིག་གནས་ལ་ཞིབ་འཇུག་བྱེད་དགོས་ན། དེའི་ཁོངས་སུ་སྐད་ཡིག་དང་། ལོ་རྒྱུས། རིག་གནས། ཆོས་ལུགས། སྤྱི་ཚོགས་སོགས་རིམ་པ་སོ་སོར་ཞིབ་འཇུག་བྱེད་པ་འདུ་དགོས་ཏེ། འདི་ནི་སློབ་གྲྭ་ཆེན་མོའི་རྩོམ་རིག་དང་། ལོ་རྒྱུས། མཚན་ཉིད་རིག་པ་སོགས་ཀྱི་རིག་གཞུང་ཚན་ཁག་གིས་ད་གཟོད་འགྲུབ་ཐུབ་པའི་འགན་འཁུར་ཞིག་ཡིན་པ་ལས། སློབ་གླིང་དང་སྡེ་ཁག་ཅིག་གི་ནུས་པས་ཐེག་ཐུབ་པ་ཞིག་གཏན་ནས་མ་ཡིན་ནོ། ། ཡང་ཕྱོགས་གཅིག་ནས་བཤད་ན། ད་སྐབས་ཀྱི་བོད་རིག་པའི་སྡེ་ཁག་གམ། ཡང་ན་བོད་རིག་པའི་སློབ་གླིང་ཞེས་མིང་བཏགས་ཡོད་པ་དེས། འདུ་ཤེས་ཀྱི་ཆ་ནས་སློབ་གྲྭ་ཞིག་གི་རིག་ཚན་གྱི་སྤྱིའི་བྱེད་ནུས་དེ་འཁུར་ཐུབ་དགོས་མོད། འོན་ཀྱང་། དོན་དངོས་སུ་ཚད་དེ་འདྲ་ཞིག་ཏུ་གཏན་ནས་སླེབས་མི་ཐུབ་པས། འདི་ཡང་ང་ཚོས་གདོང་གཏོད་དགོས་པའི་དཀའ་གནས་ཤིག་ཡིན།
འགན་འཁུར་དེ་འདྲ་མང་པོ་ཞིག་ལ་འཕྲད་ཡོད་པས། བོད་རིག་པའི་སློབ་གླིང་ནི་སློབ་ཁྲིད་སྡེ་ཁག་ཅིག་ཡིན་པའི་ཆ་ནས། ངེས་པར་དུ་གནས་ཐིག་གཏན་ཁེལ་ཡང་དག་པ་ཞིག་བྱས་ཏེ་གང་སྒྲུབ་ཐུབ་པ་དེ་ཁོ་ནར་གཞོལ་དགོས། གོང་དུ་གླེང་ཟིན་པ་བཞིན་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་དོན་སྙིང་སྟེང་གི་བོད་རིག་པ་ནི་སྐད་ཡིག་དང་ཚད་ལྡན་ཡིག་ཆ་རྨང་གཞིར་བཟུང་སྟེ། བོད་ཀྱི་རིག་གནས་ལ་ཁྱོན་ཡོངས་ནས་ཞིབ་འཇུག་བྱེད་པ་དེ་ལ་གོ དེང་རབས་ནུབ་ཕྱོགས་ཀྱིས་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པ་དེ། མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་སོགས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་སུ་རྒྱ་བསྐྱེད་ཡོད་རུང་། སྐད་ཡིག་དང་ཚད་ལྡན་ཡིག་ཆ་རྨང་གཞིར་བཟུང་ནས་ཞིབ་འཇུག་བྱེད་པ་དེ་སྔར་བཞིན་གཙོ་རྒྱུན་ཡིན། དེའི་ཕྱིར་བོད་རིག་པའི་སློབ་གླིང་གིས་ཆེད་ལས་ཐོག་མར་བཙུགས་པའི་སྲོལ་རྒྱུན་གྱི་དགོངས་དོན་གཞིར་བཟུང་སྟེ། སྐད་ཡིག་སློབ་ཁྲིད་ལ་ཞིབ་འཇུག་བྱ་རྒྱུ་རྨང་གཞིར་འཛིན་པ་དང་། ཚད་ལྡན་ཡིག་ཆར་རྐང་ཚུགས་ཏེ་ཁྱབ་ཁོངས་གཞན་དུ་རྒྱ་བསྐྱེད་དགོས་སོ། །
གཉིས་པ། སློབ་མ་གསོ་སྐྱོང་བྱེད་པའི་ཐད་ཀྱི་བློ་ཆུང་གི་ལྟ་ཚུལ།
