བོད་མིས་མཆོད་པ་འབུལ་བའི་སྤྱི་ཚོགས་སྣང་ཚུལ་སྐོར་གྱི་དོགས་དཔྱད།
རིག་འཛིན་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28
དང་པོ། མཆོད་པའི་ངོ་བོ་དང་དགོས་པ།
མཆོད་པའི་སྐད་དོད་ལ་པཱུ་ཛ་ཞེས་འབྱུང་བ་ནི་མཉེས་པའི་དོན་ཏེ་རྒྱལ་བ་རྒྱལ་སྲས་ཡི་དམ་ཞི་ཁྲོའི་ཚོགས་གང་ལ་ཕུལ་ནའང་ཐུགས་ལ་དགྱེས་པ་སྐྱེད་བྱེད་ཅིག་ཡིན་དགོས་ཞེས་གསུངས་པ་བཞིན། མཆོད་པ་འབུལ་བ་ནི་མཆོད་ཡུལ་གྱི་རྒྱལ་བ་དང་བྱང་ཆུབ་སེམས་དཔའི་ཐུགས་དགྱེས་ཕྱིར་དང་མཆོད་མཁན་རང་ཉིད་ཀྱིས་ཚོགས་བསགས་སྒྲིབ་སྦྱངས་བྱེད་པའི་ཕྱིར་ཡིན་པར་བཤད། སྤྱིར་མཆོད་པ་ལ་ཟང་ཟིང་གི་མཆོད་པ་དང་སྒྲུབ་པའི་མཆོད་པ་གཉིས་སུ་དབྱེ་བ་ལས་ཟང་ཟིང་གི་མཆོད་པ་ནི་གཙོ་བོ་ཟག་བཅས་ཀྱི་དངོས་པོ་རྣམས་མཆོག་གསུམ་ལ་འབུལ་བ་དང་། སྒྲུབ་པའི་མཆོད་པ་ནི་མཉམ་མེད་ཤཱཀྱའི་རྒྱལ་པོས་གསུངས་པ་ནང་བཞིན་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ཉམས་ལེན་ལ་བརྟེན་ནས་རང་རྒྱུད་ཀྱི་ཉོན་མོངས་འཇོམས་ནས་བཀའ་བཞིན་བསྒྲུབ་རྒྱུ་དེ་ཡིན། སྤྱོད་འཇུག་ལྟར་ན་མཆོད་པའི་དབྱེ་བ་ལ་བདག་པོས་མ་བཟུང་བའི་རྫས་ཀྱི་མཆོད་པ་དང་རང་གི་ལུས་དབུལ་བ། བློས་སྤྲུལ་བའི་མཆོད་པ་བཅས་གསུམ་ཡོད། བློས་སྤྲུལ་པའི་མཆོད་པ་ལའང་བླ་ན་ཡོད་པའི་མཆོད་པ་དང་བླ་ན་མེད་པའི་མཆོད་པ་གཉིས། དེ་རེ་རེ་ལ་སོ་སོའི་དགོས་པ་མི་འདྲ་བ་རེ་ཡོད་པ་འདིར་འགའ་ཞིག་འཕྲོས་ན། བདག་པོས་མ་བཟུང་བའི་རྫས་འབུལ་བ་ནི་བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས།
དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཅེས་གསུངས་པ་ལྟར། རྒྱུ་འབྱོར་བ་ཉུང་ཙམ་ལས་མེད་པ་ཚོས་སོ་སོའི་འཚོ་བའི་གནས་བབ་དང་བསྟུན་ནས་མཆོག་གསུམ་ལ་བདག་པོས་མ་བཟུང་བའི་རྫས་ཕུལ་ཡང་ཆོག་པར་བཤད། རང་གི་ལུས་དབུལ་བ་ནི“རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་འབངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱིད། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཞེས་གསུངས་ལ་དེའི་རྒྱུ་མཚན་ནི་རང་ཉིད་འཁོར་བའི་འཇིགས་པ་ལས་བྲལ་བ་དང་སེམས་ཅན་གཞན་ལ་ཕན་བདེ་བསྐྲུན་པ། སྔོན་བསགས་ཀྱི་ལས་ངན་འདགས་ཤིང་རྗེས་སོར་སྡིག་པའི་ལས་ལ་མི་འཇུག་པའི་ཆེད་རང་ཉིད་ལ་དབང་བའི་ལུས་འབུལ་བའོ། །བློས་སྤྲུལ་བའི་མཆོད་པ་ལས་བླ་ན་ཡོད་པའི་མཆོད་པ་ནི་གཙོ་བོ་རང་ལ་དབང་བའི་ཕྱིའི་གཟུགས་ཅན་གྱི་དངོས་པོ་གང་ལེགས་མཆོག་གསུམ་ལ་འབུལ་བ། དཔེར་ན། ཁྲུས་དང་ན་བཟའ། ཞལ་ཟས་དང་གཞལ་མེད་ཁང་སོགས་ནི་དགེ་འདུན་གྱི་སྡེས་ཆོས་སྒྲུབ་པ་ལ་མེད་དུ་མི་རུང་བ་ཡིན་པས་དེ་ལ་མཐུན་རྐྱེན་བསྐྲུན་ན་རང་གིས་བསོད་ནམས་ཀྱི་ཚོགས་བསགས་ཐུབ་པར་བཤད། བླ་ན་མེད་པའི་མཆོད་པ་ནི་འཇམ་དབྱངས་དང་ཀུན་ཏུ་བཟང་པོ་སོགས་ཀྱིས་མཆོད་རྫས་ནམ་མཁའ་གང་བ་སྤྲུལ་ནས་རྒྱལ་བ་རྣམས་ལ་མཆོད་པ་མཛད་པ་དེ་བཞིན་རང་གིས་ཀྱང་མཆོག་གསུམ་ལ་མཆོད་པ་དེ་ལྟ་བུ་འབུལ་ལོ་སྙམ་པ་ལྟ་བུ་ཡིན།
མདོར་ན་མཆོད་པ་འབུལ་བ་ནི“རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཅེས་གསུངས་པ་ལྟར། ཞིང་ཁྱད་པར་ཅན་མཆོག་གསུམ་དང་། བྱང་ཆུབ་སེམས་དཔའ། མཁན་པོ་དང་སློབ་དཔོན་སོགས་ལ་མཆོད་པར་བརྟེན། བསོད་ནམས་ཀྱི་ཚོགས་བླ་ན་མེད་པ་བསག་རྒྱུ་དེ་ཡིན།
གཉིས་པ། མཆོད་པ་འབུལ་བའི་སྤྱི་ཚོགས་སྣང་ཚུལ།
ཕྱི་དངོས་པོའི་དཔལ་ཡོན་འཕེལ་རྒྱས་ཆེས་ཆེར་འགྲོ་བཞིན་པའི་དུས་འདིར་སྤྱི་ཚོགས་ཧྲིལ་པོས་དངོས་པོའི་དཔལ་ཡོན་དེ་བསམ་པའི་དཔལ་ཡོན་ལས་གལ་ཆེན་དུ་འཛིན་པའི་འདུ་ཤེས་ཤིག་གྲུབ། དེའི་ཤུགས་རྐྱེན་འོག་ཏུ་བོད་མིས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མཆོག་གསུམ་ལ་མཆོད་པ་འབུལ་བའི་དུས་སུའང་ཟང་ཟིང་གི་མཆོད་པར་ཧ་ཅང་གཙིགས་ཆེན་བྱེད་པར་མ་ཟད། མཆོད་རྫས་ཀྱི་རིན་གོང་མཐོ་དམའ་དང་གྲངས་འབོར་སོགས་ཀྱི་སྒོ་ནས་མཆོད་པའི་བཟང