བཅོས་མིན་གྱི་འཛུམ་མདངས།
གླིང་བུ་ཚེ་རིང་དོན་འགྲུབ། (ཡུན་ནན།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28
དེ་རིང་ཁྱོད་ཀྱི་གདོང་ལ་འཛུམ་མདངས་རྒྱས་ཨེ་ཡོད། ཉན་པ་ཙམ་གྱིས་སྐད་ཆ་འདི་ལ་དོན་སྙིང་མེད་པར་སྣང་མོད་ཀྱི་སེམས་རྣལ་དུ་ཕབ་ནས་ཞིབ་ཏུ་བསམ་བློ་བཏང་བའི་ཚེ་ན་འདིའི་ནང་དུ་མི་ཚེའི་གོ་རིམ་ཁྲོད་ཀྱི་གནས་ལུགས་མང་པོ་ཞིག་ཚུད་ཡོད་པར་འདོད། རྒྱུ་མཚན་ནི་དེང་གི་འཚོ་བའི་གོམ་འགྲོས་མགྱོགས་དྲགས་ཤིང་འཚོ་བའི་གནོན་ཤུགས་ཆེ་དྲགས་པའི་མི་རྣམས་ཀྱི་གདོང་ན་འཛུམ་མདངས་ནི་མཐོང་དཀའ་ཞིང་། གདོང་ལ་མི་འདོད་པའི་རྣམ་འགྱུར་ཅི་རིགས་བཟུང་སྟེ་སྒེར་སེམས་དང་ཨུ་ཚུགས་ཀྱིས་དུས་ཚོད་ཕར་འདའ་ཞིང་། ཕན་ཚུན་ལ་བློ་གཏད་དང་ཡིད་ཆེས། རྒྱབ་སྐྱོར་མི་བྱེད་པར་རང་གཞན་གཉིས་ཀར་ཕན་པའི་ལྷག་བསམ་གྱི་སེམས་དཀར་པོ་ནི་རྙེད་དཀའ་ཅིང་། སྔོན་དང་བསྡུར་ན་མི་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་པའི་རྣམ་པ་དེ་མཐོང་དཀའ་བར་གྱུར་འདུག །
ཚེ་ཐག་རིང་བའི་མི་རྣམས་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། གདོང་ལ་འཛུམ་རྒྱས་ནས་དགོད་རྒྱུ་དགའ་བ་དེ་རེད་ཅེས་གསོ་རིག་ཆེད་ལས་མཁས་པས་གསུང་ཡོད། དེང་དུས་དར་ཆེ་བའི་ཚིག་གཅིག་ནི། དགོད་རྒྱུ་དགའ་བའི་མི་ལ་ཅིས་ཀྱང་བསོད་ནམས་དབང་ཐང་འབྱོར་ངེས་ཡིན་ཞེས་བྲིས་ཡོད། གཏམ་འདི་བདེན་པར་སྣང་སྟེ། མི་དགོད་ཁ་རྩེད་ཁ་ཅན་ཞིག་ཡིན་ན་སུ་ཡང་དེ་ལ་དགའ་ཞིང་འདྲོགས་འདོད་ལ། དེ་མིན་གདོང་ལ་རྣམ་འགྱུར་ཅི་ཡང་མེད་ན་ཕ་རོལ་བའི་མི་སུ་ཡིས་མཐོང་ཡང་དོགས་མི་བདེ་ལ། བག་ཆགས་བཟང་བོ་ཞིག་ཀྱང་འཇོག་དཀའ་བ་རེད། ངའི་དྲན་སྣང