བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་བསླབ་དེབ་སྒྲིག་རྩོམ་ལས་འཕྲོས་པའི་བསམ་གཞིག

འདབ་པ་བློ་བཟང་ཆོས་འཕེལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


[གནད་བཏུས] དཔྱད་རྩོམ་འདིར་སྤྱིར་བསླབ་དེབ་ནི་འཁྲིད་བྱའི་རིག་ཚན་གང་དེ་འཁྲིད་ཡུལ་གྱི་རིམ་པར་དམིགས་ཏེ། སློབ་གསོའི་ཆོས་ཉིད་དང་མཐུན་པའི་སྒོ་ནས་གནད་གཅིག་ཏུ་བཏུས་པའི་སྤྱོད་དེབ་ཅིག་དང་། སློབ་གསོ་སློབ་ཁྲིད་ཀྱི་ཁྲོད་དུ་གཞན་གང་གིས་ཀྱང་ཚབ་བྱེད་མི་ནུས་པ་དང་། སློབ་གསོའི་རིགས་དང་རིམ་པ་གང་ཡིན་རུང་ཚད་ལྡན་གྱི་བསླབ་དེབ་ཅིག་དགོས་པ་ལྟར། བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་བསླབ་དེབ་སྒྲིག་རྩོམ་ཡང་དེ་བཞིན་དུ་ནང་དོན་དང་། སྒྲིག་སྟངས། ཕན་ནུས་བཅས་ཀྱི་ཆ་ནས་ཚད་ལྡན་ཞིག་དགོས་པའི་སྐོར་ལ་བསམ་གཞིག་བྱས་ཏེ་དབྱེ་ཞིབ་ཅུང་ཙམ་བྱས་ཡོད།

[གནད་ཚིག] བསླབ་དེབ། སྒྲིག་རྩོམ། གནས་བབ། བསམ་གཞིག

        བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་ནི་དེང་རབས་བོད་ཀྱི་མཐོ་རིམ་སློབ་གསོ་ཁྲོད་ཀྱི་གཞི་རྐང་གི་ཆེད་སྦྱོང་ཞིག་ཡིན་པས། རྒྱལ་ནང་དུ་སྤྱི་ལོ1950ལོ་ནས་བོད་རྒྱ་སྐད་གཉིས་སྨྲ་བའི་ལས་བྱེད་མི་སྣ་གསོ་སྐྱོང་བྱ་བར་དམིགས་ནས། ནུབ་བྱང་མི་རིགས་སློབ་ཆེན་བཙུགས་ཏེ་བོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ་ཐོག་མར་ཚུགས། དེ་ནས་རིམ་བཞིན་ལྷོ་ནུབ་མི་རིགས་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་བཙུགས་ཏེ་བོད་ཡིག་ཆེད་སྦྱོང་གི་སློབ་མ་བསྡུས་ཤིང་། རྒྱལ་ཡོངས་སུ་ད་ལྟའི་བར་དུ་བོད་རིགས་སློབ་མར་ཁ་གཏད་པའི་བོད་ཀྱི་སྐད་ཡིག་རྩོམ་རིག་དང་། བོད་ལུགས་གསོ་རིག་ཆེད་སྦྱོང་ཡོད་པའི་མི་རིགས་སློབ་ཆེན་དང་མཐོ་རིམ་སློབ་གླིང་བཅུ་གསུམ་ཙམ་ཡོད། དེ་ནི་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་གསོ་སྤྱི་དང་། སྒོས་སུ་བོད་ཀྱི་དེང་རབས་མཐོ་རིམ་སློབ་གསོར་མཐོང་ཆེན་དང་ཐུགས་ཁུར་མཛད་པའི་འབྲས་རྟགས་ཡིན། མཐོ་རིམ་སློབ་ཆེན་དེ་དག་ཏུ་བོད་རིག་པའི་ཁོངས་སུ་གཏོགས་པའི་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་ནི་གཞི་རྐང་གི་ཆེད་སྦྱོང་ཡིན་པས། བོད་ཀྱི་རིག་གནས་ལ་བྱང་ཆུབ་པའི་ན་གཞོན་ཤེས་ཡོན་པ་གང་མང་གསོ་སྐྱོང་བྱ་བ་ནི། ཆེད་སྦྱོང་འདི་ཉིད་ཚད་ལྡན་དང་སྤུས་ཀ་ཅན་དུ་བསྒྱུར་བར་རག་ལས་ཏེ། དཔེར་ན། དགེ་རྒན་གྱི་དཔུང་སྡེ་དང་། རིག་ཚན་དབྱེ་ཚུལ། འཁྲིད་ཚན་ཇུས་འགོད། ནང་དོན་བཀོད་སྒྲིག བསླབ་དེབ་སྤྱོད་ཚུལ། དུས་ཚོད་བཀོད་སྒྲིག་བཅས་མཐུན་རྐྱེན་ཇི་སྙེད་ཅིག་འཛོམ་དགོས། འདིར་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་བསླབ་དེབ་སྒྲིག་རྩོམ་གྱི་གནས་བབ་ལ་གཞིགས་ནས་ཅུང་ཟད་སྤྲོ་བར་འདོད་དོ། །