་ངན་འབྱེད་དེ་ཤེས་རབ་ཀྱི་རྩལ་གྱིས་མ་ཟིན་པར་མཆོད་པ་འབུལ་བའི་སྣང་ཚུལ་ཡོད་དེ། དཔེར་ན། བོད་ཁུལ་གྱི་ཡུལ་ལུང་འགའ་ནས་སྡེ་བ་དང་སྡེ་མི་ཕན་ཚུན་བར་འགྲན་སེམས་ཀྱིས་ཀུན་ནས་བསླངས་ཏེ་ལྷ་ཁང་དང་མཆོད་རྟེན་སོགས་བཞེངས་ཏེ་ནང་དུ་རྒྱུ་གསེར་སོགས་རིན་པོ་ཆེའི་རིགས་ཀྱིས་གྲུབ་པའི་སྐུ་གསུང་ཐུགས་རྟེན་བཅས་གཞི་རྒྱ་ཆེན་པོས་བཞེངས་པའི་སྣང་ཚུལ་ཛ་དྲག་ཆེ། ལ་ལས་དགེ་འདུན་པའི་སྡེ་ལ་ཚོགས་འཛུགས་སྐབས་སྡེ་དཔོན་གྱིས་རང་སྡེ་བའི་ངོ་སོ་དང་སྙན་གྲགས་རྒྱས་ཕྱིར་དུ་ལོ་སྔོན་མར་སྡེ་བ་གཞན་གྱིས་ཚོགས་ལ་ཕུལ་བའི་སྒོར་མོ་དང་སྡེ་བའི་འབྱོར་ལྡན་ཁྱིམ་ཚང་གིས་ཕུལ་བའི་སྒོར་མོའི་ཁ་གྲངས་ཚོགས་འདུའི་སྟེང་ཁྱབ་སྒྲགས་བྱས་ཏེ། གཡོ་སྒྱུའི་སྒོས་མང་ཚོགས་ཀྱི་ས་ནས་སྒོར་མོ་མང་དུ་ལེན་ཐབས་བྱེད། དེ་བས་འབྱོར་མེད་ཁྱིམ་ཚང་གིས་ངོ་ཚ་བསམས་ནས་རང་ལ་མེད་བཞིན་དུའང་སྒོར་མོའི་ཁ་གྲངས་ངེས་ཅན་ཞིག་ཁས་ལེན་བྱེད་ལ། མཐར་ལོ་བཞི་ལྔ་རེ་འགོར་ཡང་སྤྲོད་མ་ཐུབ་པར་ལྷག་ལུས་སུ་གྱུར་བའི་སྣང་ཚུལ་མཆིས་སོ། །སྤྱིར་ཆོས་ལུགས་དད་མོས་བྱེད་མཁན་ཞིག་ལ་མཚོན་ན་ཆོས་གཞུང་ལྟར་མཆོག་གསུམ་ལ་རིན་པོ་ཆེ་གསེར་ལ་སོགས་པའི་རྫས་རྩ་ཆེན་མཆོད་པའི་རྫས་སུ་ཕུལ་བ་དང་། ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་པ་ནི་དགེ་ལས་ཡིན་མོད། འོན་ཀྱང་ད་ལྟ་འདི་དག་དང་འབྲེལ་བའི་སྤྱི་ཚོགས་ཀྱི་གནད་དོན་གནས་པ་ནི། འཚོ་བའི་ཁྲོད་དུ་མི་རྣམས་ཀྱིས་མཆོད་པ་འབུལ་པའི་དམིགས་ཡུལ་དེ་རྒྱུད་ལ་ཚོགས་བསགས་དང་སེར་སྣ་ལ་སོགས་པའི་ཉོན་མོངས་གཞོམ་པའམ་སེམས་ཅན་གཞན་དག་ལ་ཕན་འདོགས་རྒྱུ་དེ་མ་ཡིན་པར། རང་གི་ངོ་སོ་དང་རྒྱུ་འབྱོར་བ་མངོན་བྱེད་ཀྱི་གོ་སྐབས་ཡག་ཤོས་ཤིག་ཏུ་བསམ་བཞིན་ཡོད་དེ། ད་ལྟ་བོད་ཁུལ་གྱི་ཡུལ་ལུང་སོ་སོ་ནས་མཆོད་པ་ཕུལ་དུས་ཁྱིམ་ཚང་གི་འཁོས་ཀྱིས་ལྕོགས་ཚོད་ལ་མི་ལྟ་བར་ཕན་ཚུན་ལ་འགྲན་འཛུགས་ཀྱི་བསམ་པས་སྐུ་གསུངས་ཐུགས་རྟེན་རྒྱ་ཆེར་བཞེངས་ནས་ཚད་ལས་བརྒལ་བའི་མཆོད་པ་ཕུལ་བ་དང་། མཐར་རང་ཉིད་ཀྱི་འཚོ་བར་དཀའ་ཁག་སྤྲད་པར་མ་ཟད་ཡུལ་ལུང་ཕན་ཚུན་བར་འགལ་འདུ་འང་གང་མང་ཞིག་བཟོས་འདུག