གསར་འགྱུར་དཔྱད་གླེང་གི་བྱེད་ནུས་སྐོར་མདོ་ཙམ་བརྗོད་པ།

མགོན་པོ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28


རླུང་འཕྲིན་ལེ་ཚན་ཁྲོད་ཀྱི་གསར་འགྱུར་དཔྱད་གླེང་ཞེས་པ་ནི། “རླུང་འཕྲིན་ལས་ཁུངས་ཀྱིས་དེང་གི་སྤྱི་ཚོགས་འཚོ་བའི་ཁྲོད་བྱུང་ཟིན་པའི་དོན་རྐྱེན་གལ་ཆེན་དང་གནད་དོན། ཡང་ན་བློ་ཁ་གཏད་ཕྱོགས་བཅས་ལ་དབྱེ་ཞིབ་དང་མཐའ་དཔྱོད་གནང་ནས་བྲིས་པའི་ལྟ་ཚུལ་དང་ལངས་ཕྱོགས་ངེས་ཅན་ལྡན་པའི་དཔྱད་གཏམ་རང་བཞིན་གྱི་ལེ་ཚན་ལ་ཟེར་” ཞིང་། གསར་འགྱུར་དཔྱད་གླེང་གི་རྣམ་པ་དང་ནང་དོན་སོགས་ཕྱོགས་གང་ཐད་ནས་གསར་འགྱུར་འགོད་སྤེལ་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད་ལ། གསར་འགྱུར་དཔྱད་གླེང་གི་ལེ་ཚན་འདི་རྒྱ་སྐད་ཀྱི་གསར་འགྱུར་ལས་ཁུངས་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་གཙོ་བྱས་པའི་ས་ཆ་སོ་སོ་ནས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཐུབ་པའི་རྒྱུ་མཚན་ནི། མི་རྣམས་ཀྱིས་གསར་ལམ་ཁག་བརྒྱུད་ནས་གསར་འགྱུར་གྱི་དོན་དངོས་རྟོགས་དགོས་པ་མ་ཟད། ད་དུང་གསར་ལམ་ཁག་བརྒྱུད་ནས་གསར་འགྱུར་དོན་དངོས་ཀྱི་དོན་སྙིང་དང་། འབྱུང་རྐྱེན། འཕེལ་ཕྱོགས་སོགས་ཀྱང་རྟོགས་འདོད་ཤུགས་དྲག་ཡོད་པས་རྐྱེན་ཡིན་པ་མ་ཟད། གསར་འགྱུར་དཔྱད་གླེང་གིས་དེང་གི་སྤྱི་ཚོགས་འཚོ་བའི་གནད་འགག་གི་གནད་དོན་དང་གླེང་མདོ་ལ་གཏིང་ཟབ་པའི་སྒོ་ནས་དབྱེ་ཞིབ་བགྱིས་ཏེ། དཔྱད་གཏམ་པའི་ལྟ་ཚུལ་དང་ལངས་ཕྱོགས་དུས་ལྟར་མཚོན་པར་བྱས་ཚེ། མི་རྣམས་ལ་ཡར་སྐུལ་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡོད་པར་མ་ཟད། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཡང་སྣེ་ཁྲིད་ཀྱི་བྱེད་ནུས་མི་དམན་པ་ཞིག་ཐོན་ཏེ། སྤྱི་ཚོགས་འཚོ་བ་དང་ལག་ལེན་ཐད་ལ་དགེ་མཚན་ཆེན་པོ་ལྡན་པས། རྒྱལ་ཁབ་ཕྱི་ནང་གི་སྔ་རབས་མཁས་པ་རྣམས་ཀྱིས་དཔྱད་གླེང་ནི། “གསར་འགྱུར་ལས་ཁུངས་ཀྱི་རྣམ་ཤེས་དང་། སྙིང་། དར་ཆ། མིག་ཟུང་། སྲོག་རྩ་ཡིན་” ཞེས་བརྗོད་མྱོང་ལ། “གསར་འགྱུར་ལེ་ཚན་གྱི་སྲོག་ཤིང་དང་རྣམ་ཤེས་ཡིན” ཞེས་ཀྱང་བསྔགས་བཞིན་ཡོད།