ཁོ་བོས་བསམས་ན། སློབ་གྲྭའམ་སློབ་གླིང་གི་བྱེད་ནུས་ལ་གཙོ་བོ་གཉིས་ཡོད་དེ། གཅིག་ནི་ཡོན་ཏན་དང་ཤེས་ཡོན་རྒྱུད་འཛིན་བྱེད་པ་ལ་ཟེར། ཅིག་ཤོས་ནི་ཡོན་ཏན་དང་ཤེས་ཡོན་གསར་སྐྲུན་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ་ལ་ཟེར། སྔ་མའི་དམིགས་ཡུལ་ནི་དངོས་གཞི་སློབ་མ་སྐྱེད་སྲིང་བྱ་རྒྱུ་གཙོ་བོ་ཡིན་ལ། ཕྱི་མའི་དམིགས་ཡུལ་ནི་ཞིབ་འཇུག་སློབ་མ་སྐྱེད་སྲིང་བྱ་རྒྱུ་གཙོ་བོ་ཡིན།
འབྲེལ་ཡོད་ངོ་སྤྲོད་ལས་ཤེས་གསལ་བྱུང་བ་ལྟར་ན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དངོས་གཞིའི་ཆེད་ལས་ཀྱི་ཁ་ཕྱོགས་ནི། གཙོ་བོ་ཀྲུང་གོའི་སྐད་ཡིག་རྩོམ་རིག(བོད་སྐད་ཡིག་རྩོམ་རིག)དང་། མི་རིགས་རིག་པ།(བོད་རིག་པ) མི་རིགས་རིག་པ།(བོད་སྐད་ཡིག་མེད་པ་ནས་མགོ་འཛུགས་པའི་མི་རིགས་རིག་པ)དོ་དམ་རིག་པ(བོད་རྒྱ་སྐད་གཉིས་སྲིད་འཛིན་དོ་དམ)དང་། དོ་དམ་རིག་པ།(སྐད་གཉིས་རིག་གནས་ཐོན་ལས་དོ་དམ)བཅས་ཡིན་ལ། རབ་འབྱམས་པའི་ཆེད་ལས་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག གཏན་ཚིགས་རིག་པ། རྒྱ་གར་གྱི་སྐད་ཡིག་དང་རྩོམ་རིག་བཅས་ཡོད།
དངོས་གཞིའི་སློབ་ཁྲིད་ཀྱི་དུས་རིམ་དུ་བསླབ་ཚན་གྱི་རིགས་ཆེན་པོའི་ལས་སྟེགས་ཆེ་ཤོས་འགའ་ཞིག་བཀོད་སྒྲིག་བྱེད་དགོས་ཏེ། དཔེར་ན། སློབ་མར་སྐད་བརྡ་རིག་པའི་གཞི་རྩའི་ཤེས་རྟོགས་ཙམ་ཡོད་དགོས་པ་དང་། གཞན་ད་དུང་གལ་ཆེ་བ་ཞིག་ནི་ལོ་རྒྱུས་སྟེང་གི་སཾ་བོད་དང་རྒྱ་བོད་ལོ་ཙཱའི་བྱེད་སྒོའི་གཞི་རྩའི་ཤེས་རྟོགས་ཙམ་ཡོད་པ་དང་ཁོང་དུ་ཆུད་དགོས། སྲོལ་རྒྱུན་གྱི་ལོ་ཙཱའི་བྱེད་སྒོ་དང་ལོ་ཙཱའི་འདུ་ཤེས་ལ་སློབ་སྦྱོང་དང་སྤྱི་སྡོམ་བྱས་ན། ད་གཟོད་ལག་ལེན་ཁྲོད་དུ་བོད་རྒྱ་ཡིག་རིགས་སྐད་སྒྱུར་དང་སྨྱུག་སྒྱུར་གང་བྱེད་པ་དང། ཐ་ན་བོད་དབྱིན་ཕན་ཚུན་ཡིག་སྒྱུར་ཡང་བྱེད་ཐུབ། སཾ་བོད་ལོ་ཙཱ་དང་རྒྱ་བོད་ལོ་ཙཱའི་གཞུང་ལུགས་སོགས་བསླབས་པའི་དགོས་པ་ནི། རྒྱའི་སྐད་ཡིག་དང་དབྱིན་ཡིག་སོགས་ཕྱི་སྐད་ནས་དྲངས་པའི་ཐ་སྙད་གསར་པར་འཕྲད་དུས། བོད་སྐད་ཡིག་གིས་ཇི་ལྟར་ཡང་དག་པ་དང་སླ་བསྡུས་སྒོས་དེའི་གོ་དོན་དང་ཁྱབ་བྱ་དང་ཁྱབ་བྱེད་མཚོན་པར་བྱེད་པ་དང་། གཅིག་གྱུར་ཡོང་བ་བྱས་ཏེ་བོད་སྐད་ཀྱི་ཐ་སྙད་ཕུན་སུམ་ཚོགས་པར་གཏོང་བ་བཅས་ལ་བསམ་གཞིག་གཏོང་ཐུབ་པ་དེ་ཡིན། ངའི་ལྟ་ཚུལ་ནི་དངོས་གཞིའི་སློབ་ཁྲིད་དུས་རིམ་དུ་བོད་རྒྱ་སྐད་གཉིས་བྱང་ཆུབ་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་རྒྱུ་ནི་མིག་སྔའི