དང་པོ། བསླབ་དེབ་སྒྲིག་སྟངས་དང་ཕན་ནུས།

        བརྗོད་བྱ་གང་ཞིག་བརྗོད་པར་བྱ་བ་ལ། ཐོག་མར་བརྗོད་ཡུལ་གྱི་གོ་དོན་གསལ་པོར་ཤེས་རྒྱུ་ཤིན་ཏུ་གལ་ཆེ། དེས་ན། བསླབ་དེབ་བརྗོད་པའི་སྐབས་འདིར་བསླབ་དེབ་ཀྱི་གོ་དོན་ཐོག་མར་ངེས་དགོས་ཤིང་། དེ་མ་ངེས་ན་བསླབ་དེབ་གང་དེའི་རིག་ཚན་དང་འཁྲིད་ཚན་གྱི་དབྱེ་བ་ནམ་ཡང་ཤེས་མི་ནུས་ལ། སློབ་ཚན་བཀོད་སྒྲིག་གི་དམིགས་ཡུལ་ཡང་ཤེས་མི་སྲིད། མིག་སྔར་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་བསླབ་དེབ་ལ་བརྟགས་ན་གནས་ཚུལ་དེ་རིགས་ཡོད་དེ། རིག་ཚན་གྱི་ལྟ་བའི་སྤྱི་ཁོག་ཆགས་མེད་པ་དང་འཁྲིད་ཚན་གྱི་ངོ་བོ་མི་གསལ་བས། སློབ་ཁྲིད་ཀྱི་དམིགས་ཡུལ་ཡང་གསལ་པོོ་མི་ཤེས། སྤྱིར་བསླབ་དེབ་ཅེས་པའི་མཚན་ཉིད་ལ་སློབ་གསོ་རིག་པས་འཁྲིད་དེབ་ཀྱང་ཟེར། དེ་ནི་འཁྲིད་ཚན་གྱི་ཚད་གཞི་དང་བསྟུན་ནས་བསྒྲིགས་ཤིང་། ཕྱོགས་ཡོངས་ནས་འཁྲིད་ཚན་དེའི་ནང་དོན་ཆ་ཚང་མཚོན་ཐུབ་པའི་སློབ་ཁྲིད་སྤྱོད་དེབ་ཅིག་ལ་བྱ། བསླབ་དེབ་ནི་འཁྲིད་ཚན་གྱི་ཚད་གཞིའི་ལག་ལེན་དངོས་གཞི་ཡིན། བསླབ་དེབ་ནི་དཔེ་དེབ་གཞན་དང་མི་འདྲ་བར། དུས་རྒྱུན་སློབ་ལོ་དང་སློབ་སྐབས། ལོ་རིམ་སོགས་ལ་བསྟུན་ནས་ས་བཅད་དང་ལེའུ་བགོས་ཏེ། དཀར་ཆག་དང་སློབ་ཚན། སྦྱང་གཞི། བརྟག་དཔྱད། པར་རིས། རེའུ་མིག གནད་འགྲེལ། ཟུར་བཀོད་བཅས་ཀྱིས་གྲུབ་པས། སློབ་ཚན་ནི་བསླབ་དེབ་ཀྱི་རྩ་བའི་གྲུབ་ཆ་ཡིན། གཞན་ཡང་། བསླབ་དེབ་སྒྲིག་རྩོམ་ཁྲོད་ཀྱི་བསམ་བློའི་རང་བཞིན་དང་ཚན་རིག་གི་རང་བཞིན། ལྟ་བ་དང་རྒྱུ་ཆ། གཞུང་ལུགས་དང་ལག་ལེན། ཤེས་བྱ་དང་ནུས་པའི་ཁྱབ་ཚད་དང་ཟབ་ཚད། རྨང་གཞིའི་ཤེས་བྱ་དང་དེང་དུས་ཀྱི་ཚན་རིག་གི་གྲུབ་འབྲས་གསར་པའི་བར་གྱི་འབྲེལ་བ་དེ་དག་ཐབས་ཤེས་ཟུང་འཇུག་ངང་ཐག་གཅོད་ལེགས་པོ་བྱ་དགོས།①ཞེས་གསུངས་པ་བཞིན། གོང་དུ་བརྗོད་པའི་བསླབ་དེབ་ཀྱི་ཡོངས་ཁྱབ་མཚན་ཉིད་བསྟན་ཡོད་པར་ང་ཚོས་ཡིད་དུ་ངེས་དགོས་པའི་དོན་གནད་ཁ་ཤས་ཡོད་དེ། གཅིག བསླབ་དེབ་ག་འདྲ་ཞིག་བསྒྲིགས་རུང་ངེས་པར་དུ་བསླབ་དེབ་དེ་ཉིད་རིག་ཚན་གང་ཞིག་ལ་གཏོགས་ཡོད་པ་ཤེས་དགོས། གཉིས། བསླབ་དེབ་དེའི་འཁྲིད་ཚན་གྱི་ངོ་བོ་ཤེས་དགོས་པར་མ་ཟད། འཁྲིད་ཚན་གྱི་ཚད་གཞི་ངེས་པར་རྟོགས་དགོས། ཁྱད་པར་དུ་སློབ་གསོ་དང་སྒོས་སུ་སློབ་ཁྲིད་ལག་ལེན་དངོས་ལ་ཞུགས་པའི་དགེ་རྒན་ཞིག་གིས། འཁྲིད་ཚན་ཚད་གཞིར་གོ་བ་གཏིང་ཟབ་ཅིག་ལོན་མེད་ན་དེ་དང་བསྟུན་ནས་སློབ་གསོའི་བྱ་འགུལ་མཐའ་དག་ནི་མི་ཆེ་གེ་མོའི་ཚོར་ཤེས་ཙམ་ལ་བརྟེན་ནས་བྱུང་བ་ལས། སློབ་གསོ་རིག་པའི་ཆོས་ཉིད་དང་མཐུན་ཐབས་མེད་པས། ལོང་བས་ལོང་བ་ཁྲིད་པ་དང་མཚུངས། གསུམ། བསླབ་དེབ་ཅིག་བསྒྲིག་དགོས་ན་ངེས་པར་དུ་གཙོ་བོ་གྲུབ་ཆ་གང་དག་འཛོམ་དགོས་པ་ཤེས་དགོས་ཏེ། དཔེར་ན། རྒྱལ་ཡོངས་སུ་དགེ་འོས་སློབ་ཆེན་བཅུ་གཉིས་ཀྱིས་མཉམ་སྒྲིག་བྱས་པའི་སློབ་གསོ་རིག་པའི་རྨང་གཞི་ཞེས་པའི་བསླབ་དེབ་དེར་མཚོན་ན། འཁྲིད་བྱའི་གནས་དག་རིམ་པ་དབྱེ་ནས་བསྒྲིགས་པ་སྟེ། ནང་དོན་གནད་བསྡུས་དང་སློབ་སྦྱོང་དམིགས་འབེན། གནད་འགག་བརྡ་ཆད། གཞུང་དངོས། གཙོ་བོའི་མཐའ་དཔྱད་དང་བློ་འབྱེད། སློབ་སྦྱོང་གདེང་འཇོག རིགས་གཞུང་འགུལ་རྣམ། དཔྱད་གཞིའི་ཡིག་ཆ་བཅས་དོན་ཚན་བརྒྱད་ཀྱིས་གྲུབ་ཡོད། ལེའུའི་གོ་རིམ་བཞིན་དུ་སློབ་མའི་ཤེས་རྟོགས་ཀྱི་ཆོས་ཉིད་དང་མཐུན་པའི་འོས་འཚམ་གྱི་བསམ་གཞིག་རྒྱུ་ཆ་བཀོད་ཡོད། དེའང་གཙོ་བོར་རིག་ཚན་དང་འཁྲིད་ཚན་གྱི་ངོ་བོར་བརྟེན་ནས་བྱུང་བ་སྟེ། འཁྲིད་ཚན་མི་འདྲ་ན་བསླབ་དེབ་ཀྱི་གྲུབ་སྟངས་ཀྱང་མི་འདྲ་བས། ང་ཚོས་བསླབ་དེབ་གང་འདྲ་ཞིག་གསར་དུ་བསྒྲིགས་རུང་ངེས་པར་དུ་ཐོག་མར་དེའི་རིག་ཚན་གྱི་ཁོངས་ལོན་པ་དང་འཁྲིད་ཚན་གྱི་ངོ་བོ་ཤེས་དགོས་པ་ཤིན་ཏུ་གལ་ཆེ། བཞི། བསླབ་དེབ་ནི་རིག་ཚན་དང་འཁྲིད་ཚན་ཆེ་གེ་མོའི་ནང་དོན་དེ་དུས་ཚོད་ངེས་ཅན་ཞིག་ཏུ་བཀོད་སྒྲིག་འོས་འཚམ་གྱི་སྒོ་ནས་ནང་དོན་གཅིག་ཏུ་བཏུས་ཏེ་སློབ་མར་མཁོ་འདོན་བྱེད་དགོས་པས། དེའི་ནང་དུ་བསམ་བློ་དང་ཚན་རིག ལྟ་བ་དང་རྒྱུ་ཆ། གཞུང་ལུགས་དང་ལག་ལེན། ཤེས་བྱ་དང་ནུས་པ་བཅས་ཕྱོགས་གཅིག་ཏུ་བཏུས་ཡོད་པས། དེ་དག་ཕན་ཚུན་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས། བསླབ་དེབ་ནི་ཤི་མེད་གསོན་པོ་ཞིག་ལ་ངོས་འཛིན་དགོས་པས། རིག་ཚན་དང་འཁྲིད་ཚན་གང་རུང་ཞིག་ལ་འཇུག་པའི་སྒོ་ཆེན་གྱི་ལྡེ་མིག་ལྟ་བུ་ཡིན་ཞིང་། ཇི་ལྟར་བྱས་ནས་བསླབ་དེབ་ཚད་ལྡན་ཞིག་སྒྲིག་རྩོམ་བྱ་དགོས་པ་དང་། སྒྲིག་རྩོམ་བྱེད་པའི་སྐབས་སུ་ཆ་རྐྱེན་ག་འདྲ་ཞིག་འཛོམས་ན་ཚད་ལྡན་བསླབ་དེབ་ཀྱི་ཚད་གཞི་དང་མཐུན་པ་བཅས་ཀྱི་སྐོར་སློབ་གསོ་རིག་པས་ཇི་ལྟར་བསྟན་ཡོད་ཅེ་ན། ༡. ཐོག་མར་བསླབ་དེབ་སྒྲིག་རྩོམ་བྱེད་སྟངས་ཀྱིས་སློབ་མའི་སློབ་སྦྱོང་ལ་ཕན་ཐོགས་པ་དང་། འཕྲོད་བསྟེན་རིག་པ་དང་། སློབ་གསོ་རིག་པ། སེམས་ཁམས་རིག་པ། མཛེས་དཔྱོད་རིག་པའི་དགོས་མཁོ་དང་འཚམ་དགོས། ༢.བསླབ་དེབ་ཀྱི་ནང་དོན་འགྲེལ་བཤད་བྱེད་དུས་དབྱེ་འབྱེད་གོ་རིམ་གསལ་ཞིང་། རྗོད་བྱེད་ཀྱི་ཚིག་སྟབས་བདེ་ལ་གོ་སླ་བ་དང་། གནད་དུ་ཁེལ་བ། གསོན་ཉམས་ལྡན་པ། ཐོགས་ཐུག་མེད་པ། ས་བཅད་ཚན་པའི་རྒྱས་བསྡུས་རན་པ། ༣.ཁ་བྱང་དང་སྡོམ་ཚིག་ལ་ཡིག་གཟུགས་མི་འདྲ་བའམ་རྟགས་མཚོན་སྤྱད་དེ། གསལ་ལྷང་ངེར་མཐོང་ཐུབ་པ། ༤.དཔེ་དེབ་རྒྱབ་ཤོག་དང་པར་རིས་རེའུ་མིག རི་མོའི་བཀོད་པ་བཅས་གསལ་པོ་དང་མཉེས་པོར་བཟོ་བ་མ་ཟད། ཡིག་གཟུགས་ཆེ་ཆུང་རན་པ་དང་དཔེ་དེབ་ཀྱི་སྒྲིག་སྦྱོར་ལེགས་པ། ཆེ་ཆུང་དང་མཐུག་སྲབ་འཚམ་ལ་ཁྱེར་བདེ་བ་སོགས་བཀོད་པའོ། །② ཞེས་པ་ལྟར། ཚད་དང་ལྡན་པའི་བསླབ་དེབ་སྒྲིག་རྩོམ་ཁྲོད་ཀྱི་མཐུན་རྐྱེན་མཐའ་དག་ལས། བསླབ་དེབ་ཚད་ལྡན་ཞིག་སྒྲིག་རྩོམ་བྱ་དགོས་ན། རིག་ཚན་དང་། འཁྲིད་ཚན་ཆེད་མཁས་པའི་ཤེས་བྱ་ཁོ་ན་མ་ཟད། ད་རུང་དཔེ་སྐྲུན་ལས་ཁུངས་ཀྱི་བསླབ་དེབ་སྒྲིག་རྩོམ་ཇུས་འགོད་པ་ལའང་འགན་ངེས་ཅན་ཞིག་ཡོད། ང་ཚོས་དུས་རྒྱུན་དཔེ་ཆ་དཔར་བ་དང་ལྷག་པར་དུ་བསླབ་དེབ་དཔེ་སྐྲུན་བྱེད་དུས། དཔེ་སྐྲུན་ལས་ཁུངས་ཚད་ལྡན་གྱི་ཆེད་ལས་མི་སྣར་བསྒྲུབ་ཏུ་འཇུག་རྒྱུ་དེའང་དོན་ཆུང་ཞིག་ཏུ་བརྩི་ག་ལ་རུང་། བསླབ་དེབ་ཀྱི་མཚན་ཉིད་རྟོགས་ཤིང་ཚད་དང་ལྡན་པའི་བསླབ་དེབ་ཅིག་སྒྲིག་རྩོམ་བྱ་ཐུབ་ན། འཁྲིད་ཚན་གྱི་བསླབ་དེབ་དེ་རིག་ཚན་གང་གི་ཁོངས་གཏོགས་ཡིན་པ་ཤེས་པར་མ་ཟད། འཁྲིད་ཚན་གྱི་ངོ་བོ་དང་འཁྲིད་ཚན་སློབ་ཁྲིད། སློབ་ཐུན་རེ་རེའི་དམིགས་ཡུལ་ཡང་གསལ་བས། དོན་དམ་པའི་སློབ་གསོའི་ཆོས་ཉིད་རྙེད་སྲིད། དུས་ཡུན་རིང་པོ་ཞིག་ལ་རང་རེའི་དགེ་རྒན་དང་། སློབ་མ། ཆེད་མཁས་པ་རྣམས་ཀྱིས་རིག་ཚན་དང་། འཁྲིད་ཚན་གྱི་ངོ་བོ་གསལ་པོ་མ་ཤེས་པའི་རྒྱུ་རྐྱེན་གཙོ་བོ་དེའང་འཁྲིད་ཚན་དང་མཐུན་པའི་ཚད་ལྡན་བསླབ་དེབ་ཅིག་གྲུབ་མེད་པ་དང་། བསླབ་དེབ་ཀྱི་དགེ་མཚན་དང་ཕན་ནུས་མི་ཤེས་པའི་རྐྱེན་གྱིས་ཡིན་པས་སོ། ། དེས་ན། སློབ་གསོ་རིག་པས་ཇི་ལྟར་བསྟན་ཡོད་ཅེ་ན། ༡. བསླབ་དེབ་ནི་སློབ་མས་སློབ་གྲྭའི་ནང་དུ་ཤེས་བྱ་ཆ་ཚང་ཐོབ་ཅིང་སློབ་སྦྱོང་བྱེད་པའི་རྒྱུ་ཆ་གཙོ་བོ་ཡིན་པས། སློབ་མས་འཁྲིད་བྱའི་ནང་དོན་ཡིད་ལ་འཛིན་པར་དགེ་རྒན་གྱིས་རོགས་བྱེད་པ་དང་ཆབས་ཅིག་ཏུ། སློབ་མས་སྔོན་སྦྱོང་དང་བསྐྱར་སྦྱོང་། ལས་བྱ་འབྲི་རྒྱུ་བཅས་ལ་ཕན་ཐོགས་པས། བསླབ་དེབ་ནི་སློབ་མའི་ཤེས་རྒྱ་རིམ་གྱིས་བསྐྱེད་པའི་རྨང་གཞི་ཡིན། ༢. བསླབ་དེབ་ནི་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་ཀྱི་གཞི་འཛིན་ས་ཡིན། དེས་དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་དང་སློབ་ཁྲིད། ལས་བྱ་བཀོད་སྒྲིག སློབ་མའི་སློབ་སྦྱོང་ལ་གདེང་འཇོག་བྱེད་པ་བཅས་ལ་རྩ་བའི་རྒྱུ་ཆ་མཁོ་འདོན་བྱའོ། ། ༣. འཁྲིད་ཚན་འཆར་གཞིས་སྦྱོང་ཚན་དེ་ཉིད་ཀྱི་དགོས་མཁོ་དང་བསྟུན་ནས་སྦྱོང་ཚན་དེ་ཉིད་ཀྱི་སློབ་ཁྲིད་དམིགས་འབེན་དང་ནང་དོན་ཁྱབ་ཁོངས། སློབ་ཁྲིད་ལས་འགན་བཅས་ལ་དབྱེ་ཞིབ་བྱའོ། །༤. སྦྱོང་ཚན་དེ་ཉིད་ནི་སློབ་གྲྭ་སྤྱིའི་འཁྲིད་ཚན་ཁྲོད་ཀྱི་གོ་གནས་དང་བསྟུན་ནས། སྦྱོང་ཚན་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པ་ནི། གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བའི་རྩ་བའི་ཐབས་ལམ་དང་ཆེས་མཆོག་ཏུ་གྱུར་པའི་བྱེད་ཐབས་ཡིན། སློབ་ཁྲིད་བྱ་འགུལ་དང་སློབ་ཕྱིའི་བྱ་འགུལ། རྟོག་དཔྱོད་བྱ་འགུལ་བཅས་དང་། ཡང་ན་གཞན་སྤྱི་ཚོགས་བྱ་འགུལ་དངོས་སུ་གཏན་དུ་འབེབས་པར་ཕན་ཐོགས་ཆེན་པོ་ཡོད། སློབ་ཁྲིད་རིམ་པའི་གནས་མི་གཅིག་པའི་སློབ་ཁྲིད་དངོས་ཞུགས་དང་སློབ་གྲོལ་བྱ་འགུལ་ལ་སྤྱི་ཁོག་གི་བཀོད་འདོམ་བྱེད་ཐུབ་པ།③དེ་དག་ཐམས་ཅད་ནི་བསླབ་དེབ་ཀྱི་དགེ་མཚན་དང་ཕན་ནུས་ཡིན་པས། འཁྲིད་ཚན་གང་རུང་ཞིག་གི་བསླབ་དེབ་སྒྲིག་རྩོམ་ཚད་ལྡན་བྱས་ན། ད་གཟོད་སློབ་མའི་རྒྱུད་ལ་ཤེས་བྱ་འཇགས་ཐུབ་པ་དང་། དེ་ནི་སློབ་མའི་སློབ་སྦྱོང་ལ་སྤྲོ་བ་སྐྱེ་བའི་རྩ་བའི་ཆ་རྐྱེན་ཡང་ཡིན་པས་སོ། །