འདི་ནི་དོན་དམ་དུ་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་བ་ཡིན་པས་ཀུན་སློང་གཡོ་ཡིན་པ་དང་། རང་གཞན་གཉིས་ཀར་ཕན་བདེ་བསྐྲུན་མི་ཐུབ་པར་མ་ཟད་སྤྱི་ཚོགས་ལ་ལྡོག་ཕྱོགས་ཀྱི་ནུས་པ་བཏོན་ཡོད་པས་སྤང་བྱ་འབའ་ཞིག་གོ་སྙམ། སྒྲུབ་པའི་མཆོད་པ་ནི་བདག་ཅག་སྟོན་པའི་གསུང་ལ་ཐོས་བསམ་སྒོམ་གསུམ་བྱས་ནས་ཉམས་སུ་ལེན་རྒྱུ་དེ་ཡིན་ལ། དཔེར་ན་རིག་པའི་གནས་ལ་ཐོས་པ་བསགས་རྗེས་སུ་གཞན་ལ་སློབ་ཁྲིད་སོགས་བྱས་ཏེ་བླང་དོར་དང་ལེགས་ཉེས་འབྱེད་པའི་ཐབས་སྟོན་པ་ལྟ་བུ་ཡིན། ཡིན་ཡང་ད་ལྟའི་བོད་མིའི་ཁྲོད་དུ་འདི་འདྲའི་ལས་ལ་དོན་གཉེར་བྱེད་མཁན་ཉུང་ཞིང་། དེ་ལས་ལྡོག་སྟེ་རང་ལ་གཞན་གྱི་བཀུར་སྟི་དང་བསྟོད་སྔགས་ཐོབ་པར་དམིགས་ནས་ཤ་གཅོད་པ་དང་སྡོམ་པ་བླངས་ནས་མ་ཎི་གསོག་པ། ཁྱིམ་པ་བ་ཡིན་ཡང་སྔགས་ཀྱི་ལམ་ལ་ཞུགས་ནས་སྒོམ་རྒྱག་པ་ལ་སོགས་བྱེད་པ་རེད། འདི་ལ་བརྟེན་ནས་འབྱུང་བཞིན་པའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཡོད་པ་ནི། ང་རང་གིས་བརྟག་དཔྱད་བྱས་པ་ལྟར་ན་ཉེ་ཆར་གཞི་རིམ་གྱི་བོད་པ་མང་པོ་ཞིག་གིས་བླ་མའི་མདུན་ནས་བསྙན་གནས་ཀྱི་སྡོམ་པ་དང་མ་ཎི་གསོག་རྒྱུ་ཁས་ལེན་བྱས་པའི་གནས་ཚུལ་དར་ཁྱབ་ཆེ་བ་རེད། དེ་ལ་ལས་རིགས་ཀྱི་དབང་དུ་བྱས་ན་དགེ་རྒན་དང་སློབ་མ། གཞི་རིམ་གྱི་རོང་འབྲོག་མང་ཚོགས་བཅས་ཡོད་ལ། ཕོ་མོ་གཉིས་ལས་མོ་ཅུང་ཙམ་མང་བའི་གནས་ཚུལ་འདུག འདི་ལས་མང་པོ་ཞིག་གིས་མ་ཎི་གསོག་པ་དང་བསྙེན་གནས་སྲུང་རྒྱུ་དེ་ལས་འགན་གཙོ་བོར་བཟུང་ནས་རང་གི་ཕྲག་ཏུ་ཡོད་པའི་སྤྱི་ཚོགས་ཀྱི་འོས་འགན་དེ་སྣང་མེད་དུ་འཇོག་བཞིན་ཡོད་དེ། དཔེར་ན། ཁྱིམ་བདག་མ་ཞིག་ལ་མཚོན་ན་བསྙེན་གནས་སྲུང་བ་དང་མ་ཎི་གསོག་པ་དེས་ཁྱིམ་ལས་གཉེར་བར་བར་ཆད་བཟོ་བ་དང་། དགེ་རྒན་དང་སློབ་མ་དག་ལ་མཚོན་ན་སློབ་གསོ་དོན་གཉེར་གྱི་གེགས་སུ་འགྲོ་བའི་སྣང་ཚུལ་འདུག