དེང་བརྗོད་ཁ་ཤ་ལེབ་མོ།
འཇུ་ཚ • ཤཱཀྱ། (སྡེ་དགེ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28
འཁོར་བ་མི་བརྟན་ཞིང་ཁའི་སྨིག་རྒྱུ་དང་། །
འབྲེལ་འདྲིས་འགྱུར་སླ་སྟོན་གྱི་སྤྲིན་འཇའ་ལྟར། །
ཁ་ཁོག་མི་མཚུངས་ཞེ་ནག་བཅངས་མཁན་དག །
སྐབས་རེ་སྐོར་རེ་དྲིན་ཆེན་རེད་འདུག་སྙམ། །
ཕར་ལན་ཚུར་སློགས་མེད་པའི་གཉེན་ཉེ་ཁྲོད། །
དོགས་སློང་ཞེ་འཁོན་རུས་རྐང་གསོ་དཀའ་བས། །
གནོད་འཚེ་ཐུབ་ཚོད་བྱེད་མཁན་བཀའ་དྲིན་ཆེ། །
ཤ་འཁོན་རང་སྟོབས་སྤོབས་པའི་ནུས་པ་བསྐྱེད། །
ཁྱིམ་གྱི་སྒོ་ཐེམ་ལ་ལ་སྒོམ་སྒོམ་ནས། །
རྒྱལ་ཁམས་ཆེན་པོའི་ཆོས་སྲིད་རྟོགས་དཀའ་བས། །
སློབ་ར་འགྲིམས་ཤིང་གོ་རྟོགས་སད་བྱུང་བས། །
ཀ་ཁ་འབྲུ་ངོ་སྩལ་མཁན་བཀའ་དྲིན་ཆེ། །
རྒྱུན་དུ་འཆམ་གྲོགས་རྩེད་རོགས་དགོད་སྒྲའི་ཁྲོད། །
ཁེར་ཚུགས་རང་འགན་ཐུབ་པ་སོན་དཀའ་བས། །
འདོར་ཤིང་གཡུག་པའི་མི་རྣམས་བཀའ་དྲིན་ཆེ། །
རང་སྟོབས་རང་ནུས་ཐུབ་པའི་འཇོན་ཐང་སྩོལ། །
ཉིན་རེ་གསོན་པོ་གནས་པ་གསོན་ཉམས་ལྡན། །
དོན་མེད་ཆུད་ཟོས་མ་ཤོར་དམ་འཛིན་དགོས། །
གོས་ལྷམ་གྲ་དག་མེད་ཅེས་ཞེ་འཁང་ཡང་། །
རྐང་ཡ་ཆད་ཅིང་དམུས་ལོང་ཤ་ཚ་རེད། །
སྟོབས་འབྱོར་མངའ་ཐང་རྒྱས་པའི་ཕྱུག་པོ་དང་། །
དབྱུག་པ་དུས་རྒྱུན་ཁུར་བའི་དབུལ་པོ་གཉིས། །
སེམས་དང་བསམ་པ་མུན་པ་རུབ་ཉིན་མ། །
རྒྱུ་ནོར་ལག་ལ་ཡོད་ཀྱང་ཕན་ཐོགས་མེད། །
མཁའ་ལྡིང་ཁྱུང་དང་ས་འཛུལ་གྲུམ་པ་གཉིས། །
གནས་ཀྱི་དོན་དུ་གྲོས་མོལ་བྱེད་པ་ལས། །
རེ་ཞིག་རང་རིགས་མཐུན་པའི་གྲལ་ནང་དུ། །
ཁ་ཁ་སོར་སོའི་ལམ་ལུགས་སྤེལ་ན་དགའ། །
ལོ་རྒྱུས་རྒོད་པོའི་གོམ་འགྲོས་དལ་ལྷོད་ཅིང་། །
ལྕགས་ར་ལྷ་ཁང་རྔ་སྒྲས་ཕོ་རོག་བསུ། །
དྲོད་འཇམ་རླུང་གི་དགུང་སྤྲིན་མ་བསྔོགས་གོང་། །
གསེར་གྱི་རྒྱ་ཕིབས་ཕྱོགས་སུ་བསྐང་གསོ་བརྒྱབ། །