དང་པོ། རླུང་འཕྲིན་ཁྲོད་ཀྱི་གསར་འགྱུར་དཔྱད་གླེང་གི་བྱེད་ནུས།

གསར་འགྱུར་དཔྱད་གླེང་ནི་གསར་འགྱུར་ལས་ཁུངས་ཀྱི་ཆབ་སྲིད་ལངས་ཕྱོགས་གཅིག་ཏུ་བསྡུས་ནས་མཚོན་པར་བྱེད་པའི་ཐབས་ལམ་ཞིག་ཡིན་ཞིང་། དེ་ནི་གཙོ་བོ་སྤྱི་ཚོགས་སྟེང་གི་དོ་སྣང་བྱེད་ཤུགས་ཆེ་བའི་གནས་ཚུལ་དང་ཐོལ་བྱུང་གི་གནས་ཚུལ་ལ་དཔྱད་གཏམ་སྤེལ་བ་ལ་བརྟེན་ནས། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་སྣེ་ཁྲིད་བྱེད་ནུས་ཐོན་བཞིན་ཡོད། སྣེ་ཁྲིད་ཀྱི་བྱེད་ནུས་འདི་ཡང་ཡར་ཞུ་དང་ལྟ་སྐུལ་གྱི་བྱེད་ཐབས་སྤྱད་ནས་མངོན་འགྱུར་བྱེད་བཞིན་ཡོད།

གཅིག གླེང་ཕྱོགས་གོང་ལ་ཡར་ཞུ་བྱེད་པ།

(1) སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཡར་ཞུ་བྱེད་པ།

རང་རྒྱལ་ནི་སྤྱི་ཚོགས་ཀྱི་རྣམ་པ་བསྒྱུར་བའི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། སྤྱི་ཚོགས་སྟེང་དུ་དོ་སྣང་བྱེད་ཤུགས་ཆེ་བའི་གནད་དོན་དང་ཐོལ་བྱུང་གི་གནས་ཚུལ་སོགས་རྫོགས་མཐའ་མེད་པ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་དག གསར་འགྱུར་དཔྱད་གླེང་གིས་མི་དམངས་ཀྱི་འདོད་བློ་དང་འབོད་སྐུལ་གོང་རིམ་ལ་ཡར་ཞུ་བྱེད་བཞིན་མཆིས། གཞི་རིམ་མང་ཚོགས་ཁྲོད་ཀྱི་འདུན་པ་དྲག་པོ་ཡིན་པའི་འདོད་བློ་རྣམས་གསར་འགྱུར་དཔྱད་གླེང་བརྒྱུད་དེ། གནད་དོན་བྱུང་རྐྱེན་དང་། ཉེས་དམིགས། གནད་དོན་བྱུང་བའི་མཇུག་འབྲས་སོགས་ལ་དབྱེ་ཞིབ་གཏིང་མཐའ་ཆོད་པ་བགྱིས་ཏེ། གོང་རིམ་གྱི་འབྲེལ་ཡོད་སྡེ་ཚན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་གྱི་བྱེད་ནུས་ཐོན་པ་དང་། ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱི་ཁོང་ཁྲོ་ཡང་ཞི་བར་བྱས་པས། མི་དམངས་ཀྱི་འདོད་བློ་གོང་རིམ་ལ་ཡར་ཞུ་བྱེད་པའི་ནུས་པ་ཆེན་པོ་ཐོན།

(2) ཏང་གི་མཛུབ་སྟོན་དགོངས་དོན་འོག་རིམ་ལ་དྲིལ་བསྒྲགས་བྱེད་པ།

གསར་འགྱུར་དཔྱད་གླེང་གིས་གསར་འགྱུར་ཡོད་དོ་ཅོག་ལ་དབྱེ་ཞིབ་དང་། དཔྱད་གཏམ་སྤེལ་བ་མ་ཡིན་པར། རྒྱལ་ཁབ་ཕྱི་ནང་གི་དོན་ཆེན་དང་། གནད་དོན་འགངས་ཆེན། མི་དམངས་མང་ཚོགས་ཀྱིས་དོ་སྣང་བྱེད་ཤུགས་ཤིན་ཏུ་ཆེ་བའི་གསར་འགྱུར་དོན་དངོས་ཤིག་རྨང་དུ་བཏང་སྟེ། “ཁ་གསལ་གོ་བདེ་དང་། སྒྲ་དག་སྒྲོས་གཙང་། གསོན་ཉམས་ལྡན་པའི་” རྗོད་བྱེད་ལ་བརྟེན་ནས་འགོད་སྤེལ་བྱས་ཚེ། ཕོ་མོ་རྒན་གཞོན་དབང་བོ་རབ་འབྲིང་ཐ་གསུམ། རིག་གནས་ཡོད་མེད་ཆུ་ཚད་མཐོ་དམའ་ཅི་རིགས་ཡོད་པ་ཀུན་གྱིས་བདེ་བླག་ངང་གོ་བ་མ་ལུས་པར་ལེན་ཐུབ་པ་དང་། གཞན་རླུང་འཕྲིན་གསར་འགྱུར་དཔྱད་གླེང་ནང་དུ་འཆད་པ་པོ་དང་ཉན་པ་པོ་གཉིས་འདྲ་མཉམ་གྱི་ཚུལ་དུ་བགྲོ་གླེང་བྱེད་ཐུབ་པས། མཉམ་འདྲེས་ཀྱི་ནུས་པ་ཁྱད་པར་བ་ཞིག་ཡོད། དེར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་མཛུབ་སྟོན་དགོངས་དོན་དྲིལ་བསྒྲགས་བྱེད་དུས་ཀྱང་། དཔྱད་གླེང་གི་ངོ་བོ་ལ་འགྱུར་བ་མེད་པ་དང་སྤེལ་བྱའི་ནང་དོན་ལ་འཁྲུལ་པ་མེད་པའི་གཞིར་བཞག་སྟེང་འགོད་སྤེལ་བྱས་ཚེ། གསར་འགྱུར་གྱི་ནུས་པ་རྒྱ་ཆེ་རུ་བསྐྱེད་ཐུབ་པ་མ་ཟད། དྲིལ་བསྒྲགས་ཀྱི་བྱེད་ནུས་ཀྱང་བླ་ལྷག་གིས་ཐོན་སྲིད་པ་རེད།