གཞན་མི་མང་པོ་ཞིག་དབང་ལུང་སོགས་ལ་ཐོས་པ་བསགས་པར་དགའ་བ་དང་། དེ་ཡང་དབང་བསྐུར་མཁན་སུ་ཡིན་དང་ནང་དོན་ཅི་ཡིན་སོགས་ལ་རྒྱུས་མ་ལོན་པར་རི་བོང་བཅལ་འགྲོགས་ལྟར་རྒྱུགས་པ་དང་། བླ་མས་ཅི་གསུངས་ལ་རྣ་བ་མི་གཏོད་པར་ངག་བཅལ་དང་འཆལ་གཏམ་གྱི་ལས་ལ་ཞུགས་ནས་ལུས་དབང་བྲལ་དུ་ཡོད་ཀྱང་སེམས་དབང་བྲལ་དུ་མེད་པའི་སྣང་ཚུལ་འདུག འདི་དག་ནི་ད་ལྟའི་བོད་ཁུལ་གྱི་ས་ཆ་སོ་སོ་ནས་སྒྲུབ་པའི་མཆོད་པ་ཕུལ་བ་ལས་བྱུང་བའི་སྤྱི་ཚོགས་ཀྱི་གནད་དོན་ནོ། །
མདོར་ན། ད་ལྟའི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཟང་ཟིང་གི་མཆོད་པ་འབུལ་བ་ལ་གཙོ་བོ་ལྷ་ཁང་དང་མཆོད་རྟེན་རྒྱ་ཆེར་བཞེངས་བ་དང་། མཆོག་གསུམ་ལ་སྒོར་མོའི་འབུལ་བ་ཕུལ་ནས་ཕྱིའི་རྣམ་པའི་རྫིག་ཉམས་ཤུགས་ཆེར་སྤེལ་བ། སྒྲུབ་པའི་མཆོད་པ་ལ་སྡོམ་པ་བླངས་ནས་ཤ་གཅོད་པ་དང་མ་ཎི་གསོག་པ། དབང་ལུང་ལ་ཉན་དུ་འགྲོ་རྒྱུ་དེ་རེད། དེ་ལྟར་མིན་པར་ཟབ་མོ་ཆོས་ཀྱི་དགོངས་དོན་རྒྱུད་ལ་སྦྱར་ནས་སེམས་རྒྱུད་བཏུལ་ཞིང་ཞི་བར་བཞུགས་པ་དང་མི་རིགས་དང་སྤྱི་ཚོགས་ལ་ཅི་ནུས་ཀྱིས་ཞབས་ཞུ་བསྒྲུབ་པ་དེའང་མཆོད་པ་ཕུལ་བ་དང་ཆོས་སྒྲུབ་པར་འདོད་མཁན་མེད་དོ། །
གསུམ་པ། མཆོད་པ་འབུལ་ཚུལ་ལས་བྱུང་བའི་དོགས་དཔྱོད།
གོང་གི་མཆོད་པ་ཕུལ་བའི་སྤྱི་ཚོགས་སྣང་ཚུལ་ལས་ད་ལྟའི་དུས་རབས་འདིར་མི་ཕལ་ཆེ་བས་ཟང་ཟིང་གི་མཆོད་པ་དེ་གལ་ཆེན་དུ་འཛིན་བཞིན་པ་གསལ་པོར་མངོན་ཐུབ། སྤྱིར་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་མཆོག་གསུམ་ལ་རྫས་རྩ་ཆེན་དང་སྒོར་མོ་བཅས་ཟང་ཟིང་གི་དངོས་པོ་མཆོད་པར་ཕུལ་བ་ནི་བཟང་མོད་ཀྱང་། ང་ཚོས་གསལ་བོར་ངེས་རྒྱུ་ཞིག་ནི་མཆོད་པའི་རྩ་བ་ནི་བསམ་པའི་ཀུན་སློང་རྣམ་དག་ཅིག་དགོས་པ་ལས། ཕྱིའི་མཆོད་རྫས་ཀྱི་རིན་ཐང་དང་མང་ཉུང་ལ་རག་ལས་མེད་པ་དེ་ཡིན། ཕ་དམ་པས་འབེན་གོང་རྒྱལ་གྱི་ཐལ་མཆོད་ནི་བོད་ཀྱི་མཆོད་པའི་མཆོག་ཡིན་པ་དང་དེས་བོད་ཀྱི་མཆོད་པ་ཐམས་ཅད་ཟིལ་གྱིས་མནན་ཞེས་པ་ལས་ཀྱང་བདེན་དཔང་བྱས་ཡོད། དེ་བས་མཆོད་པའི་བཟང་ངན་དེ་མཆོད་རྫས་ཀྱི་རིན་ཐང་ཆེ་ཆུང་ལ་བལྟས་བ་མ་ཡིན་པར་མཆོད་པ་དེས་རྒྱུད་ཀྱི་སེར་སྣ་སོགས་བཅོམ་ཡོད་མེད་ཀྱི་ཆ་ནས་བཞག་པ་ཡིན། འདོད་ཆགས་ཞེ་སྡང་གཏི་མུག་དང་། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་པ་ལྟར། རང་གི་སྙན་གྲགས་ཀྱི་ཕྱིར་མཆོད་པ་ཕུལ་བ་ནི་ལོག་འཚོའི་བསམ་པས་ཀུན་ནས་བསླངས་པ་དང་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་བ་ཡིན་པས་སྤང་བྱའོ། །ཡུལ་ལུང་འགའ་ནས་འབེན་གོང་རྒྱལ་གྱི་ཐལ་མཆོད་ལ་ལེབ་མོ་བྱས་ནས་ཆུ་མཆོད་ཕུལ་དུས་མཆོད་པའི་ནང་དུ་ཐལ་ཉུང་ཙམ་འདེབས་སྲོལ་ཡོད་པ་སོགས་ནི་བརྟག་དཔྱད་ཞིབ་འཇུག་མ་བྱས་པའི་དན་རྟགས་ཡིན་པས་འདི་ནི་མཆོད་པར་མི་འགྲོ་སྙམ། དེ་ལས་གཞན་བརྟག་དཔྱད་ཅི་ཡང་མི་གཏོང་བར་དབང་ལུང་ལ་ཐོས་པ་བསགས་ཏུ་འགྲོ་བསམ་ནས་འདུ་འཛི་ལ་གཡེང་བ། ཤ་བཅད་ནས་སྡོམ་པ་ལེན་པ་དང་སྔགས་ལ་ཞུགས་ནས་མ་ཎི་བསགས་པ་དང་ཟླ་བ་འགར་སྒོམ་རྒྱག་པ་སོགས་ནི་སྒྲུབ་པའི་མཆོད་པར་མི་འགྲོ་སྙམ། སྤྱིར་ནང་པའི་གཞུང་དུ་བདག་ཅག་སྟོན་པའི་གསུང་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ནི་སྒྲུབ་པའི་མཆོད་པ་ཡིན་མོད། ང་ཚོ་ཁྱིམ་པ་བ་ཞིག་གི་ངོས་ཐད་ནས་སྒོམ་རྒྱག་པ་ལས་ཁྱིམ་ལས་ལེགས་པོར་བསྒྲུབས་ནས་མི་གཞན་གྱི་འཚོ་བར་ཕན་ཐོག་དང་སྟབས་བདེ་བསྐྲུན་ཨེ་ཐུབ་ལ་བརྩོན་པ། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་འཆམ་མཐུན་དང་འཕེལ་རྒྱས་ལ་ལག་རྗེས་འཇོག་པར་འབད་པ་དེ་བས་ཀྱང་གལ་ཆེའོ་སྙམ།