ཧ་ཅང་གཅེས་ན་སེམས་པ་སུན་པའི་རྒྱུ། །
ཡུན་རིང་གྱེས་ཁ་མི་བཟོད་རྨ་ཁའི་རྒྱུ། །
ལོ་ན་ཕྲ་སྐབས་དཀོན་མཆོག་གནའ་སྐྱེལ་སྐྱུར། །
སད་ཀྱིས་བཅོམ་རྗེས་མེ་འབྲས་སྟོང་སྒུག་ཡིན། །
དཀར་ནག་ས་བོན་ལས་ཀྱི་འབྲས་བུ་སྨིན། །
རྡོ་ལ་ཕྱི་བརྡར་ཐོན་ན་ནོར་བུ་དང༌། །
ལྕགས་ལ་འཇམ་ཤ་ཐོན་ན་མེ་ལོང་ཡོང༌། །
ཤེས་ཡོན་ཐོགས་མེད་གོམས་ན་མཁས་གྲལ་བུད། །
དར་རྒུད་རེས་མོས་ཀུན་གྱི་མྱོང་དགོས་རེད། །
གནའ་མི་མ་འཆི་ས་སྟེང་མིའི་མི་ཤོང་། །
སུ་ཞིག་ཕུགས་བསམ་དོན་དུ་མདུན་སྐྱོད་ཡོད། །
སུ་ཞིག་འཇིགས་སྐྲག་ཆེན་པོས་ཕྱིར་ནུར་ཡོད། །
རང་ལས་གཞན་རྣམས་ཆུང་ཆུང་མཐོང་གྱུར་ན། །
རང་ཉིད་ཆུང་བས་ཆེན་པོའི་མཐའ་མི་རིག །
ཆུ་ཀླུང་གནས་པའི་སེམས་ཅན་སྦལ་པས་ཀྱང་། །
ལྕོང་མོ་མཐོང་དུས་རང་ཉིད་ཆེན་པོར་རློམ། །
གཞན་གྱི་ལྷིང་འཇགས་ལྡན་པའི་རྒྱ་མཚོའི་འགྲམ། །
རང་རློམ་ཆེན་པོས་ཁྲོན་པའི་ཆུ་སྒྲ་སྒྲོག །
ཁ་ལྕེ་ལེབ་མོས་འདྲེ་ཡང་འཛུམ་ཟོལ་སྤྲོ། །
ལྐོག་ཏུ་ལྷ་ལ་སྐྱོན་གྱི་མཆིལ་མ་འཕེན། །
ཧ་པ་རྣམས་ལ་ཕག་ཤ་སྦྱིན་པ་དང་། །
བོད་པ་ཚོ་ལ་རྟ་འོ་བླུད་པ་གཉིས། །
དེ་བཞིན་ཡུལ་པར་མར་ཁུ་འབྲོག་པར་ཚལ། །
མི་འདོད་བཙན་སྐུལ་གོང་མའི་བཀའ་ཡང་རྒོལ། །
ཆིག་ལབ་ལྦུ་བས་རང་གཞན་དོན་མི་འཁྱོལ། །
ཕྱོགས་ཞེན་ཁ་ལྕེ་རྣོ་པོས་ཕན་མི་སྲིད། །
སེམས་ཀྱི་ཕྱི་ནང་མཛུབ་མོས་བྲུས་གྱུར་ན། །
ད་གཟོད་འུ་ཅག་རྒྱལ་ཁའི་ཕྱོགས་ཙམ་ཡོད། །
བརྩེ་བའི་སྙིང་གཏམ་མུ་ཏིག་རིན་ཆེན་ཕྲེང་། །
ལྷད་མེད་དུང་སེམས་སྙིང་གི་འགུལ་དུ་རྒྱན། །
ལྷག་བསམ་དཀར་པོའི་རྦ་རླབས་ཡིད་སེམས་འཐད། །
བརྩེ་བའི་མཛའ་མོ་དགའ་བའི་ཕྲིན་ཤིག་སྤྲིངས། །
མི་རུ་སྐྱེས་པ་རང་དོན་རྐྱང་པོ་མིན། །
གཞན་དོན་འཆངས་པ་མི་ཡི་ལས་བྱ་ཞིག །
གང་བྱས་ལས་རྣམས་གཞན་དོན་ཁོ་ནའང་མིན། །
ཞར་ཞོར་རང་ལ་བདེ་སྐྱིད་ཚད་མེད་ཅིག །