གཉིས་པ། བསླབ་དེབ་སྒྲིག་རྩོམ་གྱི་གནས་བབ།

        མིག་སྔར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་བཞིན་པའི་མི་རིགས་སློབ་ཆེན་དང་། མཐོ་རིམ་སློབ་ཆེན་བཅུ་གསུམ་ཙམ་གྱི་ནང་དུ་རྐང་འཛིན་ཆེད་སྦྱོང་ནི་བོད་ཀྱི་སྐད་ཡིག་རྩོམ་རིག་དང་བོད་ལུགས་གསོ་བ་རིག་པ་ཡིན། སྒོས་སུ་བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་ཁོ་ན་ཡིན་པའི་སློབ་ཆེན་དགུ་སྟེ། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ནུབ་བྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། ཡུན་ནན་མི་རིགས་སློབ་ཆེན། སི་ཁྲོན་མི་རིགས་སློབ་ཆེན། ཀན་སུའུ་དགེ་འོས་སློབ་གླིང། རྔ་བ་དགེ་འོས་སློབ་གླིང་བཅས་དང་། བོད་ལུགས་གསོ་བ་རིག་པའི་ཆེད་སྦྱོང་ཡོད་པའི་སློབ་ཆེན་གསུམ་སྟེ། བོད་ལྗོངས་གསོ་རིག་སློབ་ཆེན་དང་མཚོ་སྔོན་སློབ་ཆེན། ཁྲིན་ཏུའུ་ཀྲུང་ལུགས་སྨན་རྫས་སློབ་ཆེན་བཅས་སོ། ། བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་དང་བོད་ལུགས་གསོ་རིག་ཆེད་སྦྱོང་གཅིག་ལྕོགས་སུ་ཡོད་པའི་སློབ་ཆེན་གཅིག་སྟེ། ལྷོ་ནུབ་མི་རིགས་སློབ་ཆེན་ཡིན། འདི་ནི་བོད་ཀྱི་མཐོ་རིམ་སློབ་གསོ་དང་ཆེད་སྦྱོང་གི་སྤྱིའི་གནས་བབ་ཡིན། ཆེད་སྦྱོང་དེ་དག་གི་རིག་ཚན་གྱི་གནས་བབ་བྱེ་བྲག་ཏུ་ཅུང་ཙམ་སྤྲོས་ན། བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་ལ་མཚོན་ན་ཀྲུང་གོའི་སྐད་བརྡ་རྩོམ་རིག་ཆེད་སྦྱོང་གི་ཁོངས་སུ་གཏོགས་པས། ཀྲུང་གོ་གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་རྩོམ་རིག་ཆེད་སྦྱོང་གི་ཡན་ལག་ཏུ་གཏོགས་པ་ཡིན། བོད་ལུགས་གསོ་བ་རིག་པའི་ཆེད་སྦྱོང་ཡང་རིག་ཚན་དང་པོའི་གསོ་རིག་ལག་ལེན་རིག་པའི་ཁོངས་གཏོགས་ཀྱི་གསོ་རིག་ཆེད་སྦྱོང་ཞིག་ཡིན་ནོ། །

        འདིར་སི་ཁྲོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་བསླབ་དེབ་སྒྲིག་རྩོམ་གྱི་གནས་བབ་གཞིར་བཟུང་ནས་ཅུང་ཙམ་གླེང་ན། སྤྱི་ལོ1986ལོར་བོད་སྐད་ཡིག་ཚན་ཁག་བཙུགས་ནས་ད་ལྟའི་བར་གྱི་ལོ་ངོ་སུམ་ཅུའི་རིང་ལ། སི་ཁྲོན་མི་རིགས་སློབ་ཆེན་བོད་སྐད་ཡིག་ཚན་ཁག་ཏུ་ཕྱག་ལས་གནང་དང་གནང་བཞིན་པའི་མཁས་དབང་དང་། དགེ་བའི་བཤེས་གཉེན་རིམ་བྱོན་གྱིས། སློབ་གླིང་དེ་གའི་ཁྱད་ཆོས་དང་སློབ་མའི་ཁམས་དང་མོས་པར་བསྟུན་ནས། བསླབ་དེབ་དང་ཟུར་ལྟའི་བསླབ་དེབ་གང་མང་ཞིག་སྒྲིག་རྩོམ་བྱས་ཡོད་པ་ནི་གཤམ་གྱི་རེའུ་མིག་ལས་གསལ།


        གོང་གི་རེའུ་མིག་ཀ་པ་ལས། འདས་པའི་ལོ་ངོ་སུམ་ཅུའི་རིང་ལ། སི་ཁྲོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་ཁྱོན་བསྡོམས་བསླབ་དེབ19དང་། རམ་འདེགས་བསླབ་དེབ11བཅས་དེབ30སྒྲིག་རྩོམ་བྱས་ཡོད། དེ་ལས་བོད་རིག་པའི་སློབ་གླིང་ནང་ཁུལ་དུ་བེད་སྤྱོད་བཏང་དང་གཏོང་བཞིན་པའི་བསླབ་དེབ་ནི་ཨང་རྟགས1ནས16བར་གྱི་བསླབ་དེབ་དག་ཡིན། དེ་ལས་བརྡ་སྤྲོད་ཀྱི་བསླབ་དེབ4དང་། རྩོམ་ཡིག་གཅེས་བསྒྲིགས་ཀྱི་བསླབ་དེབ5དང་། བྲིས་གཟུགས་བསླབ་དེབ2དང་། སྒྲ་དང་བོད་རིག་པ། བསླབ་དེབ་འཁྲིད་ཐབས། ཡིག་སྒྱུར། རྒྱ་ཡིག་བཅས་ཀྱི་བསླབ་དེབ་སོ་སོ་ནས1རེ་དང་། དེང་རབས་རྒྱ་ཡིག་གི་རྨང་གཞིའི་ཤེས་བྱ་ཞེས་པ་ནི། བོད་རིག་པའི་སློབ་གླིང་གི་སློབ་མའི་རྒྱ་ཡིག་ཆུ་ཚད་དང་བསྟུན་ནས་བསྒྲིགས་པའི་རྒྱ་ཡིག་བསླབ་དེབ་ཅིག་ཡིན། བོད་ཀྱི་སྐད་ཡིག་འཁྲིད་ཐབས་ཀྱི་རིག་གཞུང་རྣམ་བཤད་ཅེས་པ་ནི་དགེ་འོས་སློབ་མའམ་འཁྲིད་ཐབས་རིགས་དང་པོའི④སློབ་མ་ལ་ཕྱོགས་ནས་རྒྱའི་སྐད་ཡིག་གི་ལམ་ནས་འཁྲིད་བཞིན་པའི་ཆེད་སྦྱོང་སློབ་ཚན་ཞིག་ཡིན་པ་དང་། འཕྲོ་མའི་བསླབ་དེབ3ལས་བོད་རྒྱ་སྐད་གཉིས་ཤན་སྦྱར་ཉེར་སྤྱོད་གསལ་བའི་མེ་ལོང་དང་། ལས་ཞུགས་མི་སྣ་བསྡུ་ལེན་གྱི་བོད་ཡིག་རྒྱུགས་ལེན་བསྐྱར་སྦྱང་གཏན་ཁེལ་བསླབ་དེབ་དགོས་འདོད་དཔལ་སྟེར་ཞེས་པ་གཉིས་ནི། སློབ་གྲྭ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་འཛིན་གྲྭའམ་འཁྲིད་ཐབས་རིགས་གཉིས་པའི⑤ བོད་ཡིག་སློབ་ཚན་དུ་བཀོལ་དང་འཁོལ་བཞིན་པ་ཡིན། བོད་ཀྱི་རིག་གནས་དང་ཁམས་པའི་སྲོལ་ལུགས་ཞེས་པ་ནི། རྒྱ་ཡིག་ཡིན་པ་དང་སྔོན་གྱི་བོད་རིག་པའི་སློབ་གླིང་གི་སྐད་གསུམ་ཡུལ་སྐོར་སྣེ་ཤན་འཛིན་གྲྭ་དང་། ད་ལྟའི་འཛིན་གྲྭ་ཡོངས་ཀྱི་ཆེད་སྦྱོང་བསླབ་དེབ་ཡིན། བསླབ་དེབ་འདི་སློབ་གྲྭ་སྤྱིའི་ཡུལ་སྐོར་ཆེད་ལས་ཀྱིས་ཀྱང་བསླབ་དེབ་བམ་རམ་འདེགས་བསླབ་དེབ་ཏུ་བཀོལ་དང་འཁོལ་བཞིན་ཡོད། མདོར་ན་གོང་གི་བསླབ་དེབ་ལས། མཁས་དབང་མཁྱེན་རབ་འོད་གསལ་ལགས་ཀྱིས་བརྩམས་པའི་སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ་དང་། བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བཤད་པ་སོགས་བསླབ་དེབ་སྤུས་ཀ་ཅན་འགའ་ལས། གཞན་པའི་བསླབ་དེབ་དེ་དག་བསླབ་དེབ་ཀྱི་ཚད་གཞི་ལྡན་དཀོན་ནོ། ། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ལོ་མགོ་ནས་ཏང་གི་མི་རིགས་སྲིད་ཇུས་བཟང་པོ་ལག་བསྟར་དང་། ལྷག་པར་དུ་མི་རིགས་ཀྱི་སྐད་ཡིག་སློབ་གསོ་བསྐྱར་གསོའི་སྲིད་ཇུས་བཟང་པོ་དང་བསྟུན་ནས། མི་རིགས་སློབ་ཆེན་སོ་སོས་བོད་སྐད་ཡིག་འཛིན་གྲྭ་ཡང་བསྐྱར་དུ་བཙུགས། མི་རིགས་སློབ་ཆེན་སོ་སོའི་རིགས་གཅིག་རྐང་འཛིན་པ་ཁ་ཤས་ཀྱིས་ཀྱང་རང་ས་ནས་བོད་ཀྱི་སྐད་ཡིག་སློབ་གསོའི་ལས་དོན་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ནས། བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་བསླབ་དེབ་སྒྲིག་རྩོམ་གྱི་བྱ་གཞག་ལ་ཞུགས། སི་ཁྲོན་མི་རིགས་སློབ་ཆེན་གྱིས་ཀྱང་བོད་ཀྱི་སྐད་ཡིག་རྩོམ་རིག་སློབ་གསོར་འབད་བརྩོན་རྒྱུན་འཁྱོངས་བྱས་ཏེ། བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་བསླབ་དེབ་སྒྲིག་རྩོམ་གྱི་ཐད་ལ་རང་ནུས་གང་ཡོད་ཀྱིས་ད་ལྟའི་བར་བསླབ་དེབ30ལྷག་ཙམ་བསྒྲིགས་ཡོད། དེ་ནི་བོད་ཀྱི་སྐད་ཡིག་རྩོམ་རིག་སློབ་གསོའི་ལོ་རྒྱུས་སུ་བྱས་རྗེས་གལ་ཆེན་ཞིག་ཡིན། ད་སྔར་སི་ཁྲོན་མི་རིགས་སློབ་ཆེན་གྱི་བོད་ཀྱི་སྐད་ཡིག་རྩོམ་རིག་སློབ་ཁྲིད་ཀྱི་ཁྲོད་དུ་བཀོལ་བ་དང་འཁོལ་བཞིན་པའི་གཞན་མི་རིགས་སློབ་གྲྭའི་བསླབ་དེབ་གང་དག་སྤྱོད་ཀྱིན་ཡོད་པ་གཤམ་གསལ་ལྟར།