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་སྙམ། བོད་སྐད་ཡིག་བྱང་ཆུབ་པ་དང་དུས་མཚུངས་སུ་རྒྱའི་སྐད་ཡིག་ཀྱང་ལེགས་པར་ཁོང་དུ་ཆུད་ཡོད་ཚེ། ད་གཟོད་ཕྱོགས་གཅིག་ནས་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་བྱེད་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་སྲོལ་རྒྱུན་རིག་གནས་དང་རིག་གནས་གཞན་བརྗེ་རེས་བྱེད་པའི་ཁྲོད་གནས་ཐིག་གཏན་ཁེལ་བྱེད་ཐུབ་ཅིང་། མི་རིགས་རིག་གནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ། སྐད་ཡིག་ཅིག་བསླབ་ན་འབྲི་ཀློག་ཉན་བཤད་ཀྱི་ནུས་པ་དེ་ཁོང་དུ་ཆུད་པ་ཙམ་ལས་སླ་པོ་ཞིག་གཏན་ནས་མ་ཡིན་པར། རྨང་གཞི་འདིའི་སྟེང་སྐད་ཡིག་གིས་ཐེག་པའི་རིག་གནས་ལ་གཏིང་ཟབ་མོར་ཉམས་ཞིབ་བྱ་རྒྱུ་དེའོ། ། དེའི་རྐྱེན་གྱིས་དེ་ལ་ངེས་པར་དུ་ཆ་ཚང་བར་བསྒྲིགས་པའི་བསླབ་ཚན་རབ་དང་རིམ་པ་ཞིག་ཡོད་དགོས། གཞན་ཡང་ང་ཚོས་སྤྱིར་བཏང་གི་སློབ་གྲྭ་ཆེན་མོའི་ནང་གི་ཀྲུང་གོའི་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་བཀོད་སྒྲིག་བྱས་ཡོད་པ་དེ་ལ་གཞིགས་ནས། བོད་རིག་པའི་སློབ་གླིང་གིས་སླད་ཕྱིན་ཆེད་ལས་བཀོད་སྒྲིག་ཇི་ལྟར་བྱེད་པར་བསམ་བློ་གཏོང་དགོས། དཔེར་ན། པེ་ཅིན་སློབ་གྲྭ་ཆེན་མོའི་རྒྱ་ཡིག་སྡེ་ཁག་ཏུ་དངོས་གཞིའི་ཆེད་ལས་ལྔ་ཡོད་དེ། དེ་དག་ནི་ཀྲུང་གོའི་རྩོམ་རིག་དང་། རྒྱའི་སྐད་ཡིག གནའ་གཞུང་ཚད་ལྡན་ཡིག་ཆ་རིག་པ། ཉེར་སྤྱོད་སྐད་བརྡ་རིག་པ།(རྒྱ་ཡིག་ཆ་འཕྲིན་སྡུད་སྤེལ)རྒྱའི་སྐད་ཡིག་དང་རྩོམ་རིག(ཕྱི་འགྲིམ་སློབ་མ)བཅས་ཡིན། དེས་ན་བོད་རིག་པའི་སློབ་གླིང་དུའང་སླད་ཕྱིན་གྱི་འཕེལ་རྒྱས་ཁྲོད་སྲོལ་རྒྱུན་གྱི་རིག་གཞུང་ཚན་ཁག་བཀོད་སྒྲིག་བྱས་ཡོད་པ་དེ་རྒྱུན་འཁྱོངས་བྱེད་པ་དང་མཉམ་དུ། བོད་ཀྱི་རྩོམ་རིག(གནའ་རབས་དང་དེང་རབས)དང་། བོད་ཀྱི་སྐད་ཡིག གནའ་གཞུང་ཚད་ལྡན་ཡིག་ཆ་རིག་པ། ཉེར་སྤྱོད་སྐད་བརྡ་རིག་པ།(བོད་ཡིག་ཆ་འཕྲིན་སྡུད་སྤེལ)བཅས་འཛུགས་པར་བསམ་བློ་གཏོང་དགོས། དེ་ལས་བོད་ཡིག་ཆ་འཕྲིན་སྡུད་སྤེལ་དེ་རིག་གཞུང་ཚན་ཁག་སྣོལ་མ་བྱས་ཏེ་རྩིས་འཁོར་ཚན་རིག་དང་ཟུང་འབྲེལ་བྱས་ཆོག