གཉིས། གསར་འགྱུར་དཔྱད་གླེང་ལ་སྤྱི་ཚོགས་ལྟ་སྐུལ་གྱི་བྱེད་ནུས་ལྡན་པ།

སྤྱི་ཚོགས་ལྟ་སྐུལ་ནི་གསར་འགྱུར་ལས་ཁུངས་ཀྱི་གླེང་ཕྱོགས་སྣེ་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ལར་གླེང་ཕྱོགས་ལྟ་སྐུལ་གྱི་མཚོན་ཐབས་ནི་སྐྱོན་བརྗོད་བྱེད་པ་ཁོ་ན་ཙམ་མ་ཡིན་པར། དེར་གཅིག་ནས་ཡོངས་བསྒྲགས་ཀྱི་ཚུལ་དུ་གསར་འགྱུར་འགོད་སྤེལ་བྱེད་པ། དཔེར་ན། ཏང་གི་ལས་དོན་དང་། སྲིད་ཕྱོགས་ཀྱི་ལས་དོན་ཐད་ཀྱི་གསར་འགྱུར་འགོད་སྤེལ་བྱེད་པ་ལྟ་བུ། གཉིས་ནས་དཔྱད་གླེང་སྟེ། དཔེར་ན་སྲིད་གཞུང་གི་ལས་དོན་དང་། སྤྱི་བའི་ལས་དོན་སོགས་ཀྱི་ཐད་ལ་དཔྱད་གཏམ་སྤེལ་བ་ལྟ་བུ། གསུམ་ནས་གསར་འགྱུར་གྱི་ཐབས་ལམ་སྤྱད་ནས་སྐྱོན་བརྗོད་བྱེད་པ་སྟེ། དཔེར་ན། སྤྱི་ཚོགས་སྟེང་གི་ཁྲིམས་འགལ་ལུགས་འཆོལ་གྱི་བྱ་སྤྱོད་དང་། རུལ་སུངས་ཀྱི་བྱ་སྤྱོད་ལ་ཐེར་འདོན་དང་སྐྱོན་བརྗོད་བྱེད་པ་ལྟ་བུ། གསར་འགྱུར་འགོད་སྤེལ་མཐའ་དག་གིས་སྤྱི་ཚོགས་གླེང་ཕྱོགས་ལ་ལྟ་སྐུལ་གྱི་བྱེད་ནུས་ཐོན་བཞིན་ཡོད་ནའང་། གསར་འགྱུར་དཔྱད་གླེང་གིས་སྲིད་གཞུང་གི་ལས་དོན་དང་། ཡང་ན་སྤྱི་ཚོགས་སྟེང་ན་གནས་པའི་གནད་དོན་ལ་བགྲོ་གླེང་དང་དཔྱད་འཇོག་གི་བྱེད་ནུས་གལ་ཆེན་ཐོན་ཐུབ་པ་མ་ཟད། ལྷག་པར་དུ་གནད་དོན་ཐག་གཅོད་ཐད་ལ་གྲོས་གཞི་གོ་ཆོད་ཅན་འདོན་པའི་ཕྱོགས་ནས་བྱེད་ནུས་དེ་བས་ཆེན་པོ་ཐོན་བཞིན་ཡོད། དཔེར་ན། 2008ལོར་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཧྥ་རན་སི་ནས་བརྒྱུད་སྐུར་བྱེད་སྐབས། ཧྥ་རན་སིའི་མི་འགའ་ཤས་ཀྱིས་དེ་ལ་བར་ཆད་བཟོས་པས། རང་རྒྱལ་གྱི་དྲ་དམངས་ཀྱིས་རྒྱལ་ནང་ན་ཡོད་པའི་ཀྰ་ལི་ཕུ་ཚོང་ར་ཆེན་མོ་དང་ཧྥ་རན་སིའི་དངོས་ཟོག་ལ་བཀག་འགོག་བྱེད་པའི་བྱེད་སྒོ་རྒྱ་ཆེར་སྤེལ་བས། མི་དམངས་དྲ་བས་《 དྲ་དམངས་ཀྱིས་ཀཱ་ལི་ཕུ་ཚོང་ར་ལ་འགོག་རྒོལ་བྱས་པའི་དོན་རྐྱེན་གླེང་བ》་ཞེས་པའི་ཆེད་སྒྲིག་དཔྱད་གླེང་ཞིག་ཆེད་དུ་སྤེལ་པ་དང་། “ཆེད་སྒྲིག་འདིའི་ནང་དུ་ཆེད་དུ་དྲ་དམངས་ཀྱི་ལྟ་ཚུལ་བརྗོད་ས་དང་། ཆེད་མཁས་པའི་དཔྱད་གཏམ་སྤེལ་སའི་བར་སྟོང་གཉིས་བཟོས་ཏེ། དྲ་དམངས་རྣམས་ཀྱིས་ལྟ་ཚུལ་དང་ཐག་གཅོད་བྱེད་ཐབས་ཀྱི་གྲོས་གཞི་རྣམ་པ་སྣ་ཚོགས་བཏོན་པ་ལ། ཕྱོགས་ཅིག་ཤོས་ཀྱིས་ཆེད་མཁས་པའི་དཔྱད་གཏམ་སྤེལ་པ་དང་སྦྲགས་གོང་གི་དྲ་དམངས་ཀྱིས་བཏོན་པའི་གྲོས་གཞི་རྣམས་ཟུར་ལྟ་བྱེད་སའི་རྒྱུ་ཆ་གལ་ཆེན་དུ་གྱུར་པ་ལྟ་བུ་རེད།”