        གོང་གི་རེའུ་མིག་ཁ་པ་ལས། སི་ཁྲོན་མི་རིགས་སློབ་ཆེན་རང་ཉིད་ཀྱི་མིན་ཡང་། ད་སྔ་སྐད་ཡིག་རྩོམ་རིག་སློབ་ཁྲིད་དུ་བཀོལ་པ་དང་འཁོལ་བཞིན་པའི་བསླབ་དེབ་ཁྱོན་བསྡོམས་དེབ24ཡོད། འཁྲིད་ཚན་དང་བསྟུན་ནས་རེའུ་མིག་ཀ་ཁ་གཉིས་ཀྱི་བསླབ་དེབ་བཀོལ་གྲངས་ཅུང་ཙམ་སྡོམ་རྩིས་བྱས་ན། རྩོམ་རིག་འཁྲིད་ཚན་གྱི་བསླབ་དེབ་ཁྱོན16ཡོད་ལ། དེའི་ནང་དུ་རྩོམ་རིག་ལོ་རྒྱུས་དང་། གནའ་རྩོམ། དམངས་རྩོམ། དེང་རྩོམ། རྩོམ་འབྲི་ཚང་མ་འདུས་ཡོད། ལོ་ཙཱའི་འཁྲིད་ཚན་གྱི་བསླབ་དེབ་ཁྱོན་དེབ6ཡོད་ལ། ལོ་ཙཱའི་གཞུང་ལུགས་དང་ལག་ལེན་གཉིས་ཀ་འདུས། སུམ་རྟགས་འཁྲིད་ཚན་གྱི་བསླབ་དེབ4ཡོད། དག་ཡིག་འཁྲིད་ཚན་གྱི་བསླབ་དེབ3ཡོད། སྙན་ངག་འཁྲིད་ཚན་གྱི་བསླབ་དེབ3ཡོད། ཚད་མ་འཁྲིད་ཚན་གྱི་བསླབ་དེབ1ཡོད། མངོན་བརྗོད་འཁྲིད་ཚན་གྱི་བསླབ་དེབ2ཡོད། བོད་ཀྱི་བྲིས་གཟུགས་འཁྲིད་ཚན་གྱི་བསླབ་དེབ4ཡོད། ལོ་རྒྱུས་འཁྲིད་ཚན་གྱི་བསླབ་དེབ2ཡོད། འབྱུང་རྩིས་འཁྲིད་ཚན་གྱི་བསླབ་དེབ1ཡོད། སྒྲ་རིག་པའི་འཁྲིད་ཚན་གྱི་བསླབ་དེབ1ཡོད། ཡིག་རྙིང་འཁྲིད་ཚན་གྱི་བསླབ་དེབ1ཡོད། བོད་བརྒྱུད་ནང་བསྟན་འཁྲིད་ཚན་གྱི་བསླབ་དེབ1ཡོད། བོད་ཀྱི་ཐུན་མོང་དང་ཐུན་མིན་རིག་གནས་འཁྲིད་ཚན་གྱི་བསླབ་དེབ4ཡོད། སྲིད་འཛིན་དོ་དམ་རིག་པའི་འཁྲིད་ཚན་གྱི་བསླབ་དེབ2བཅས་ཡོད། གོང་དུ་སི་ཁྲོན་མི་རིགས་སློབ་ཆེན་གྱི་འཁྲིད་ཚན་སྤྱིའི་ཁ་ཕྱོགས་དང་བྱེ་བྲག་གི་སློབ་ཚན15ལས། ད་ལྟའི་བར་དུ་བསླབ་དེབ་ཁྱོན51ལྷག་ཙམ་བཀོལ་ཡོད། དེ་ནི་སི་ཁྲོན་མི་རིགས་སློབ་ཆེན་གྱི་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་བསླབ་དེབ་སྒྲིག་རྩོམ་གྱི་འཕེལ་རྒྱས་ཀྱི་གནས་བབ་ཡིན་པར་མ་ཟད། རྒྱལ་ཡོངས་སྤྱིའི་མཐོ་རིམ་སློབ་ཆེན་གྱི་བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་སློབ་གསོའི་འཕེལ་རྒྱས་ཀྱི་གནས་བབ་ཀྱང་མཚོན་ཡོད་པའོ། །

གསུམ་པ། བསླབ་དེབ་སྒྲིག་རྩོམ་ཁྲོད་དུ་གནས་པའི་དོགས་སློང་།

        སི་ཁྲོན་མི་རིགས་སློབ་ཆེན་གཞིར་བཟུང་ནས་བཤད་ན། བོད་སྐད་ཡིག་རྩོམ་རིག་གི་སློབ་ཁྲིད་དུ་བེད་སྤྱོད་བྱས་དང་བྱེད་བཞིན་པའི་སློབ་གྲྭ་རང་གིས་སྒྲིག་རྩོམ་བྱས་པ་དང་། གཞན་གྱིས་སྒྲིག་རྩོམ་བྱས་པའི་བསླབ་དེབ་ཁྱོན་བསྡོམས51ཙམ་ཡོད། སྤྱིར་བཏང་བསླབ་དེབ་སྒྲིག་རྩོམ་ཐད་ཀྱི་གྲུབ་འབྲས་འདི་འདྲ་ནི་དགའ་འོས་པའི་དོན་བཟང་ཞིག་ཡིན། མ་མཐའ་ཡང་ད་སྔ་བོད་ཀྱི་སྐད་ཡིག་རྩོམ་རིག་གི་སློབ་ཁྲིད་ཁྲོད་དུ་བེད་སྤྱད་ཆོག་པའི་བསླབ་དེབ་དངོས་དང་རམ་འདེགས་བསླབ་དེབ་ཏུ་ཆགས་ཐུབ་ཡོད། འདིར་འཁྲིད་ཚན་དང་བསྟུན་ཏེ་བྱེ་བྲག་བསླབ་དེབ་དངོས་བརྗོད་པ་ལ།