བཞི་པ། མཆོད་པ་ཇི་ལྟར་འབུལ་བའི་ཐབས་སྟོན་པ།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས། “བསྟན་པ་ལ་ལུང་གི་བསྟན་པ་དང་སྒྲུབ་པའི་བསྟན་པ་གཉིས་ལས་མེད་ལ། སྔ་མ་ནི་སྒྲུབ་པ་བྱེད་ལུགས་ཤེས་པ་ཡིན་ཞིང་ཕྱི་མ་ཤེས་ནས་ལག་ལེན་ལ་བཀལ་བ་ཡིན་པས། ཞེས་དང་། སྒྲུབ་པའི་བསྟན་པ་མ་ནོར་བར་འཛིན་པ་ལུང་གི་བསྟན་པ་མ་ནོར་བར་གོ་བ་ལ་རག་ལས་པའི་ཕྱིར་རོ་ཞེས་པ་ལྟར། སྔོན་བྱོན་གྱི་སྐྱེས་བུ་དམ་པ་དག་གི་རྣམ་ཐར་དུ་ཡང་། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བསགས། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པ་ཤར། ། མཐའ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཞེས་ཐོག་མ་ཉིད་ནས་སྟོན་པའི་གསུང་ལ་ཐོས་བསམ་བྱེད་པ་དེ་ཀུན་གྱི་འཇུག་སྒོར་བརྩི་བཞིན་ཡོད། དེ་མ་གཏོགས་ཐོས་པ་མེད་པའི་སྒོམ་པ་དེ། །ལག་རྡུམ་བྲག་ལ་འཛེགས་པ་འདྲ་ཞེས་པ་ལྟར་དུ“མ་ཤེས་པར་ཉམས་སུ་བླངས་པ་མེད་པའི་ཕྱིར་དང་། རང་གིས་ཅི་ཙམ་ཞིག་གོ་བ་དེ་ཙམ་དུ་ཉམས་སུ་ལེན་པས་གོ་བ་ནོར་ན་སྒྲུབ་པ་ནོར། སྒྲུབ་པ་མ་ནོར་བའང་གོ་བ་མ་ནོར་བ་ལ་རག་ལས་པའི་ཕྱིར།” དེ་བས་ང་ཚོས་ཀྱང་ཚན་རྩལ་རིག་པའི་གནས་དང་དྲང་བདེན་ལ་བརྩི་མཐོང་བྱེད་བཞིན་པའི་དུས་རབས་འདིར། ཟིང་ཟིང་གི་མཆོད་པ་འབུལ་བ་ལའང་གཙོ་བོ་བསམ་པའི་ཀུན་སློང་གཡོ་མེད་པ་ཞིག་ཡོད་པ་ཅི་ནས་ཀྱང་གལ། དེ་བས་ང་རྒྱལ་དང་འགྲན་སེམས། སྙན་གྲགས་དང་བཀུར་སྟི་ལ་དམིགས་ནས་བསྒྲུབ་པའི་མཆོད་པ་ནི་ཀུན་སློང་གི་གཡོས་ཟིན་པ་དང་། རང་ཉིད་ལ་མི་དབང་བའམ་མེད་ཀྱང་ཡོད་ཁུལ་གྱིས་མཆོད་པ་འབུལ་བ་ནི་རྒྱུའི་གཡོ་ཡིན་པས་རང་གཞན་གཉིས་ཀ་འཕུང་ལ་སྦྱོར་སྲིད། དེ་བས་ང་ཚོས་རྨོངས་དད་དང་གོམས་སྲོལ་གྱི་དབང་གིས་ཟང་ཟིང་གི་མཆོད་པ་རྒྱ་ཆེར་དབུལ་བ་ལས་བསླབ་པ་སློབ་གཉེར་ལ་བརྟེན་ནས་བསྟན་པའི་དགོངས་དོན་དངོས་ལ་ངེས་པ་རྙེད་ཅིང་ཤེས་རབ་དང་ལྡན་པའི་སྒོ་ནས་རང་ཉིད་ཀྱི་འཚོ་བ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ལ་ཕན་པའི་བྱ་བར་བརྩོན་རྒྱུ་དེ་ཤིན་ཏུ་གལ་ཆེ་བར་འདོད་དོ། །