གལ་ཏེ་དངོས་གཞི་སློབ་མ་སྐྱེད་སྲིང་བྱེད་པ་ནི་གཙོ་བོ་བོད་ཁུལ་དུ་སྤུས་ཚད་མཐོ་བའི་དོ་དམ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཆེད་དུ་ཡིན་ཞིང་། གཙོ་གལ་ཆེ་བ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཇི་ལྟར་རྒྱུན་འཁྱོངས་དང་རྒྱུན་འཛིན་བྱེད་དགོས་པ་དེ་ཡིན་ཟེར་ན། དེས་ན་ཞིབ་འཇུག་སློབ་མ་སྐྱེད་སྲིང་བྱེད་པའི་ཕྱོགས་ནས། གཙོ་བོ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཇི་ལྟར་ཞིབ་འཇུག་བྱེད་པ་དང་དར་སྤེལ་གཏོང་བར་གཞོལ་དགོས། ད་ཡོད་ཆེད་ལས་ཀྱི་ཁ་ཕྱོགས་ལའང་སྐད་བརྡ་རིག་པ(རྒྱ་བོད་སྐད་ཡིག་ཞིབ་འཇུག)དང་། ལོ་ཙཱ་རིག་པ་སོགས་ཞིབ་འཇུག་གི་ཁ་ཕྱོགས་གསར་པ་ཁ་སྣོན་བྱེད་པར་བསམ་བློ་བཏང་ཆོག་ཅིང་། བསླབ་ཚན་བཀོད་སྒྲིག་གི་ཕྱོགས་ནས་གནའ་གཞུང་ཚད་ལྡན་ཡིག་ཆ་ཀློག་རྒྱུ་དང་། དེ་མིན་སྐད་བརྡ་མི་མཐུན་པའི་ཡིག་ཆ་དུ་མའི་བར་ཞིབ་བསྡུར་བྱས་ནས་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་དགོས།
གསུམ་པ། བོད་རིག་པའི་སློབ་གླིང་དུ་རྒྱ་གར་གྱི་སྐད་ཡིག་དང་རིག་གནས་ཀྱི་སྤྱི་ཤེས་ཆེད་ལས་མ་ཡིན་པའི་བསླབ་ཚན་འཛུགས་དགོས་པའི་ཐད་ཀྱི་བསམ་གཞིག
ཀུན་གྱིས་ཤེས་གསལ་ལྟར་བོད་ཀྱི་རིག་གནས་དང་། རྒྱ་གར་གྱི་རིག་གནས། དབུས་རྒྱུད་ཀྱི་རིག་གནས་བཅས་ཀྱི་བར་ལ་ཕུགས་ཟབ་རྒྱུན་རིང་གི་འབྲེལ་བ་ཟབ་མོ་ཞིག་མཆིས། གལ་ཏེ་རྒྱ་གར་གྱི་རིག་གནས་དང་དབུས་རྒྱུད་རིག་གནས་ལ་རྒྱུས་མངའ་མེད་ཚེ། བོད་ཀྱི་རིག་གནས་ཤེས་རྟོགས་བྱུང་བ་དེ་ཡང་ཡོད་དགོས་པའི་ཟབ་ཚད་ངེས་ཅན་ཞིག་ཏུ་སླེབས་མི་ཐུབ་ཅིང་། དེ་ཉིད་ཞིབ་འཇུག་དང་རྒྱུད་འཛིན་དར་སྤེལ་བྱ་རྒྱུ་ནི་དེ་བས་ཀྱང་སྨོས་མ་དགོས་ཞེས་བརྗོད་ཀྱང་ཐལ་མི་ཆེའོ། ། ད་ལྟའི་ཁོར་ཡུག་ཆེན་པོའི་འོག་ཏུ་ང་ཚོས་དབུས་རྒྱུད་རིག་གནས་ཤེས་རྟོགས་དང་རྒྱུས་ལོན་བྱེད་པར་གཞན་ལ་མེད་པའི་ཆ་རྐྱེན་བཟང་པོ་ལྡན་མོད། དེ་དང་བསྡུར་ན། ང་ཚོས་རྒྱ་གར་གྱི་རིག་གནས་ཤེས་རྟོགས་དང་རྒྱུས་ལོན་བྱུང་བ་དེ་ཧ་ཅང་ཞན། ཕྱོགས་གཅིག་ནས་འདི་ནི་སྤྱི་ཚོགས་ཧྲིལ་པོ་ངོས་ཟིན་བྱུང་བར་འབྲེལ་བ་ཡོད། དེའི་རྒྱུ་མཚན་ནི་ཀྲུང་གོ་དང་རྒྱ་གར་གཉི་གའང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲས་ཡིན་པས། ཕྱོགས་གཉིས་ཀྱི་ཉེ་རབས་ལོ་རྒྱུས་ཐོག་ད་དུང་ཡིད་མི་མགུ་བའི་མྱོང་བརྒྱུད་ཡོད་ཅིང་ཕན་ཚུན་ལ་ཡིད་རྟོན་བྱེད་ཚད་ཀྱང་མི་འདང་། དངོས་ཡོད་ཀྱི་གནད་དོན་ཁ་ཤས་ད་དུང་ཐག་གཅོད་བྱས་མེད་ཕྱིར། དོན་དངོས་ཀྱི་ཆ་ནས་ང་ཚོས་