        གཅིག སུམ་རྟགས་དག་གསུམ་དང་སྙན་ངག་མངོན་བརྗོད་ཀྱི་འཁྲིད་ཚན་ནི་བོད་སྐད་ཡིག་སློབ་གསོའི་རྨང་རྡོ་དང་། སྒོས་སུ་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་བསྟན་བཅོས་དངོས་ལ་ཞུགས་ཐུབ་པའི་ལྡེ་མིག་ཡིན་པས། འཁྲིད་ཚན་དེ་དག་གི་བསླབ་དེབ་སྤུས་དག་ཅིག་བསྒྲིག་དགོས་པ་ཤིན་ཏུ་གལ་ཆེ། བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་སུ་བོད་སྐད་ཡིག་སློབ་གསོའི་བསྟན་པའི་མེ་རོ་བསྐྱར་དུ་གསོས་པ་ནས། མི་རིགས་སློབ་ཆེན་སོ་སོར་རིགས་གཅིག་རྐང་འཛིན་གྱི་སློབ་གསོ་པ་དག་གིས་འཁྲིད་ཚན་དེ་དག་གི་བསླབ་དེབ་སྒྲིག་རྩོམ་ཅི་ཐུབ་མཛད་པ་ནི། ཀུན་གྱིས་མཁྱེན་གསལ་ལྟར། སྔ་ཕྱིར་ཐོན་མིའི་ཞལ་ལུང་དང་བློ་གསལ་འཇུག་ངོགས། སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ། དུང་དཀར་སུམ་རྟགས། བློ་གསལ་དགའ་སྟོན། སྙན་ངག་སྤྱི་དོན། ཚིག་རྒྱན་རིག་པའི་སྒོ་འབྱེད་ལ་སོགས་པ་བསླབ་དེབ་གསར་པ་ཇི་རྙེད་ཅིག་བསྒྲིགས་ཡོད་པས། བོད་ཀྱི་སྐད་ཡིག་སློབ་གསོ་འཕེལ་རྒྱས་ལ་འཕོ་འགྱུར་ཆེན་པོ་བྱུང་། བསླབ་དེབ་དེ་དག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་སྟེ། སྲོལ་རྒྱུན་རིག་གནས་ཀྱི་ཟུངས་མ་ཤོར་བ་དང་བྲོ་མ་ཉམས་པར། ཡུལ་དུས་དེའི་སྤྱི་ཚོགས་འཚོ་བ་དང་། སེམས་ཁམས། ཤེས་རྟོགས་ཀྱི་ནུས་པ་བཅས་དང་མཐུན་ལ། ནང་དོན་ཁ་གསལ་བ། ཚིག་སྦྱོར་བདེ་ཞིང་གོ་སླ་བ། ལྷག་པར་དུ་བསླབ་དེབ་ནང་གི་དཔེར་བརྗོད་དག་སྤྱི་ཚོགས་ཀྱི་གནས་བབ་དང་མཐུན་པས། གསོན་ཉམས་ལྡན་ཞིང་སྦྱང་འདོད་ཀྱི་སྤྲོ་བ་རབ་ཏུ་བསྐྱེད་དེ། འཁྲིད་ཚན་དང་བསླབ་དེབ་ལ་ཡུལ་དུས་ཀྱི་ཚད་བཀག་མེད་པས། དུས་རབས་གང་ཡིན་རུང་། དུས་རབས་དེ་དང་མཐུན་པའི་འཁྲིད་ཚན་བསླབ་དེབ་སྒྲིག་རྩོམ་བྱེད་དགོས་པའི་གནས་ལུགས་རྟོགས་ཏེ། ལག་ལེན་དུ་བསྟར་ཅིང་། རིམ་བཞིན་སྲོལ་རྒྱུན་གྱི་འགྲོས་དང་བསྟུན་ནས། གསར་བྱུང་མཁས་དབང་དག་གིས་ཀྱང་སུམ་རྟགས་དག་གསུམ་གྱི་བསླབ་དེབ་ཇི་རྙེད་ཅིག་སྒྲིག་རྩོམ་བྱས་པ་སྟེ། དཔེར་ན། རྡོ་རྗེ་རྒྱལ་པོ་དང་། དཔའ་རིས་སངས་རྒྱས། ཨ་ལགས་དོར་ཞི། མི་ཉག་བུ་ཕྲུག སྐལ་བཟང་འགྱུར་མེད། ཐུབ་བསྟན་སྦྱིན་པ་སོགས་ཀྱིས་བསླབ་དེབ་སྒྲིག་པའི་སྐབས་སུའང་ཡུལ་དུས་ཀྱི་འགྱུར་བའི་ཆོས་ཉིད་གཙིགས་སུ་བཟུང་ནས་བསྒྲིགས་པ་སྟེ། སློབ་གསོ་སློབ་ཁྲིད་དང་བསླབ་དེབ་གང་ཞིག་དུས་སྐབས་དང་དུས་སྐབས་དེའི་སློབ་མའི་བློ་ཁ་དང་བསྟུན་ནས་མཛད་ཡོད་དོ། ། དེས་ན། སི་ཁྲོན་མི་རིགས་སློབ་ཆེན་གྱིས་ད་ལྟ་མུ་མཐུད་དུ་ད་དུང་ལོ་ངོ་སུམ་ཅུའི་སྔོན་དུ་བསྒྲིགས་པའི་བསླབ་དེབ་སྟེ། དུང་དཀར་སུམ་རྟགས་དང་ཚིག་རྒྱན་རིག་པའི་སྒོ་འབྱེད། དག་ཡིག་ངག་སྒྲོན་བཅས་བསླབ་དེབ་ཏུ་བཀོལ་ཡོད་པ་དང་། གཞན་སློབ་ཆེན་དག་གིས་ཀྱང་ཐོན་མིའིི་ཞལ་ལུང་དང་། བློ་གསལ་འཇུག་ངོགས། སྙན་ངག་སྤྱི་དོན་སོགས་མུ་མཐུད་དུ་བསླབ་དེབ་ཏུ་བཀོལ་བའི་གནས་ཚུལ་ལ་བསམ་གཞིག་དང་ཕྱིར་རྟོག་མི་བྱེད་ཐབས་མེད་བྱུང་། ཐ་ན་འཁྲིད་ཚན་བསླབ་དེབ་ཀྱི་ནང་གི་རྩ་བའི་ཤེས་བྱ་ཁ་ཤས་ལ་གཅིག་གྱུར་གྱིས་དག་སེལ་ཡག་པོ་བཏང་མེད་པས། ས་ཕྱོགས་ཀྱི་འདུ་ཤེས་བསྐྱངས་ཏེ་ས་ཁུལ་རང་བཞིན་དུ་གྱུར་པ་སྟེ། དཔེར་ན། པ་བའི་ཁྱད་པར་ཙམ་རྙོག་གཞིར་གྱུར་ཏེ། སུམ་རྟགས་ཀྱི་དགེ་མཚན་དང་ཕན་ནུས་ཤོར་བར་བྱས། དེ་ལྟར་བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་ལ་གཅིག་གྱུར་དང་ཚད་ལྡན་གྱི་བསླབ་དེབ་སྒྲིག་རྩོམ་གྱི་འཕྲིན་ལས་སྤེལ་མ་ཐུབ་པའི་གནད་དོན་བྱུང་། སློབ་གྲྭ་ཆེན་མོ་ལ་མཚོན་ན། མི་ཆེ་གེ་མོས་བོད་རིག་པའི་སློབ་གླིང་ངམ་ཚན་ཁག་གི་མགོ་ཁྲིད་བྱས་ནས་སྒྲིག་རྩོམ་བྱས་པའི་དེབ་དེ་དག དེའི་དུས་སློབ་གླིང་ངམ་ཚན་ཁག་ཆེ་གེ་མོའི་ཚད་ལྡན་གྱི་བསླབ་དེབ་ཏུ་བརྩིས་ཏེ། བེད་སྤྱོད་བྱེད་པ་དེར་ཚན་རིག་དང། ཡང་ན་རིག་ཚན་གྱི་ངོ་བོ་དང་མཐུན་པའི་གཞི་འཛིན་ས་གང་ཡང་མེད་པས། སོ་སོའི་འདོད་པ་དང་། སྒོས་སུ་སྲིད་འཛིན་གྱི་གོ་གནས་སྤྱད་ནས་བཀས་བཀོད་ཙམ་དུ་ཟད་དེ། དཔེར་ན། དག་ཡིག་འཁྲིད་ཚན་གྱི་བསླབ་དེབ་ལ་མཚོན་ནའང་དེ་ལས་ཀྱང་བསམ་བློ་གཏང་དགོས་པའི་གནས་ཏེ། དཔལ་ཁང་ལོ་ཙཱ་བས་དུས་རབས་བཅུ་དྲུག་པར་བརྩམས་པའི་དག་ཡིག་ངག་སྒྲོན་ནི། ད་དུང་ང་ཚོས་སློབ་ཆེན་བསླབ་དེབ་ཏུ་བཀོལ་དང་འཁོལ་བཞིན་པ་དང་། ལྷག་པར་དུ་འབྲིང་རིམ་ཆེད་གཉེར་སློབ་གྲྭར་རྒྱ་ཆེར་བཀོལ་སྤྱོད་བྱེད་བཞིན་ཡོད། དག་ཡིག་བསླབ་དེབ་ལས་སློབ་ཆུང་དག་ཡིག་དང་བྱིས་པའི་དག་ཡིག དག་ཡིག་གབ་པ་མངོན་ཕྱུང་བཅས་པ་ལས་གཞན། བསླབ་དེབ་ཚད་ལྡན་ཞིག་མེད་པའི་རྒྱུ་རྐྱེན་གཙོ་བོའང་དག་ཡིག་ཅེས་པའི་འཁྲིད་ཚན་གྱི་ངོ་བོ་ཤེས་མེད་པར་རག་ལས་སོ། ། འཁྲིད་ཚན་འདིའི་ཕན་ནུས་གང་ཡིན་དང། བྱེ་བྲག་སློབ་ཚན་དུ་ཐག་གཅོད་ག་འདྲ་བྱེད་དགོས་པ། སློབ་མར་ཇི་ལྟར་ཕན་ཐོགས་པ་བཅས་དང་། ལྷག་པར་དུ་དག་ཡིག་འཁྲིད་ཚན་གྱི་ནང་དོན་གང་ནས་ཡོང་དགོས་པ་བཅས་གསལ་པོར་ཐག་ཆོད་མེད་དེ། དཔེར་ན། དཔལ་ཁང་ལོ་ཙཱ་བའི་ངག་སྒྲོན་དུ་དུས་རབས་བཅུ་དྲུག་དང་དེའི་ཡར་སྔོན་གྱི་བརྡ་ཆད་དག་ཤེས་བྱའི་གནད་དུ་བཏུས་པས། གལ་སྲིད་ང་ཚོས་མུ་མཐུད་དུ་ངག་སྒྲོན་བསླབ་དེབ་ཏུ་སྤྱད་ན། དུས་རབས་བཅུ་དྲུག་ཡར་སྔོན་གྱི་ཤེས་བྱར་བརྩི་མཐོང་བྱེད་པ་ལས། དེའི་ཚུན་ཆད་ཀྱི་ཤེས་བྱ་ཐམས་ཅད་ཆད་ནས་སྟོང་ཆར་ལུས་ཡོད་པ་ནི་སྙོན་མེད་དོ། ། དེར་བརྟེན། རིག་ཚན་དང་འཁྲིད་ཚན་གང་རུང་ཞིག་འཕེལ་རྒྱས་འབྱུང་དགོས་ན། ངེས་པར་ཡུལ་དུས་ཀྱི་འགྱུར་བའི་ཆོས་ཉིད་ཀྱི་འདུ་ཤེས་གཙིགས་སུ་འཛིན་དགོས་པར་མ་ཟད། བསླབ་དེབ་རྩོམ་སྒྲིག་གི་བྱ་བས་ཀྱང་འགྲོས་དེ་བསྲུང་དགོས་ཤིང། ཕྱིས་སུ་དུས་རབས་བཅོ་བརྒྱད་པར་ལྕང་སྐྱ་རོལ་པའི་རྡོ་རྗེའི་དག་ཡིག་མཁས་པའི་འབྱུང་གནས་ཀྱང་ཡུལ་དུས་ཀྱི་འགྱུར་བའི་སྤྱི་འགྲོས་དང་བསྟུན་ནས་བྱུང་བ་ཡིན་པས་སོ། ། དེས་ན། སྐབས་བབ་ཀྱི་དག་ཡིག་བསླབ་དེབ་ལ་མཚོན་ན། མིག་སྔར་ང་ཚོའི་འཚོ་བའི་ཐོག་བེད་སྤྱོད་བྱེད་བཞིན་པའི་བརྡ་ཆད་ཡོད་དོ་ཅོག་དག་ཡིག་བསླབ་དེབ་ཀྱི་རྒྱུ་ཆ་དང་ནང་དོན་ཡིན་པས། ང་ཚོས་ཇི་ལྟར་བྱས་ནས་བསླབ་དེབ་ཏུ་བཏུ་དགོས་པ་ནི། ངེས་པར་དུ་བསམ་བློ་གཏང་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཡིན།