་ལ་ཆུང་དུས་སྡེ་མི་ཆེ་ཆུང་ཀུན་གྱི་གདོང་ན་འཛུམ་ཡོད་ཅིང་། སུ་ལ་འཕྲད་ཀྱང་ངོ་ལ་ལྷད་མེད་ཀྱི་འཛུམ་མདངས་རྒྱས་ནས་ཕན་ཚུན་ལ་འཚམས་འདྲི་སྣ་ཚོགས་བྱེད་པ་ཡིན། དུས་དེང་སང་ཕ་ཡུལ་ལ་ལོག་པའི་དུས་ན་སྡེ་མི་མང་ཤོས་ཀྱིས་བྲེལ་འཚུབ་ཀྱི་གོམ་པ་སྤོས་ནས་ཁ་ཡང་གྲགས་ཐུབ་མི་ཐུབ་ཀྱི་མཚམས་ལ་སླེབས་ཡོད་ཅིང་། སྟབས་བདེའི་འཚམས་འདྲི་དང་ཡང་ན་རྣམ་འགྱུར་སྟབས་བདེ་ཙམ་རེ་སྤྲོད་པ་ལས་འགྲོ་མཚམས་བཞག་ཅིང་སེམས་ལྷོད་མོས་ཕན་ཚུན་ལ་འབྲེལ་འདྲིས་བྱེད་པ་ནི་ཤིན་ཏུ་དཀོན། གྲོང་ཁྱེར་སོགས་ནི་དེ་ལས་ཞན་ཅིང་། རང་གིས་སེམས་ལྷོད་ལྷོད་བྱས་ཏེ་གཞན་ལ་འཛུམ་བསྟན་ན་གཞན་གྱིས་དོགས་མི་བདེ་བའི་རྣམ་འགྱུར་ཞིག་གམ་ཡང་ན་ཚུར་ལ་མིག་ཟུར་ཙམ་གྱིས་ཀྱང་མི་ལྟ་བའི་ཚེ་ན་རང་གི་འཛུམ་དེ་ལ་ཡང་བྲོ་བ་མེད་པར་གྱུར་འགྲོ།
ཚན་རིག་བརྟག་དཔྱད་ཅིག་ལས་རང་དགར་དགོད་པའམ་ཡང་ན་ཀློའུ་དགོད་ཅིག་བྱས་པ་ཙམ་གྱིས་ཀྱང་ལུས་པོའི་ནང་གི་རྩ་ཁྲག་རྒྱུག་པར་ཕན་ཐོགས་ཐུབ་ཅེས་བཀོད་ཡོད། དགད་ན་རང་གི་ལུས་སེམས་སྐྱིད་ཅིང་གཞན་པའི་ཡིད་སེམས་ཀྱང་བདེ་བ་སུས་ཀྱང་ཤེས་མོད། ཡིན་ཡང་འཚོ་བའི་གོམས་གཤིས་སམ་འགྱུར་ལྡོག་སྣ་ཚོགས་ཀྱི་དབང་གིས་ཤེས་མེད་ཚོར་མེད་ཀྱི་ངང་ནས་ང་ཚོ་ནི་འཛུམ་མདངས་དང་བར་ཐག་རིང་དུ་གྱེས་འདུག འཛུམ་མདངས་ནི་མི་ཡི་ལུས་ལ་རང་བཞིན་གྱིས་འཛོམས་པའི་གཤིས་ཀ་ཞིག་ཡིན་མོད། ཡིན་ཡང་རིན་ཐང་བྲལ་བའི་གཤིས་ཀ་འདི་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་རྐུན་པོ་སུ་ཞིག་གིས་འཁྱེར་བ་དང་འདྲ་བར་ང་ཚོའི་ལུས་སྟེང་ན་རིམ་བཞིན་ཡལ་བཞིན་འདུག