རྒྱ་གར་ལ་བརྩི་མཐོང་ཆེར་མི་བྱེད་པ་དེ་ཆགས་ཡོད། ཕྱོགས་གཞན་ཞིག་ནས་མཐོ་རིམ་སློབ་གྲྭའི་རིག་གཞུང་ཚན་ཁག་བཀོད་སྒྲིག་བྱེད་པའི་ཁྲོད་རྒྱ་གར་གྱི་སྐད་ཡིག་དང་རྩོམ་རིག་ཅུང་དཀོན་ཏེ། ལྷག་པར་དུ་གནའ་བོའི་རྒྱ་གར་གྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཉུང་ཞིང་། འབྲེལ་ཡོད་དགེ་རྒན་གྱི་སྟོབས་ཤུགས་ཅུང་ཞན་ལ་ཞིབ་འཇུག་གི་རྒྱུ་ཆ་ཡང་ལག་ཏུ་ཚུད་དཀའ་བར་འདུག་མོད། འོན་ཀྱང་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པར་ཆ་མཚོན་ན། རྒྱ་གར་གྱི་རིག་གནས་ལ་རྒྱུས་ལོན་དང་སློབ་གཉེར་བྱ་རྒྱུ་ནི་དགོས་ངེས་ཀྱི་ནང་དོན་ཞིག་ཡིན་པས། ངས་འདིར་སྲོལ་རྒྱུན་དང་དངོས་ཡོད་གཉིས་ལྟ་ཕྱོགས་གསུམ་དུ་ཕྱེ་ནས་ཅུང་ཟད་བརྗོད་འདོད།
སྲོལ་རྒྱུན་གྱི་ཆ་ནས་བོད་ཀྱི་ས་ཁུལ་ནི་དེའི་ས་བབ་ཐད་ཀྱི་འབྲེལ་བ་ཁྱད་པར་ཅན་གྱི་དབང་གིས། ནང་ཆོས་ཀྱི་འབྲེལ་ཐག་འདི་ལ་བརྟེན་ནས་རྒྱ་གར་གྱི་རིག་གནས་ལ་ཁྱབ་ཆེ་ཞིང་ཕུགས་ཡུན་རིང་བའི་འགྲོ་འོང་ཟབ་མོ་མཆིས། འདིས་ཚད་ལྡན་ཡིག་ཆ་ཕུན་སུམ་ཚོགས་པ་ཞིག་ཤུལ་དུ་བཞག་ཡོད་པར་མ་ཟད། དངོས་པོ་དང་བསམ་པའི་ཆ་ནས་ཀྱང་འགྲོ་འོང་བྱས་པ་དང་ཕན་ཚུན་འབྲེལ་ལམ་བཙུགས་པའི་དཔེ་མཚོན་མང་པོ་ག་སར་ཁྱབ་ཡོད་དེ། གནའ་མིའི་ཁ་དཔེར། སྔ་མའི་འཚེམ་ཕྱོགས་བཙལ་ན། ། ཕྱི་མའི་སྐུད་ལམ་རྙེད་ཐུབ། ། ཟེར་བའི་དཔེ་བཞིན། སྔོན་བྱོན་མེས་པོའི་ཤུལ་བཞག་རྒྱུ་དངོས་ཡང་དག་པར་འགྲེལ་ཀློག་བྱེད་པ་དང་། ཡང་ན་དགག་པའི་སྒོ་ནས་རྒྱུད་འཛིན་བྱེད་པ། ཐ་ན་གསར་སྐྲུན་རང་བཞིན་གྱི་སྒོ་ནས་དར་རྒྱས་གོང་འཕེལ་དུ་གཏོང་བ་གང་དང་གང་ཡིན་རུང་། ང་ཚོར་རྒྱ་གར་གྱི་རིག་གནས་ལ་རྒྱུས་ལོན་ངེས་ཅན་ཞིག་ཡོད་དགོས་ཤིང་། སྐད་ཡིག་ནི་ཡུལ་གཞན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་པའི་ཆེས་ཐད་ཀར་དང་། ཆེས་ནུས་ལྡན་གྱི་ཐབས་ཤེས་དེ་ཡིན་པས། སྐད་ཡིག་སྦྱངས་ན་ད་གཟོད་སྔར་ལས་ལྷག་པའི་སྒོ་ནས་སྐད་ཡིག་གིས་ཐེག་པའི་རིག་གནས་དེ་ལ་ཞིབ་འཇུག་བྱེད་ཐུབ་བོ། ། རྒྱ་གར་ལ་སྐད་རིགས་ཅུང་མང་མོད། འོན་ཀྱང་གནའ་གཞུང་རིག་གནས་ཀྱི་ངོས་ནས་བཤད་ན། དེའི་ཐེག་བྱེད་གཙོ་བོ་ལེགས་སྦྱར་གྱི་སྐད་ཡིན་ཞེས་བརྗོད་ན་ཧ་ལམ་འཕྱུག་མི་འགྲོ། དེ་བས་ལེགས་སྦྱར་གྱི་སྐད་ནི་བོད་རིག་པའི་སློབ་གླིང་གི་སློབ་མའི་ངེས་སྦྱོང་བསླབ་ཚན་དུ་བཙུགས་ན