        གཉིས། རྩོམ་རིག་ནི་རིག་ཚན་ཡིན་པར་མ་ཟད་ཆེད་སྦྱོང་ཡང་ཡིན་པས། དེ་ལས་འཁྲིད་ཚན་གྱི་རིགས་མི་ཉུང་བ་ཞིག་དབྱེ་ཞིང་འབྱེད་དེ། དཔེར་ན། རྩོམ་འཇུག་གནད་བསྡུས་དང་། བོད་ཀྱི་རྩོམ་རིག་ལོ་རྒྱུས། གནའ་རབས་རྩོམ་ཡིག དེང་རབས་རྩོམ་ཡིག དམངས་ཁྲོད་རྩོམ་རིག རྩོམ་འབྲི་བཅས་སོ། ། འདི་དག་ཐམས་ཅད་སྤྱིར་གཞུང་ལུགས་དང་ལག་ལེན་གྱི་ངོས་ནས་དབྱེ་བ་ཕྱེ་ཞིང་། བྱེ་བྲག་རྩོམ་ཡིག་བྱུང་རིམ་གྱི་དུས་ཚོད་ཀྱི་ངོས་ནས་འཁྲིད་ཚན་བགོས་པ་ཡིན། ཁོ་བོས་མི་རིགས་མཐོ་རིམ་སློབ་ཆེན་རེ་འགའི་རྩོམ་རིག་སློབ་ཁྲིད་ལ་ཉན་པ་ལས་མཐོང་སྣང་འདི་འདུག་སྟེ། དགེ་རྒན་འགའ་རེས་རྩོམ་རིག་གཞུང་ལུགས་འཁྲིད་སྐབས། དུས་ཚོད་མང་ཤོས་སུ་རྩོམ་རིག་ལོ་རྒྱུས་བཤད་པ་དང་། གནའ་རྩོམ་འཁྲིད་དུས་རྩོམ་རིག་ལོ་རྒྱུས་བཤད་པ། དེང་རྩོམ་འཁྲིད་དུས་སྤྱི་ཚོགས་སྣང་ཚུལ་དང་གསར་འགྱུར་བཤད་པ། རྩོམ་འབྲི་འཁྲིད་དུས་རྩོམ་རིག་གཞུང་ལུགས་བཤད་ཀྱིན་འདུག འདི་ལྟ་བུ་ནི་རྒྱལ་ཡོངས་མཐོ་རིམ་སློབ་ཆེན་ཁག་གི་བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་སློབ་ཁྲིད་དུ་གནས་པའི་ཐུན་མོང་གི་གནད་དོན་ཞིག་ཡིན། འདི་དག་ཐམས་ཅད་ཀྱི་འབྱུང་རྩ་གཙོ་བོ་ནི། རྩོམ་རིག་རིག་ཚན་དང་འཁྲིད་ཚན་སོ་སོའི་ངོ་བོའི་དབྱེ་བ་མི་ཤེས་པ་དང་། འཁྲིད་ཚན་གང་དེའི་ལས་འགན་གཙོ་བོ་གང་དང་། འཁྲིད་ཚན་དེའི་ནང་དུ་ཤེས་བྱ་གང་ཞིག་ཐག་གཅོད་བྱ་དགོས་པ་མི་གསལ་བའམ་མི་ཤེས་པས། འཁྲིད་ཚན་གྱི་ངོ་བོ་དང་མཐུན་པའི་བསླབ་དེབ་ཚད་ལྡན་ཞིག་གྲུབ་མེད་པ་སྟེ། དཔེར་ན། སློབ་གྲྭ་སོ་སོས་རང་ས་ནས་བསྒྲིགས་པའི་གནའ་དེང་གི་རྩོམ་ཡིག་གཅེས་བཏུས་ཕལ་མོ་ཆེར། མཁས་དབང་བློ་བཟང་ཆོས་གྲགས་སོགས་ཀྱིས་བསྒྲིགས་པའི་རྩོམ་ཡིག་གསེར་གྱི་སྦྲམ་བུ་གཅིག་པུ་གཞིར་བཟུང་ཡོད་དེ། སོ་སོས་བསྒྲིགས་པའི་དེབ་ཀྱི་ཆེ་ཆུང་དང་། མཐུག་སྲབ། ནང་དུ་བཀོད་པའི་རྩོམ་ཡིག་གི་ཁ་གྲངས་བཅས་ཀྱི་ཁྱད་པར་ཙམ་ལས། ནང་དོན་གྱི་ཆ་ནས་བརྒྱ་ཆའི་དགུ་བཅུ་གཅིག་པ་ཡིན་པ་ལྟ་བུའོ། །

        མིག་སྔར་བོད་ཀྱི་མཐོ་རིམ་སློབ་གྲྭ་སོ་སོ་ལ་གཅིག་གྱུར་གྱི་བསླབ་དེབ་མེད་པར་མ་ཟད། རྒྱལ་ཡོངས་སུ་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་བསླབ་དེབ་སྒྲིག་རྩོམ་ཚོ་ཆུང་ཞིག་ཀྱང་མེད་པས། བསླབ་དེབ་སྒྲིག་རྩོམ་གྱི་བྱ་བར་གཞི་འཛིན་ས་གང་ཡང་མེད་པར། སོ་སོས་རང་མོས་ཀྱིས་བསླབ་དེབ་སྒྲིག་བཞིན་འདུག ཁོ་བོའི་མཐོང་ཆོས་སུ་གྱུར་པའི་སློབ་གྲྭ་ཆེ་གེ་མོའི་དེང་རབས་རྩོམ་ཡིག་སྐོར་གྱི་བསླབ་དེབ་ཅིག་ཏུ། སྔོན་འགྲོ་དང་དཀར་ཆག མཇུག་གཏམ་ཅི་ཡང་མི་འདུག ཐད་ཀར་རྩོམ་ཡིག་དེ་དག་དེབ་ནང་དུ་བཀོད་ཡོད་པ་ལས། རྩོམ་དེ་དག་གི་རྩོམ་པ་པོའི་ལོ་རྒྱུས་མེད་ལ། ལོ་རབས་ནམ་ཞིག་གི་རྩོམ་ཡིག་ཡིན་པ་ཙམ་ཡང་གཏན་ནས་བཀོད་མེད་པའོ། །

        གསུམ། ལོ་ཙཱ་ཆེད་སྦྱོང་ནི་བོད་སྐད་ཡིག་རྩོམ་རིག་སློབ་གསོའི་རྐང་འཛིན་ཆེད་སྦྱོང་གཉིས་པ་ཡིན་ཞིང་། དེ་ལས་གཙོ་བོ་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་གྱི་འཁྲིད་ཚན་གཉིས་ཀྱི་དབྱེ་བ་ཕྱེ་ཡོད། མིག་སྔར་བོད་རྒྱ་དང་རྒྱ་བོད་ལོ་ཙཱའི་སློབ་ཁྲིད་ལས་བྱུང་བའི་གནད་དོན་དེ་དག་ཀྱང་རྩོམ་རིག་སློབ་ཁྲིད་ལས་བྱུང་པའི་གནད་དོན་དང་འདྲ་སྟེ། ལོ་ཙཱའི་གཞུང་ལུགས་འཁྲིད་དུས་ལག་ལེན་ལ་འཇུག་པ་དང་། ལོ་ཙཱའི་ལག་ལེན་ལ་འཇུག་དུས་ལོ་རྒྱུས་བཤད་པ་བཅས་ཀྱི་གནད་དོན་ཡོད། ཡིན་ན་ཡང་། བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་འཁྲིད་ཚན་དང་བསྡུར་ན། ལོ་ཙཱའི་འཁྲིད་ཚན་དེ་ཡུལ་དུས་ཀྱི་འགྱུར་བ་དང་བསྟུན་ཐབས་ལེགས་ཤོས་ཡིན་ཏེ། གཙོ་བོ་བསླབ་དེབ་སྒྲིག་རྩོམ་ལ་བལྟས་ན་རྟོགས་ཐུབ། མིག་སྔར་བསྒྲིགས་དང་སྒྲིག་བཞིན་པའི་རྒྱ་བོད་ལོ་ཙཱའི་བསླབ་དེབ་དག་རྒྱ་ཡིག་སོགས་ཀྱི་ལོ་ཙཱའི་འཁྲིད་ཚན་ལ་སློབ་སྦྱོང་བྱས་ཏེ། ལོ་ཙཱའི་འཁྲིད་ཚན་གྱི་ཤེས་བྱ་སྤྱི་དང་བསླབ་དེབ་གྲུབ་པའི་སྤྱི་ཁོག་གི་མ་ལག་ཅིག་ནང་འདྲེན་བྱས་ཡོད་པས། བོད་རང་གི་ལོ་ཙཱའི་བསླབ་དེབ་ཀྱི་གཞུང་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། ལོ་ཙཱའི་འཁྲིད་ཚན་གྱི་གནད་འགག་ཅིག་ནི་གཞུང་ལུགས་དང་ལག་ལེན་བར་གྱི་དབྱེ་བ་གསལ་འབྱེད་དང་གཞུང་ལུགས་ཀྱི་ཕྱོགས་སུ་གཏིང་ཕུགས་གཅོད་པ་ནི་གལ་ཆེན་པོར་ཆགས་ཡོད། དེ་བཞིན་དུ་ནང་དོན་དང་། ཚད་མ། ལོ་རྒྱུས་བཅས་འཁྲིད་ཚན་གཞན་དག་གི་བསླབ་དེབ་ལ་ཡང་གནད་དོན་དེ་ཡོད་དེ། དཔེར་ན། ལོ་རྒྱུས་འཁྲིད་ཚན་ལ་མཚོན་ན། མི་རིགས་མཐོ་རིམ་སློབ་ཆེན་ཕལ་མོ་ཆེར་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ཞེས་པའི་དེབ་གཅིག་པུ་བེད་སྤྱོད་གཏོང་བཞིན་ཡོད་པས། བལྟས་ཚོད་ཀྱིས་ལོ་རྒྱུས་བསླབ་དེབ་གཅིག་གྱུར་ལྟ་བུ་ཆགས་ཡོད་མོད། ཁོ་བོས་ལོ་རྒྱུས་སློབ་ཚན་ཕལ་མོ་ཆེར་རྒྱུས་ལོན་བྱས་ཚེ། སློབ་གྲྭ་ཕལ་ཆེས་བསླབ་དེབ་དེ་ཆ་ཚང་འཁྲིད་མི་ཚར་བས། སློབ་གསོ་རིག་པ་ལས། འཁྲིད་ཚན་གྱི་ངོ་བོ་ཞེས་པར་གོ་བ་ལོན་པར་བྱས་ཏེ། བསླབ་དེབ་ཀྱི་སྤྱི་ཁོག་ལ་བསམ་གཞིག་བྱ་དགོས་པར་ངེས། དེ་དག་ཐམས་ཅད་ནི་བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་འཁྲིད་ཚན་ཁག་གི་བསླབ་དེབ་ཀྱི་ཁ་ཚ་དགོས་གཏུགས་སུ་ཐག་གཅོད་བྱ་དགོས་པའི་གནད་དོན་ཡིན་ནོ། །