འཛུམ་མདངས་ནི་ཉི་འོད་བཞིན་འདིས་མི་ཀུན་ལ་བདེ་སྐྱིད་ཀྱི་དྲོད་སྣང་སྦྱིན་ཐུབ། ད་ལྟ་རང་གི་ཕ་མ་དང་བཟའ་ཟླ་བུ་ཕྲུག་གིས་རང་ལ་ལྷད་མེད་ཀྱི་འཛུམ་མདངས་སྟོན་པ་མ་གཏོགས། ལྷད་མེད་ཀྱི་དགོད་སྒྲ་དང་འཛུམ་མདངས་ནི་ཤིན་ཏུ་གང་ས་ནས་ཀྱང་མཐོང་དཀའ་བའི་སྣང་ཚུལ་བྱུང་ཡོད། སྔོན་ཆད་ཡིན་ན་ཁ་ཡ་ན་ཟླ་འཛོམས་དུས་འདས་ཟིན་པའི་ལོ་ཟླ་ལ་ཕྱིར་དྲན་དང་། ཆུང་དུས་ཀྱི་བདེ་སྡུག་གླེང་བ། ཁ་མཚར་ཀུ་རེ་རྩེ་བ་སོགས་ཉིན་ཞག་ལ་དགོད་དགོས་ཀྱང་ངལ་བ་ཅི་ཡང་མ་མཆིས་མོད། ད་ནི་གྲོགས་པོ་གྲོགས་མོ་སུ་འཛོམས་ཀྱང་མི་འདོད་པའི་རྣམ་འགྱུར་གྱིས་རང་གཞན་མནར་ཅིང་བཅོས་མའི་འཛུམ་མདངས་དེ་ཡང་གདོང་ལ་ཤིན་ཏུ་མི་འཕྲོད་པར། མགོ་སྒུར་ནས་ལག་ཁྱེར་ཁ་པར་རྩེ་བ་མ་གཏོགས་ཕན་ཚུན་ལ་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཤིན་ཏུ་ཉུང་།
འཕྲུལ་སྣང་གི་དྲ་རྒྱ་རུ་རང་ཉིད་ངོ་མ་ནི་སུ་ཞིག་ཡིན་པ་བརྗེད་དེ་རང་རློམ་གྱི་ཚུལ་འཆོས་འབའ་ཞིག་བཟུང་ནས་གཞན་ལ་འཇོན་ཐང་དང་སྤོབས་པ་ཁོ་ན་མངོན་ཞིང་། མངོན་སུམ་གྱི་སྤྱི་ཚོགས་ནང་ཉམས་ཆུང་ཞིང་སྤོབས་པ་མེད་ལ། ཕྲག་དོག་ཆེ་བ། ཕམ་སླ་ཞིང་རང་སྐྱོན་ངོས་ལེན་མི་བྱེད་པར་སྐྱོ་སྣང་གིས་འཚོ་བ་ནི་ད་ལྟའི་མི་མང་ཤོས་ཀྱི་འཚོ་བའི་སྣང་ཚུལ་དངོས་ཡིན་ལ། ང་ཡང་དེ་ཁོ་ན་ལས་མ་འདས། མི་ལོ་སུམ་ཅུ་བརྒལ་བའི་སྐབས་འདི་ལ་འཛུམ་མདངས་ཀྱི་རིན་ཐང་དྲན་ཞིང་ངའི་སེམས་སུ་ལྷད་མེད་ཀྱི་འཛུམ་མདངས་ལ་བར་ཐག་གྱེས་མི་རུང་བའི་ངེས་ཤེས་ཤིག་སྐྱེས་བྱུང་། སེམས་ཀྱི་བདེ་སྐྱིད་ནི་རིན་ཐང་བྲལ་བ་ཞིག་ཡིན་ལ། འཛུམ་མདངས་ཡོད་ན་སེམས་ཀྱི་གསང་རྒྱ་དེ་ཡོངས་སུ་གྲོལ་ཐུབ། འཛུམ་མདངས་ཡོད་ན་ཁྱོད་བདེ་ལ་ང་ཡང་སྐྱིད། མདོར་ན་འཛུམ་མདངས་ཡོད་ན་མི་ཡུལ་ལ་བརྩེ་བས་ཁེངས་ཐུབ། །