་འོས་སྙམ། དངོས་གཞི་སློབ་མ་ཞིག་ཡིན་ན། སྐད་ཡིག་འདི་ལ་ཡོན་ཚད་ངེས་ཅན་ཞིག་གི་ཤེས་རྟོགས་ཡོད་དགོས་ཤིང་། བརྡ་སྤྲོད་ཀྱི་འགྲོ་རིམ་གཙོ་བོའི་སྐོར་དང་མིང་ཚིག་དང་བརྡ་ཆད་སླ་མོའི་སྐོར་ཡང་ཁོང་དུ་ཆུད་པར་བྱས་ཏེ། གནའ་གཞུང་གི་བོད་ཡིག་ཚད་ལྡན་ཡིག་ཆ་ཀློག་པའི་སྐབས་སུ་ཡིག་ངོས་ཀྱི་དཀའ་ཁག་སེལ་ཐུབ་པའི་མ་མཐའི་ཆ་རྐྱེན་ཚང་དགོས། སྐད་ཡིག་སློབ་པར་མ་ལག་ཆ་ཚང་བསྒྲིག་པ་ལ་རྒྱ་གར་གྱི་གནས་ཚུལ་གསལ་བའི་སྤྱི་ཤེས་ཆེད་ལས་མ་ཡིན་པའི་བསླབ་ཚན་བཙུགས་ཏེ། ལོ་རྒྱུས་ཀྱི་དུས་ཡུན་དང་དུས་མཉམ་གྱི་ཟུར་ཚད་གཉིས་ནས་རྒྱ་གར་གྱི་སྐད་ཡིག་དང་། ལོ་རྒྱུས། རིག་གནས། ཆོས་ལུགས་སོགས་ངོ་སྤྲོད་བྱས་ཆོག
ངས་བསམས་ན། ཞིབ་འཇུག་སློབ་མའི་དུས་རིམ་གྱི་གསོ་སྐྱོང་ཁྲོད་ལེགས་སྦྱར་གྱི་ཚད་ལྡན་ཡིག་ཆ་མང་པོ་བཀླགས་ན་ལེགས་ཏེ། འདི་ལ་ཕྱོགས་གཉིས་ཡོད་ཅིང་། གཅིག་ནི་སཾ་བོད་ནང་བསྟན་ཚད་ལྡན་ཡིག་ཆ་དག་བསྡུར་ནས་ཀློག་པ་སྟེ། ལོ་རྒྱུས་སྟེང་གི་སཾ་བོད་ནང་ཆོས་བསྒྱུར་བའི་ལོ་ཙཱའི་རིམ་པ་དང་ལོ་ཙཱའི་འདུ་ཤེས་སོགས་ལ་རྒྱུས་ལོན་བྱུང་ན། འདིས་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་གནའ་གཞུང་ཚད་ལྡན་ཡིག་ཆར་ལྟ་ཀློག་དང་འགྲེལ་རྒྱག་པར་ཕན་པར་མ་ཟད། གནའ་གཞུང་ཚད་ལྡན་ཡིག་ཆ་དག་སྒྲིག་པར་སྐྲུན་དང་ཞིབ་འཇུག་བྱེད་པར་ཡང་ཕན་ཞིང་། བོད་ཡིག་གི་ཐ་སྙད་གསར་པ་བསྒྱུར་བ་དང་། རྒྱ་བོད་ཡིག་རིགས་ཐད་སྒྱུར་བྱེད་པ། གཞན་བོད་ཡིག་དང་དབྱིན་ཡིག་སོགས་སྐད་རིགས་གཞན་བསྒྱུར་བར་ཡང་དཔྱད་གཞིར་འཛིན་པ་དང་མཛུབ་སྟོན་བྱེད་པའི་ནུས་པ་ལྡན། ཕྱོགས་ཅིག་ཤོས་ནས་ལེགས་སྦྱར་གྱི་ནང་བསྟན་རིག་གནས་མ་ཡིན་པའི་ཚད་ལྡན་ཡིག་ཆ་ལྟ་ཀློག་དང་སློབ་གཉེར་བྱ་རྒྱུ་ཇེ་མང་དུ་བཏང་སྟེ། ཆ་རྐྱེན་འཛོམས་པའི་དུས་སུ་བརྩམས་ཆོས་གཞུང་ཚད་ཐུབ་སྐོར་བོད་ཡིག་ཏུ་བསྒྱུར་ན། ང་ཚོས་རྒྱ་གར་རིག་གནས་གཏིང་ཟབ་ཏུ་ངོས་ཟིན་ཐུབ་ཅིང་། དེར་མ་ཟད་རྒྱ་གར་གྱི་རིག་གནས་བསླབས་ན། ང་ཚོས་རང་གི་རིག་གནས་ཀྱི་གནས་ཐིག་གཏན་ཁེལ་བྱེད་པ་དང་རང་གི་རིག་གནས་འཕེལ་རྒྱས་སུ་གཏོང་བར་སྔར་ལས་ལྷག་པའི་ཡིད་ཆེས་ཡོད།