གསུམ། འགྲེལ་བཤད་ཀྱི་བྱེད་ནུས་ལྡན་པ།

དེང་གི་འཆམ་མཐུན་སྤྱི་ཚོགས་ཁྱོན་ཡོངས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་འདིར། གོང་རིམ་ནས་སྲིད་ཇུས་དང་། བྱེད་ཐབས་གསར་པ་རབ་དང་རིམ་བསྟུད་མར་བཏོན་དང་འདོན་བཞིན་ཡོད་པས། “དེ་དག་ལ་འགྲེལ་བཤད་བྱེད་དགོས་ཤིང་། སྤྱི་ཚོགས་སྟེང་གི་སྣང་ཚུལ་གང་མང་ཞིག་ལ་དབྱེ་ཞིབ་བགྱིས་ཏེ། མི་དམངས་ཀྱི་བསམ་བློ་ན་ཡོད་པའི་འགལ་བ་དང་དོགས་པ་གང་མང་ཞིག་ཡོད་པ་ལ་དག་སེལ་བྱེད་དགོས་པས། འདི་དག་ཐམས་ཅད་གསར་འགྱུར་དཔྱད་གླེང་གི་འགྲེལ་བཤད་ཀྱི་བྱེད་ནུས་ཡིན་ལ།” གསར་འགྱུར་དཔྱད་གླེང་གིས་སྲིད་ཇུས་བྱེད་ཐབས་ལ་འགྲེལ་བཤད་བྱེད་པའི་བྱེད་ནུས་ཡོད་ཕྱིར། མི་རྣམས་ལ་ཏང་དང་སྲིད་གཞུང་གིས་བཏོན་པའི་བྱེད་ཐབས་གསར་པ་དང་། ཁྲིམས་ལུགས་སྲོལ་ཡིག་གསར་པ་ལག་བསྟར་བྱེད་སྐབས་དགོས་ངེས་ཀྱི་འགྲེལ་བརྗོད་དང་དྲིལ་བསྒྲགས་བྱས་ཚེ། མི་རྣམས་ཀྱིས་རྒྱུས་ལོན་དང་གོ་བ་ལེན་པ་ལ་ཕན་ནུས་ཆེན་པོ་ཐོན་སྲིད་པ་དང་། གཞན་ད་དུང་སྤྱི་ཚོགས་སྟེང་གི་ཡོངས་ཁྱབ་ཅན་དང་དོ་སྣང་ཤུགས་དྲག་བྱེད་པའི་གནད་དོན་ལ་འགྲེལ་བཤད་དང་དབྱེ་ཞིབ་བྱས་པ་བརྒྱུད་དེ། མི་རྣམས་ཀྱི་ཤེས་རྟོགས་དང་དབྱེ་འབྱེད་ནུས་པ་མཐོར་འདེགས་ཡོང་བའི་ཐད་ལ་ཡང་བྱེད་ནུས་གལ་ཆེན་ཐོན་ཐུབ་བོ། །

