སྲོལ་རྒྱུན་དང་དེབ་རབས་ཀྱི་མཐུན་སྦྱོར།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28
གེ་སར་མཁར་གྲོང་ནི་ཕོ་བྲང་སེང་འབྲུག་སྟག་རྩེ་ལྟེ་བར་བྱས་ལ། གླིང་གི་དཔའ་རྟུལ་སུམ་ཅུའི་གཞིས་སྒར་ནི་སྟོད་གླིང་གསེར་པ་མཆེད་བརྒྱད། བར་གླིང་འོམ་བུ་ཚོ་དྲུག །སྨད་གླིང་དམུ་སྤྱང་སྡེ་བཞི་རུ་བགོས་ནས་གོ་རིམ་ལྟར་བསྒྲིགས་པ་དང་གཞིས་སྒར་སོ་སོའི་བར་དྲ་བ་བཞིན་ཕྱོགས་ཀུན་ལ་སྦྲེལ་ནས་མཁར་ནང་ལ་རི་ཆུ་སོགས་ཕྱིའི་སྣོད་བཅུད་ཀྱི་ཆའང་ཡོད་པར་བྱས་ནས་ས་མིང་ཡོངས་གླིང་སྒྲུང་ལས་བྱུང་བའི་མིང་གི་ཁྱད་ཆོས་ཅན་འདོགས་པ་དང་། དེ་མིན་གེ་སར་གྱི་མཚོན་ཆའི་རིག་གནས་རོལ་མྱོང་ཁུལ་དང་རྟ་རྩལ་རོལ་མྱོང་ཁུལ། སྦྲ་གུར་རིག་གནས་རོལ་མྱོང་ཁུལ། འབྲུག་མོའི་བླ་མཚོ་རོལ་མྱོང་ཁུལ་སོགས་ཀྱིས་མཁར་གྲོང་འདི་གེ་སར་རིག་གནས་ཀྱི་ཉིང་བཅུད་མ་ཡལ་བ་དང་ཡུལ་སྐོར་གྱི་གནས་མཆོག་ཅིག་ཏུ་བསྒྱུར་ཐུབ།
གེ་སར་མཁར་གྲོང་ནི་ཡུལ་སྐོར་བའི་སེམས་ཀྱི་ཕྱོགས་ས་ཡིན་ལ། གནས་འདིར་ཡུལ་སྐོར་ལ་ཚང་དགོས་པའི་ཆ་རྐྱེན་དྲུག་སྟེ། ཟ་མ་དང་སྡོད་གནས། འགྲིམ་འགྲུལ། ལྟ་སྐོར། ཉོ་སྒྲུབ། རོལ་རྩེད་སོགས་ཚང་ཡོད་པ་མ་ཟད། དེ་ལས་ས་ཆ་གཞན་དང་མི་མཐུན་པ་ནི། གནས་འདིར་རྒྱལ་ཁབ་ཕྱི་ནང་དང་དཀར་མཛེས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་ཁྱད་ཆོས་ལྡན་པའི་ཟས་མཆོག་མང་པོ་ཟ་ཐུབ་ལ། བོད་ལུགས་ཀྱི་མགྲོན་ཁང་རྩེ་གྲར་བསྡད་ཆོག་པ་དང་། གེ་སར་དུས་སྐབས་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་མཐོང་ཐུབ་ཅིང་། དཀར་མཛེས་རྫོང་ཁག་བཅོ་བརྒྱད་ཀྱི་ས་ཆ་སོ་སོའི་ཁྱད་རྫས་ཉོ་ཐུབ་པ་མ་ཟད། ད་དུང་གེ་སར་དུས་སྐབས་ཀྱི་ཡུལ་སྲོལ་རིག་གནས་མྱོང་རོལ་རྣམ་གྲངས་ལ་རོལ་ཆོག་སྟེ། རྟ་རྐྱང་རྒོད་ལ་ཞོན་པ་དང་། གེ་སར་གྱི་ཁྲབ་གྱོན་པ། གེ་སར་གྱི་མདའ་འཕེན་པ། གེ་སར་གྱི་སྒྲུང་ལ་ཉན་པ། གེ་སར་གྱི་རྣམ་ཐར་ཀློག་པ་སོགས་གེ་སར་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མྱོང་ཐུབ།
པེ་ཅིན་གྱི་གེ་སར་སྒྲུང་གི་ཤིང་པར་དང་ཁྲི་ཀའི་སྒྲུང་གི་ལེའུ། སྡེ་དགེའི་གླིང་ཚང་གི་ཤིང་པར། ལ་དྭགས་ཀྱི་པར་སོགས་སུ་བཀོད་པ་ལྟར་ན། གེ་སར་རྒྱལ་པོ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྲུལ་བ་ཡིན་པར་གྲགས། དེ་བས། སྒྲུང་གི་ཆ་འཕྲིན་འདི་བཀོལ་སྤྱོད་ཀྱིས་དགོང་མོའི་དུས་སུ། མཁར་གྲོང་ཡོངས་ལ་མེ་ཏོག་པད་མ་བཞད་པ་ལྟ་བུའི་གློག་སྒྲོན་སྣ་ཚོགས་ཀྱིས་ཁེངས་པར་བྱས་ཏེ། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གཉིས་ཆུ་དང་འོ་མ་བཞིན་འདྲེས་པར་བྱས་ཡོད།