དངོས་ཡོད་ཀྱི་ཆ་ནས་བཤད་ན། བོད་ཀྱི་ས་ཁུལ་ཏེ་སྒོས་སུ་བོད་ལྗོངས་སུ་ད་དུང་ལེགས་སྦྱར་གྱི་དཔེ་དེབ་བཤུས་མ་འབོར་ཆེན་ཞིག་ཉར་ཡོད་ཅིང་། དེ་ལས་དེབ་བཤུས་མ་ཁ་ཤས་ནི་འཛམ་གླིང་གི་ངོས་ནས་བཤད་ན་ཡང་དཔེ་དེབ་རྩ་ཆེ་བ་དང་དཔེ་རྒྱུན་དཀོན་པོའི་རིགས་ཡིན། འདི་ནི་བོད་ཀྱིས་རྒྱ་གར་མི་རིགས་ལ་ཉར་བའི་ཤུལ་བཞག་རིག་རྫས་ཙམ་དུ་མ་ཟད། མིའི་རིགས་ལ་ཉར་བའི་ཤུལ་བཞག་རིག་རྫས་ཤིག་ཀྱང་ཡིན་ཏེ། ལེགས་སྦྱར་གྱི་དེབ་བཤུས་མ་འདི་དག་དག་བསྡུར་དང་། དཔྱད་འགྲེལ། ཞུ་དག་བཅས་བྱས་ན། རང་རྒྱལ་གྱི་རིག་གནས་མཉེན་པའི་སྟོབས་ཤུགས་དེ་གོང་འཕེལ་དུ་གཏོང་བར་ཕན་ཆེ་བར་མ་ཟད། ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་པའི་ཁྲོད་རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་གྱི་ནུས་པ་ཡང་གོང་དུ་སྤེལ་ཐུབ། མིག་སྔར་ང་ཚོའི་མདུན་དུ་ལྷགས་པའི་དཀའ་གནས་ནི་ཆེད་ལས་ཞིབ་འཇུག་མི་སྣ་དཀོན་པ་དང་། ལྷག་པར་དུ་བོད་སྐད་དང་བོད་ཀྱི་རིག་གནས་བྱང་ཆུབ་པ་དང་། ལེགས་སྦྱར་གྱི་སྐད་ཀྱང་ཆུ་ཚད་ངེས་ཅན་ལྡན་ཞིང་རང་རྐྱ་ཐུབ་པའི་སྒོ་ནས་ཞུ་དག་གི་ལས་ཀ་གཉེར་ཐུབ་པའི་ཤེས་ལྡན་མི་སྣ་དཀོན་པ་དེ་ཡིན། ལོ་ངོ་དུ་མའི་སྔོན་དུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་དུ་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ཁང་ཞིག་བཙུགས་མོད། འོན་ཀྱང་མི་སྣའི་སྒྲིག་གཞིའི་ལྟར་དུ་མི་སྣ་ལོངས་མེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཚད་མཐུན་གྱི་ཆེད་ལས་མི་སྣ་དཀོན་པས་ཡིན། བོད་རིག་པའི་སློབ་གླིང་གིས་གལ་ཏེ་རིག་གཞུང་ཚན་ཁག་བཀོད་སྒྲིག་ནས་མགོ་བཙུགས་ཏེ། ལས་ཀ་འདི་ལ་ཧུར་བརྩོན་བྱེད་མཁན་གྱི་ཤེས་ལྡན་མི་སྣ་སྐོར་ཞིག་གསོ་སྐྱོང་བྱས་ཚེ། དེ་ནི་ཕྱག་རྗེས་དུས་སྐབས་འདི་ལ་བཞག་ཀྱང་བསྐལ་པ་མ་སྟོང་བར་དུ་ཕན་པའི་ལས་དོན་ཞིག་ཡིན།
གཞན་ཡང་རང་རྒྱལ་དུ་མིག་སྔར“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་ཞིབ་འཇུག་འདོན་སྤེལ་བྱེད་བཞིན་ཡོད་ཅིང་། ལྷག་པར་དུ་ས་ཁོངས་དང་རྒྱལ་ཁོངས་ཞིབ་འཇུག་ཐད་ནས་སློབ་ཆེན་ཕལ་མོ་ཆེ་རུ་འབྲེལ་ཡོད་ཀྱི་ཞིབ་འཇུག་ལས་ཁུངས་བཙུགས་ཡོད། འདི་ལྟ་བུའི་རྒྱབ་ལྗོངས་ཆེན་པོའི་འོག་ཏུ་བོད་ཀྱི་སློབ་མ་ཚོས་ཨེ་ཤ་ཡ་ལྷོ་མར་ཞིབ་འཇུག་བྱེད་པ་དང་། སྒོས་སུ་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པར་གཞན་ལས་ལྷག་པའི་ཆ་རྐྱེན་འཛོམས་ཡོད། འདི་ནི་གཤམ་གྱི་ཕྱོགས་འགའི་ཐད་ནས་གསལ་པོར་མཚོན་ཡོད། གཅིག་ནི། ཀྲུང་གོ་དང་རྒྱ་གར་གཉིས་འབྲེལ་བའི་མཐའ་མཚམས་ལམ་ཐིག་ཡོད་ཚད་རང་རྒྱལ་གྱི་བོད་རང་སྐྱོང་ལྗོངས་ས་ཁུལ་གྱི་མངའ་ཁོངས་སུ་ཡོད་པས། ལོ་རྒྱུས་སྟེང་མི་སྣ་ཕན་ཚུན་བར་འབྲེལ་འདྲིས་རྒྱུན་ཆད་མེད་པར་བྱུང་ཡོད། གཉིས་ནི། བོད་ཀྱི་ཡིག་རྙིང་ནང་དུ་བོད་ཡུལ་དང་ཨེ་ཤ་ཡ་ལྷོ་མ་གཉིས་ཕན་ཚུན་འབྲེལ་འདྲིས་བྱུང་བའི་ཆ་འཕྲིན་ཕུན་སུམ་ཚོགས་པ་མང་པོ་ཉར་ཡོད་པས། ཆ་འཕྲིན་དེ་དག་གསལ་རྟོགས་ཡོང་བར་བོད་ཡིག་གི་ཤེས་བྱའི་རྨང་གཞི་བཟང་པོ་ཞིག་དགོས་པ། གསུམ་ནི། ཡུལ་དངོས་སུ་རྟོག་ཞིབ་བྱེད་པའི་སྐབས་སུ་བོད་སྐད་ཀྱི་དགེ་མཚན་ཧ་ཅང་མངོན་གསལ་ཆེ་བ་བཅས་ཡིན། དེའི་ཕྱིར་ལེགས་སྦྱར་གྱི་སྐད་དང་རྒྱ་གར་གྱི་གནའ་གཞུང་རིག་གནས་ལ་སློབ་གཉེར་བྱང་ཆུབ་པ་བྱས་ཤིང་། དེའི་སྟེང་མིའི་རིགས་རིག་པ་དང་། མི་རིགས་རིག་པ། སྤྱི་ཚོགས་རིག་པ་སོགས་འབྲེལ་ཡོད་རིག་གཞུང་ཚན་ཁག་དག་གི་ཤེས་བྱ་ལྡན་ན། བོད་རིགས་སློབ་མས་ས་ཁོངས་ཞིབ་འཇུག་ཁྲོད་ནུས་ཤུགས་རྩལ་དུ་འདོན་ཐུབ་བོ། །
བཞི་པ། མཇུག་བསྡུ་བའི་གཏམ།
གོང་དུ་རིག་གཞུང་ཚན་ཁག་གི་གནས་ཐིག་གཏན་ཁེལ་བྱེད་པ་དང་། སློབ་མ་གསོ་སྐྱོང་བྱེད་པ། རྒྱ་གར་གྱི་སྐད་ཡིག་དང་རིག་གནས་ཀྱི་ཆེད་ལས་མ་ཡིན་པའི་སྤྱི་ཤེས་བསླབ་ཚན་འཛུགས་པ་སོགས་ཀྱི་ཐད་ནས། ཁོ་བོས་བོད་རིག་པའི་སློབ་གླིང་གི་བསླབ་ཚན་བཀོད་སྒྲིག་ཐད་བསམ་གཞིག་འགའ་བཏོན་ཡོད། འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ་ཁོ་བོ་ནི་སློབ་གསོ་རིག་པའི་ཆེད་ལས་སྦྱངས་འོངས་པ་ཞིག་མིན་ལ། བོད་རིག་པའི་གླིང་དུ་སློབ་གཉེར་བྱས་པ་དང་བྱ་བ་བསྒྲུབས་པའི་མྱོང་བརྒྱུད་ཀྱང་མེད་པས། གནད་དོན་མང་པོ་ཞིག་ནི་ཕལ་ཆེར་གནད་དུ་ཁེལ་བ་ཞིག་བརྗོད་ཐུབ་མེད་ཅིང་། ད་དུང་གནད་དོན་ཁ་ཤས་ནི་ལག་ལེན་མེད་པར་བྱུང་རྒྱལ་དུ་སྨྲས་པར་ཟད་དེ། ཁོ་བོ་ནི་གཙོ་བོ་གནའ་བོའི་རྒྱ་གར་གྱི་སྐད་ཡིག་རིག་གནས་ལ་ཞིབ་འཇུག་དང་དེ་མིན་རྒྱ་གར་དང་བོད་ཀྱི་རིག་གནས་བརྗེ་རེས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པས། རང་ཉིད་ཀྱིས་ཞིབ་འཇུག་བྱས་པའི་མྱོང་ཚོར་ལྟར་དུ་ངོས་ཟིན་རགས་ཙམ་ཞིག་བཏོན་པ་ཡིན་པས་སྐྱོན་བརྗོད་དང་ཡོ་བསྲང་གནང་བའི་རེ་བ་ཞུའོ། །
(བསམ་གྲུབ་ཀྱིས་བསྒྱུར)
* གསར་བརྗེ། པེ་ཅིན་སློབ་གྲྭ་ཆེན་མོའི་ཕྱིའི་སྐད་ཡིག་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1