མི་སྒེར་གྱི་ཁྱད་ཆོས་ཁོ་ན་འཚོལ་སྙེགས་བྱེད་པའི་དུས་རབས་འདིར། མི་རྣམས་ཀྱིས་ཐབས་ལམ་ངེས་ཅན་ཞིག་བརྒྱུད་ནས་རང་ཉིད་ཀྱི་འདོད་བློ་དང་བསམ་ཚུལ་བརྗོད་སའི་སྟེགས་བུ་ཞིག་དགོས་འདོད་ཤིན་ཏུ་ཆེ་བ་དང་། མི་སུམ་ཅུ་ལ་བསམ་པ་སུམ་ཅུ་དང་མཛོ་སུམ་བཅུ་ལ་རྭ་ཁ་དྲུག་ཅུ་ཞེས་པ་ལྟར། མི་རེ་རེ་ལ་རང་རང་གི་བསམ་ཚུལ་དང་། ལྟ་ཚུལ་ཐུན་མོང་མ་ཡིན་པ་རེ་ཡོད་པས། ཉན་མཁན་དང་། ལྟ་མཁན། དྲ་དམངས་གང་དང་གང་ཡིན་རུང་དེ་དག་ལ། བསམ་ཚུལ་བརྗོད་སའི་ཐབས་ལམ་ཞིག་འདོན་སྤྲོད་བྱས་ཚེ། དོན་དངོས་སུ་དེས་ཀྱང་ངེས་པ་དོན་གྱི་སྤྱི་ཚོགས་ལྟ་སྐུལ་གྱི་བྱེད་ནུས་ཐོན་ཐུབ་པ་གདོན་མི་ཟ། དེ་བཞིན་དུ་ཉན་མཁན་དང་། ལྟ་མཁན། དྲ་དམངས་ལ་སོགས་པས་བསམ་ཚུལ་བརྗོད་དུས། དེ་དག་དང་ཐད་ཀར་འབྲེལ་འདྲིས་བྱས་ན་གནད་དོན་ཐག་གཅོད་བྱེད་པ་ལ་དགེ་མཚན་ཆེན་པོ་ལྡན་པ་དང་། ཡིན་ནའང་ལྟ་ཚུལ་དང་དཔྱད་གཏམ་སྤེལ་བ་མཐའ་དག་ལ་ཟུར་ལྟ་བྱེད་རིན་ཡོད་པའི་ངེས་པ་མ་མཆིས་ན་ཡང་། དེ་དག་གི་ཁྲོད་དུ་ཟུར་ལྟའི་དཔྱད་གཞི་གསར་པ་དང་གཞན་དྲིང་མི་འཇོག་པའི་ལྟ་ཚུལ་དང་དཔྱད་གཏམ་སྤེལ་མཁན་ཡང་ཡོད་པ་སྨྲས་ཅི་དགོས།

ལར་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་དག་ན་གསར་འགྱུར་དཔྱད་གླེང་གི་ལེ་ཚན་གྲལ་དག་རེ་ཡོད་ཚེ། གཅིག་ནས་རང་རང་གིས་ཞབས་འདེགས་ཞུ་ཡུལ་གྱི་མང་ཚོགས་རྣམས་ལ་ཕན་ངེས་ཅན་ཞིག་ཐོགས་ཐུབ་པ་དང་། གཉིས་ནས་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་རང་སྟེང་གི་མཚན་སྙན་ལ་ཡང་གསེར་གཞོང་མར་ཁུས་བརྒྱན་པ་ལྟ་བུའི་བྱེད་ནུས་ཐོན་ཐུབ་པ་བསྙོན་དུ་མེད་དོ། །  



内容摘要:新闻评论是针对社会热点现象或思潮,根据新近发生的典型事例进行议论,对社会舆论有强烈的引导性,是新闻节目的旗帜和灵魂。同时新闻评论围绕一个强烈关注的焦点,使观众、听众、网民、专家以及政府部门的意志、想法和观点等,在同一时空中平等对话,对社会产生深远影响。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1