བཞི་པ། དབྱེ་ཞིབ་དང་བསམ་གཞིག

        བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་ནི་བོད་ཀྱི་དེང་རབས་མཐོ་རིམ་སློབ་གསོའི་ཆེད་སྦྱོང་ཉག་གཅིག་གམ་རྐང་འཛིན་ཆེད་སྦྱོང་ཡིན་པས། རྒྱལ་ཡོངས་མཐོ་རིམ་སློབ་ཆེན་དུ་བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་འཁྲིད་ཚན་ཇུས་འགོད་བྱེད་སྟངས་ཕལ་ཆེར་གཅིག་པ་ཆགས་ཡོད་པར་མ་ཟད། འཁྲིད་ཚན་སོ་སོར་བེད་སྤྱོད་གཏོང་བའི་བསླབ་དེབ་དེ་དག་ཀྱང་ཕལ་ཆེར་གཅིག་པ་ཡིན་ཞིང་། གོང་དུ་ཁོ་བོས་གཙོ་བོ་སི་ཁྲོན་མི་རིགས་སློབ་ཆེན་ལ་དཔེར་བཞག་ནས་བརྗོད་པ་ལས་གཞན། ད་དུང་ལྷོ་ནུབ་མི་རིགས་སློབ་ཆེན་དང་། རྔ་བ་དགེ་འོས་སློབ་ཆེན་བཅས་ཀྱི་བསླབ་དེབ་སྤྱོད་ཚུལ་ཡང་འདུས་ཡོད་ཅིང་། དེ་མིན་རྒྱལ་ཡོངས་སུ་བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་ཡོད་པའི་སློབ་ཆེན་ཁག་གི་བསླབ་དེབ་སྤྱོད་ཚུལ་ལའང་དེ་བཞིན་དུ་དཀའ་ངལ་དེ་དག་ཡོད་པར་ང་ཚོས་རྗེས་སུ་དཔག་ནུས་པས། གོང་དུ་གླེང་བའི་གནད་དོན་དེ་དག་ཇི་ལྟར་ཐག་གཅོད་དགོས་པར་བསམ་ཚུལ་མདོར་བསྡུས་ཙམ་ཞུ་ན།

གཅིག བསླབ་དེབ་སྒྲིག་རྩོམ་ལྷན་ཚོགས་དགོས་པ།

        མཐོ་རིམ་སློབ་གསོ་དང་རྨང་གཞིའི་སློབ་གསོའི་བར་གྱི་ཁྱད་པར་གཙོ་བོ་ཞིག་ནི། མཐོ་རིམ་སློབ་གསོའི་བསླབ་དེབ་སྒྲིག་དུས་རྨང་གཞིའི་སློབ་གསོ་ལྟར་ངེས་གཏན་གྱི་སྒྲིག་རྩོམ་ལས་ཁུངས་ཤིག་མེད་དེ། བོད་ཀྱི་གཞི་རིམ་སློབ་གསོའི་བསླབ་དེབ་སྒྲིག་མཁན་གྱི་ལས་ཁུངས་ནི་ལྗོངས་ཞིང་ལྔའི་བོད་ཡིག་སྒྲིག་རྩོམ་ཚོ་ཆུང་ཡིན་པས། ལས་ཁུངས་དེས་སྒྲིག་རྩོམ་བྱས་པའི་བསླབ་དེབ་ཅིག་མ་ཡིན་ན། གཞི་རིམ་སློབ་ཁྲིད་དུ་བེད་སྤྱོད་གཏོང་མི་ཆོག་པ་རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་ཡོད། མཐོ་རིམ་སློབ་གསོའི་བསླབ་དེབ་ནི། དེ་ལྟར་མིན་པར་གུ་ཡངས་དང་རང་དབང་ཡོད་ཅིང་། རྒྱལ་ཡོངས་ཀྱི་སློབ་ཆེན་གང་རུང་དུ་སོ་སོའི་འཁྲིད་ཚན་དགོས་མཁོ་དང་བསྟུན་ནས་བསླབ་དེབ་སྒྲིག་རྩོམ་བྱེད་ཆོག་པས། བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་འཁྲིད་ཚན་ཁག་དག་ནི་སོ་སོའི་དགོས་མཁོ་ལྟར་བསླབ་དེབ་སྒྲིག་རྩོམ་བྱས་དང་བྱེད་བཞིན་པ་ནི་གོང་ཞུས་ལྟར་རོ། ། དེས་ན། མཐོ་རིམ་སློབ་གསོའི་བསླབ་དེབ་སྒྲིག་རྩོམ་གྱི་ཐད་ལ་རྒྱལ་ཁབ་ཀྱིས་བསླབ་དེབ་སྒྲིག་རྩོམ་གྱི་ཚད་གཞིའི་ཡིག་ཆ་བསྒྲགས་མེད་པ་ཡང་མ་ཡིན་ཏེ། 1988ལོར《མཐོ་རིམ་སློབ་གྲྭའི་བསླབ་དེབ་ལས་དོན་སྒྲིག་གཞི》 ཞེས་པ་སྤེལ་ཏེ། བསླབ་དེབ་སྒྲིག་རྩོམ་ལ་ངེས་པར་དུ་བསམ་བློའི་རང་བཞིན་དང་ཚན་རིག་རང་བཞིན། བློ་དཔྱོད་རང་བཞིན། སྔོན་ཐོན་རང་བཞིན། མཁོ་སྤྱོད་རང་བཞིན་བཅས་ཚང་དགོས་པ་གསལ་པོར་བསྟན་ཡོད།⑥རིམ་བཞིན་དུ2011ལོར(2011)ཨང5པའི་ཡིག་ཆ《སློབ་གསོ་པུའུ་ཡི་ཨང་བཅུ་གཉིས་པའི་ལོ་ལྔའི་སྤྱིར་བཏང་མཐོ་རིམ་སློབ་གསོ་དངོས་གཞི་བསླབ་དེབ་སྒྲིག་རྩོམ་གྱི་དགོངས་འཆར་ཁག་ཅིག》ཏུ། མི་སྣ་གསོ་སྐྱོང་བྱ་རྒྱུ་རྩ་བར་བཟུང་ནས་འཇོན་ཐང་མི་སྣ་གསོ་སྐྱོང་གི་སྤུས་ཚད་མཐོར་འདེགས་བྱེད་པའི་ཁྲོད་དུ་བསླབ་དེབ་ཀྱིས་རྩ་བའི་ནུས་པ་འདོན་སྤེལ་བྱེད་ཐུབ་པ་དང་། རང་རྒྱལ་གྱི་ལོ་ངོ་སུམ་ཅུའི་རིང་གི་བཅོས་སྒྱུར་སྒོ་འབྱེད་ཁྲོད་དུ་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། ཚན་རྩལ་སོགས་སུ་གྲུབ་འབྲས་མངོན་དུ་འདོན་པར་ལགས་སོ། །⑦ ལྷག་པར་དུ་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོའི་བསླབ་དེབ་སྒྲིག་རྩོམ་གྱི་ཡིག་ཆའི་དགོངས་དོན་སོགས་ལ་བརྟེན་ནས། སྤྱི་ལོ2002ལོར་ཀྲུང་དབྱང་སློབ་གསོ་ཚན་རིག་ཞིབ་འཇུག་གླིང་གིས་སྣེ་ཁྲིད་ནས། རྒྱལ་ཡོངས་མཐོ་རིམ་དགེ་འོས་སློབ་གསོའི་ཆེད་སྤྱོད་བསླབ་དེབ་སྒྲིག་རྩོམ་བྱས་ཏེ། རྒྱལ་ཡོངས་སུ་འབུར་དུ་ཐོན་པའི་དགེ་འོས་སློབ་ཆེན་བཅུ་གཉིས་ཀྱིས་ལྷན་དུ་སྒྲིག་རྩོམ་ཨུ་ཡོན་ལྷན་ཚོགས་བཙུགས་པ་ནི། དཔེར་ན། སློབ་གསོ་རིག་པའི་རྨང་གཞི་ཞེས་པའི་བསླབ་དེབ་སྒྲིག་རྩོམ་བྱེད་དུས། གོང་གི་དགེ་འོས་སློབ་ཆེན་སོ་སོ་ནས་སློབ་གསོ་རིག་པའི་མཁས་དབང་སོ་སོས་བསླབ་དེབ་ཀྱི་དཀར་ཆག་ལྟར་ནང་དོན་བགོས་ནས་བརྩམས། མཐར་སྒྲིག་རྩོམ་ལྷན་ཚོགས་ཀྱིས་བསླབ་དེབ་ཏུ་སྒྲིག་རྩོམ་བྱས། དགེ་འོས་སློབ་གསོའི་བསླབ་དེབ་སྒྲིག་རྩོམ་བྱེད་ཚུལ་འདིར་དགེ་མཚན་གང་དག་ཡོད་ཅེ་ན། ༡. བསླབ་དེབ་ནང་དུ་སྒེར་གཅོད་དང་རང་མཐོང་ཆེ་བ། རྟོག་བཟོ་བཅས་ཀྱི་ཚུལ་ཉུང་། ༢. འཁྲིད་ཚན་བསླབ་དེབ་ཀྱི་རྩ་བའི་ཤེས་བྱ་ལ་མི་འཁྲུལ། ༣. འཁྲིད་ཚན་གྱི་བསླབ་དེབ་རྩོམ་པའི་ཆེད་མཁས་པ་ཚོས་མཉམ་གཅིག་ཏུ་ཞིབ་བཤེར་དང་གྲོས་ཐག་བཅད་ནས་དག་སེལ་བྱ་ཆོག ༤. རིག་ཚན་དང་འཁྲིད་ཚན་དག་གོམ་གང་མདུན་སྤོས་ཀྱིས་རིག་པའི་གཞུང་ལུགས་ཅན་ལ་གཏོང་ཐུབ་པ་བཅས་སོ། ། བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གིས་ཀྱང་རྒྱལ་ཁབ་སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གསོ་དངོས་གཞི་བསླབ་དེབ་སྒྲིག་རྩོམ་སྐོར་གྱི་འབྲེལ་ཡོད་ཡིག་ཆར་སློབ་སྦྱོང་བྱས་ཏེ། རྒྱལ་ཡོངས་སྤྱིར་བཏང་མཐོ་རིམ་སློབ་གྲྭ་སོ་སོའི་བསླབ་དེབ་སྒྲིག་རྩོམ་བྱེད་སྟངས་ལ་ཟུར་ལྟ་སློབ་སྦྱོང་བྱེད་རུང་སྟེ། གོང་གི་དགེ་འོས་སློབ་ཆེན་གྱི་བསླབ་དེབ་སྒྲིག་རྩོམ་བྱེད་སྟངས་ནི་དཔྱད་གཞིར་གཟུང་འོས་སོ། ། དེས་ན། མིག་སྔར་བོད་ཀྱི་སྐད་ཡིག་རྩོམ་རིག་གི་བསླབ་དེབ་གང་འདོད་ཀྱིས་སྒྲིག་རྩོམ་བྱས་པའི་རྒྱུ་རྐྱེན་གཙོ་བོ་ནི། འཁྲིད་ཚན་གྱི་བསླབ་དེབ་སོ་སོར་ལྟ་སྐུལ་དང་ཞིབ་བཤེར་བྱེད་མཁན་མེད་པས་ཡིན། དེ་བས། རྒྱལ་ཡོངས་ཀྱི་བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་ཡོད་པའི་མཐོ་རིམ་སློབ་ཆེན་དག་གིས། མཉམ་གཅིག་ཏུ་བསླབ་དེབ་སྒྲིག་རྩོམ་ལྷན་ཚོགས་ཤིག་འཛུགས་དགོས་པ་ནི། ཁ་ཚ་དགོས་གཏུགས་ཡིན་ལ། གལ་སྲིད་བསླབ་དེབ་སྒྲིག་རྩོམ་ལྷན་ཚོགས་ཤིག་འཛུགས་ཐུབ་ན། བོད་སྐད་ཡིག་རྩོམ་རིག་སློབ་གསོའི་བསླབ་དེབ་ཀྱི་རྒྱུ་སྤུས་ད་གཟོད་ཚད་ལྡན་གྱི་ལམ་ལ་འགྲོ་ཐུབ་པས། འདི་ནི་གལ་འགངས་ཆེ་བའི་བྱ་བའོ། །

གཉིས། བསླབ་དེབ་དཔར་སའི་དཔེ་སྐྲུན་ཁང་དགོས་པ།

        མིག་སྔར་བསླབ་དེབ་སྒྲིག་རྩོམ་དང་དཔེ་སྐྲུན་སྐོར་ལ་ཚད་བཀག་ངེས་ཅན་ཞིག་མེད་པས། སློབ་ཆེན་རང་གིས་བསླབ་དེབ་གདམ་ཆོག་པ་དང་། ཡང་ན་རང་གིས་སྒྲིག་ཆོག་པ། ད་དུང་བསླབ་དེབ་དཔར་བ་ལ་དཔལ་འབྱོར་གྱི་ཁེ་ཆེན་པོ་ཡོད་པས། དཔེ་སྐྲུན་ཁང་དག་གིས་བསླབ་དེབ་ཀྱི་ཁྲོམ་ར་འཕྲོག་རེས་བྱས་ནས། ཁྲོམ་ར་འདི་ཉིད་རྙོག་འཛིང་ཅན་དུ་བསྒྱུར།⑧ ཀུན་གྱིས་མཁྱེན་གསལ་ལྟར་སྤྱིར་བཏང་དཔེ་ཆ་དང་བསླབ་དེབ་ལ་ཁྱད་པར་ངེས་ཅན་ཞིག་ཡོད་དེ། དཔེར་ན། མི་ཞིག་གིས་ཐོག་མར་འབྲི་ཀློག་མི་ཤེས་པ་ནས་ཤེས་པར་གྱུར། འབྲི་ཀློག་ཤེས་པ་ནས་ཕུལ་དུ་བྱུང་བའི་སྨན་པ་བཤགས་བཅོས་ལ་མཁས་པ་ཞིག་ཏུ་གྱུར། དེ་ནི་མི་དེ་ཉིད་ཀྱིས་ཆུང་དུས་སུ་སློབ་གྲྭའི་སློབ་གསོ་ཐོབ་པ་ནས་བཟུང་རྒྱུན་ཤེས་ཀྱི་ཤེས་བྱ་དག་སློབ་སྦྱོང་བྱས་ཏེ། རིམ་གྱིས་སྨན་པའི་ཆེད་ལས་ཀྱི་ཤེས་བྱ་ལེགས་པར་སྦྱངས་ནས་མཐར་བཤགས་བཅོས་ཀྱི་ཆེད་མཁས་པར་གྱུར་པ་ཡིན། དེས་ན། ཤེས་བྱ་དེ་དག་གང་ནས་བྱུང་བ་དང་། དགེ་རྒན་གྱིས་གང་ལ་བརྟེན་ནས་སློབ་པ་རེད་ཅེ་ན། ཤེས་བྱ་དེ་དག་བསླབ་དེབ་ལ་བརྟེན་ནས་བྱུང་བ་དང་། དགེ་རྒན་གྱིས་བསླབ་དེབ་ལ་བརྟེན་ནས་བསླབ་དགོས། གལ་སྲིད་བསླབ་དེབ་ཅིག་པར་སྐྲུན་བྱེད་དགོས་ན་ཆེད་ལས་དཔེ་སྐྲུན་ལས་ཁུངས་ལ་སྤྲོད་དགོས། གོང་དུ་དགེ་འོས་སློབ་གསོའི་བསླབ་དེབ་སྒྲིག་རྩོམ་བྱེད་སྟངས་ལས་ང་ཚོས་རྒྱུས་ལོན་བྱས་པ་ལྟར། བསླབ་དེབ་པར་སྐྲུན་ལ་དམིགས་ཏེ་དཔར་ན་ཚན་རིག་དང་མཐུན་ཞིང་ཚད་ལྡན་དུ་ཡོང་། དེས་ན། བསླབ་དེབ་དཔེ་སྐྲུན་ཁང་གཏན་ཁེལ་བྱེད་པར་དགེ་མཚན་གང་དག་ཡོད་ཅེ་ན། ༡. དཔལ་འབྱོར་ཁེ་ཕན་རྐྱང་རྐྱང་གི་དབང་དུ་མི་འགྲོ་བས་བསླབ་དེབ་དཔེ་སྐྲུན་བྱེད་པའི་ཁྲོམ་ར་རྙོག་འཛིང་ཅན་དུ་མི་འགྱུར། ༢. བསླབ་དེབ་པར་གཞིར་ནོར་བ་དང་ཆད་ལྷག་ཉུང་བ། ༣. རྐུ་བཤུས་དང་བསྐྱར་ཟློས། ཆ་རྐྱེན་མི་ཚང་བའི་བསླབ་དེབ་དག་ལ་ལྟ་སྐུལ་ཐོབ་པ། ༤. བསླབ་དེབ་པར་གཞིའི་སྤུས་ཀ་དང་དཔེ་སྐྲུན་ཁང་གི་ཆེད་ལས་མི་སྣའི་ལག་རྩལ་ཕན་ཚུན་བར་གཅིག་ཕན་གཅིག་རོགས་བྱས་ཏེ་མཉམ་དུ་འཕེལ་རྒྱས་འགྲོ་ཐུབ་པས། བོད་སྐད་ཡིག་རྩོམ་རིག་འཁྲིད་ཚན་གྱི་བསླབ་དེབ་དཔེ་སྐྲུན་ལས་ཁུངས་ཤིག་མྱུར་དུ་གཏན་འབེབས་བྱ་བ་ཤིན་ཏུ་གལ་ཆེའོ། །

གསུམ། རིག་ཚན་དང་འཁྲིད་ཚན་གྱི་དབྱེ་བ་མི་གསལ་བ།

        བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་དགེ་རྒན་ཕལ་མོ་ཆེས། རིག་ཚན་དང་འཁྲིད་ཚན། སྦྱང་ཚན་བཅས་ཀྱི་འབྲེལ་བ་ག་འདྲ་ཡིན་པ་མི་ཤེས་ཤིང་། དེ་དག་སོ་སོའི་གོ་དོན་དང་ནུས་པ་ག་འདྲ་ཐོན་པར་གསལ་ཆ་མེད། དཔེར་ན། རྩོམ་རིག་ཅེས་པའི་རིག་ཚན་དེ་གང་ཡིན་པ་དང་། དེ་ལས་འཁྲིད་ཚན་གྱི་དབྱེ་བ་ཅི་ཙམ་འབྱེད་ཆོག་པ་དང་། འཁྲིད་ཚན་དེ་དག་གི་ནུས་པ་གང་ཡིན་པ། སློབ་ཁྲིད་དངོས་ལ་ནུས་པ་ག་འདྲ་ཐོན་དགོས་པ། སློབ་ཁྲིད་དེས་སློབ་མའི་དོན་དག་གང་ཐག་གཅོད་བྱ་དགོས་པ་བཅས་ཀྱི་གནད་དོན་དེ་དག་གོང་གི་རྩོམ་རིག་གཞུང་ལུགས་འཁྲིད་དུས་སུ་ཡོད་པའི་གནད་དོན་གྱི་གནས་ཚུལ་ཇི་བཞིན་ཡིན། ད་དུང་རྩོམ་རིག་འཁྲིད་ཚན་གྱི་བསླབ་དེབ་ཅི་འདྲའི་གསར་པ་ཞིག་སྒྲིག་ཁུལ་བྱས་རུང་། དེའི་ནང་དོན་བརྒྱ་ཆའི་དགུ་བཅུ་བསླབ་དེབ་གཞན་ལས་བཤུས་པ་དང་། བསྐྱར་ཟློས་མང་བ། འབྲེལ་མེད་རྒྱུ་ཆ་མང་བ་བཅས་ལས་ཀྱང་རྟོགས་ཐུབ། དེ་བས། བོད་སྐད་ཡིག་རྩོམ་རིག་ཆེད་སྦྱོང་གི་འཁྲིད་ཚན་གང་རུང་ཞིག་གི་བསླབ་དེབ་སྒྲིག་རྩོམ་བྱས་རུང་། ཐོག་མར་དགེ་རྒན་དེ་དག་ལ་སློབ་གསོ་རིག་པའི་རིག་ཚན་དབྱེ་ལུགས་འབྱེད་སྟངས་དང་། འཁྲིད་ཚན། སློབ་ཁྲིད། བསླབ་དེབ་སྒྲིག་རྩོམ་བྱེད་སྟངས་ཀྱི་རྨང་གཞིའི་ཤེས་བྱ་ངེས་དགོས་ཤིང། ལྷག་པར་དུ་རིག་ཚན་དང་བསྟུན་ནས་བསླབ་དེབ་སྒྲིག་རྩོམ་བྱེད་པ་ལ་ངེས་པར་དུ་ཆ་རྐྱེན་ག་འདྲ་འཛོམ་དགོས་པའི་རྒྱུན་ཤེས་ངེས་དགོས། དེ་ལྟར་ངེས་དགོས་ན། མ་མཐའ་ཡང་དགེ་རྒན་སྒྲིག་རྩོམ་པ་དག་ལ་གཟའ་འཁོར་གཅིག་ཡས་མས་ཀྱི་གསོ་སྦྱོང་ཐུང་ངུ་ཞིག་སྤེལ་ཐུབ་ན་ཤིན་ཏུ་ལེགས་སོ། ། མདོར་ན་བསླབ་དེབ་ནི་སློབ་གསོའི་རྨང་རྡོ་ལྟ་བུ་ཡིན་ཞིང་། གལ་སྲིད་འཁྲིད་ཚན་གང་རུང་ཞིག་གི་བསླབ་དེབ་ཚད་ལྡན་ཞིག་སྒྲིག་རྩོམ་བྱེད་མ་ཐུབ་ན་འཁྲིད་ཚན་དེའི་སློབ་ཁྲིད་སྤུས་དག་ཅིག་ཡོང་བ་ཤིན་ཏུ་དཀའ། མིག་སྔར་བོད་ཀྱི་སྐད་ཡིག་རྩོམ་རིག་འཁྲིད་ཚན་གྱི་སློབ་ཁྲིད་ལ་བརྟགས་ན། རང་རེའི་སློབ་ཁྲིད་ལ་གནད་དོན་འབྱུང་ཞིང་དཀའ་ངལ་ལ་འཕྲད་བཞིན་ཡོད་པ་རྟོགས་ཐུབ་པའོ། །


དཔྱད་གཞིའི་ཡིག་ཆ།

[1] 全国十二所重点师范大学联合编写 教育学基础[M]教育科学出版社 2008年12月第2版

[2] 许春英等 当前高校教材选用编写现状与教材建设的思考[J]理论研究2014(02):3-4

[3] 云慧霞 关于高校教材编写中的学术规范问题[J]云梦学刊 2013,(05):28-30

[4] [2011]5号文件 教育部关于“十二五”普通高等教育本科建设的若干意见


* འདབ་པ་བློ་བཟང་ཆོས་འཕེལ། སི་ཁྲོན་དགེ་འོས་སློབ་ཆེན་གྱི་སློབ་གསོ་རིག་པའི་འབུམ་རམས་ཞིབ་འཇུག་སློབ་མ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1