བོད་ཀྱི་སློབ་གསོའི་གོ་དོན་ལ་ཕྲན་ཙམ་དཔྱད་པ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28
གཅིག སློབ་གསོ་ཞེས་པའི་མིང་བརྡ་གླེང་བ།
དེ་ཡང་སློབ་གསོ་ཞེས་པ་འདི་གང་ལས་བྱུང་བ་ནི། ཨིན་ཁུ་སུས་ལས་ཀས་སྤྲ་ནས་མིར་འགྱུར་བར་ནུས་པ་ཆེན་པོ་ཐོབ། ཞེས་པ་ལྟར་སློབ་གསོའི་འབྱུང་ཁུངས་ནི་ལས་ཀ་ཡིན་ལ། དང་པོ་མི་དང་རང་བྱུང་ཁམས་གཉིས་ཀྱི་ལས་ཀའི་བར་ལ་ལག་ཆའི་དགོས་མཁོ་བྱུང་ཚེ། རྒན་རབས་པ་རྣམས་ཀྱིས་གཞོན་རབས་པ་དག་ལ་ལས་ཀའི་ཉམས་མྱོང་དང་ཤེས་བྱ་ལག་རྩལ་སོགས་བཤད་པ་དང་། གཞོན་པ་རྣམས་ཀྱིས་དེ་དག་དང་དུ་བླངས་ནས་རང་བྱུང་ཁམས་ལ་འཐབ་རྩོད་བྱས་ཤིང་། མིའི་ལྷན་སྐྱེས་ཀྱི་ནུས་པ་དེ་སྔོག་འདོན་བྱེད་པར་ནུས་པ་བླ་ལྷག་ཐོན་པས། སློབ་གསོ་བྱ་བ་ནི་འགྲོ་བ་མིའི་རིགས་ས་སྒང་འདིར་བྱུང་བ་ནས་བཟུང་དར་བ་ཞིག་རེད། རེད་དེ་སློབ་གསོའི་མིང་བརྡ་འདི་ནི་སྐབས་དེ་དུས་ནས་བྱུང་བ་ཞིག་མིན་ལ་རྒྱལ་ཁབ་དང་མི་རིགས་མི་འདྲ་བས་སློབ་གསོ་ཞེས་པའི་མིང་བརྡའི་འབོད་སྟེངས་མི་འདྲ་ལ་དུས་ཀྱི་འགྱུར་བ་དང་བསྟུན། དེའི་ནང་དོན་ཡང་མཚམས་མི་ཆད་པར་འགྱུར་བཞིན་ཡོད། རང་རེ་བོད་མི་རིགས་ལ་མཚོན་ན་སློབ་གསོ་ཞེས་པའི་ཐ་སྙད་འདི་ནི་ཅུང་གསར་བྱུང་ཐ་སྙད་ཞིག་ཡིན་ལ། བཅིངས་གྲོལ་མ་བྱས་པའི་སྔོན་ལ་བོད་ལ་སློབ་གསོ་ཡོད་ཀྱང་བོད་བྱིངས་ཀྱིས་བཀོལ་བའི་དེང་གི་སློབ་གསོ་ཞེས་པའི་སྤྱི་མིང་འདི་མེད་པ་འདྲ། སྔོན་གྱི་《ཕུ་བོས་ནུ་བོར་གཏམས་ཤིང་བསྟན་པའི་མདོ།》 དང་། དེ་ནས་བཙན་པོའི་སྐབས་ཀྱི་སད་མི་བདུན་གྱིས་དགོན་སྡེའི་སློབ་གསོ་མྱོང་བའི་ལོ་རྒྱུས་སོགས་ནའང་། སློབ་གསོ་དང་དོན་འདྲ་བའི་འཆད་ཉན་དང་དཔེ་ཁྲིད་གསོ་སྦྱོང་ཞལ་ཏ་སོགས་ལས། དེང་གི་སྤྱི་མིང་སློབ་གསོ་འདི་བཀོལ་སྤྱོད་བྱས་པ་ཞིག་གཞི་ནས་མཐོང་མ་སོང་། དེའི་ཕྱིས་རིག་གསར་སྐབས་སུ་བྱུང་བའི་ཕྱི་ཡོང་ཐ་སྙད་ཅིག་ཏུ་ཆགས་འདུག འོ་ན་སློབ་གསོ་ཞེས་པའི་ངེས་ཚིག་འདིའི་བསྟན་དོན་ལ་རྒྱ་བོད་དབྱིན་གསུམ་རང་གིས་ཐུན་མོང་མ་ཡིན་པའི་འགྲེལ་སྟངས་རེ་ཡོད་ལ། བོད་ཀྱི་སློབ་གསོའི་བསྟན་དོན་ནི། ཇི་སྐད་དུ། ས་སྐྱ་པན་ཆེན་གྱིས་གཙང་མཁས་གཞན་ལ་ཕན་པར་འདོད། ། བློ་གསལ་ཤེས་འདོད་བླ་མར་གུས། ། ཞེས་པ་བཞིན་སློབ་ནི་གཙོ་བོ་སློབ་མའི་བྱ་ལས་ལ་གོ །སྤྱིར་སློབ་ཞེས་པ་འདི་ལ་གོ་དོན་མི་འདྲ་བ་གཉིས་ཡོད་པར་སྙམ་སྟེ། དང་པོ་གཞན་རྒྱུད་ཀྱི་ཡོན་ཏན་རྣམས་ཚུར་རང་རྒྱུད་དུ་སློབ་པ་སྟེ་སྦྱོང་དང་འདྲ་བ་ཞིག་དང་། གཉིས་པ་རང་རྒྱུད་ཀྱི་ཡོན་ཏན་རྣམས་ཕར་གཞན་རྒྱུད་དུ་སློབ་པ་སྟེ་ཁྲིད་དང་འདྲ་བའི་དོན་གཉིས་ཡོད་པ་ལས། སྐབས་དོན་ནི་དང་པོ་གཞན་རྒྱུད་ཀྱི་ཡོན་ཏན་རྣམས་ཚུར་རང་རྒྱུད་དུ་སློབ་པར་གོ་སྟེ། ཐོག་མར་སློབ་མ་རང་ཉིད་ཀྱིས་ཤེས་འདོད་ཀྱི་བསམ་པས་སྣེ་དྲངས་ཏེ། ལམ་རིམ་ལས། ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ཡིན། ཞེས་པ་ནང་བཞིན་ཐོག་མར་དགེ་རྒན་ལ་བརྟག་སྟེ་བར་དུ་གུས་པས་བསྟེན་ཚུལ་དུ་གོ་ན་ཆུ་ལ་ཆུ་བཞག་གི་དཔེ་དང་མཚུངས། དེ་བཞིན་གསོ་ཞེས་པ་ནི་གཙོ་བོ་དགེ་རྒན་དང་དཔེ་ཆའི་མཛུབ་སྟོན་ལ་བསྟེན་ནས། རང་རྒྱུད་ཀྱི་མ་རིག་པའི་དབང་གིས་སྐྱེད་པའི་ཉོན་མོངས་བག་ཆགས་དང་བཅས་པ་སྤངས་ཤིང་། དགེ་བའི་རྩ་བ་གསོ་བར་མཛད་པའི་ལས་ལ་འཇུག་སྟེ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། དང་པོ་བླ་མ་བླ་མར་བསྟེན། ། བར་དུ་དཔེ་ཆ་བླ་མར་བསྟེན། ། ཐ་མ་རང་ཉིད་བླ་མར་བསྟེན། ། ཞེས་པ་ནང་བཞིན་བོད་རང་གི་སློབ་གསོའི་དགོངས་དོན་ནི། གཙོ་བོ་སློབ་མ་རང་ཉིད་ཀྱི་མོས་པ་དཀྱིལ་སྙིང་དུ་བཟུང་ཞིང་། དེ་ནས་དགེ་རྒན་དང་དཔེ་ཆའི་གྲོགས་ལ་བསྟེན་ནས། སློབ་མ་རང་ཉིད་ཀྱི་མི་འདངས་སའི་ནུས་པ་དག་གསོ་སྐྱོང་དང་། རང་ལ་སྔར་ཡོད་ཀྱི་ནུས་པ་དག་ཕུན་སུམ་ཇེ་ཚོགས་སུ་བཏང་བའི་དེ་འདྲའི་སློབ་གསོའི་ལྟ་བ་ཞིག་རེད། དེ་ལྟར་ན་སློབ་གསོ་ཞེས་པ་ནི་དགེ་སློབ་མཉམ་འབྲེལ་གྱི་བྱ་འགུལ་ཞིག་ཡིན་ལ། དང་པོ་དགེ་རྒན་གྱིས་སློབ་མ་རྣམས་ཀྱི་ཁམས་དང་མོས་སྣ་ཚོགས་ལ་ལྟོས་ཏེ་སློབ་གསོ་གཏོང་དགོས་ལ། ས་པཎ་མཁས་འཇུག་ཏུ། བློ་ཆེན་རྣམས་ལ་ཟབ་རྒྱས་ཆེ། ། བློ་ཆུང་གཟུང་བདེ་གོ་སླ་བ། ། ཞེས་པ་བཞིན་ནོ། །དེ་བཞིན་སློབ་མས་ཀྱང་དགེ་རྒན་གང་ལའང་མ་བསྟེན་པར་རང་སྣང་གང་ཤར་གྱིས་སློབ་སྦྱོང་བྱ་བ་ཞིག་གཏན་ནས་མིན་ལ། རིག་འཛིན་འདུས་པ་ཐབས་ཆེན་མཁས་རྒྱུད་ལས། བླ་མ་མེད་པའི་གོང་རོལ་ན། ། སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་རྣམས། ། བླ་མ་དག་ལ་བསྟེན་ནས་བྱུང་། །ཞེས་སློབ་གསོའི་ལས་དོན་སྒྲུབ་པར་དགེ་རྒན་ནི་མེད་དུ་མི་རུང་བ་ཞིག་ཡིན་པའི་གནས་ལུགས་བསྟན་ཡོད། གཞན་ཡང་གནད་དེ་དག་ཁྲོལ་བྱེད་ལ་ནུབ་ཕྱོགས་པས་དཔེ་ཡག་པོ་གསུམ་དྲངས་ཡོད་ལ། དེ་དག་ནི་ཞིང་པ་དང་སྨན་པ་དགེ་རྒན་གསུམ་མོ།། དང་པོ་ཞིང་པ་ལ་ཇི་འདྲའི་ཞིང་རྨོ་འདེབས་ཀྱི་རྩལ་ཁྱད་དུ་འཕགས་པ་ཡོད་ནའང་། ཞིང་ནང་ལ་དྲོད་གཤེར་བརླན་གསུམ་གྱི་རྒྱུ་གང་ཡང་མ་ཚང་ན། ཞིང་པ་ཇི་འདྲའི་མཁས་ཀྱང་དེ་ནི་ལ་ཁའི་ཆར་བ་ལྟར་ལུང་ཁོག་ལ་རྔོ་གང་ཡང་མི་ཐོགས་སོ། ། སྨན་པ་ཡང་དེ་ལས་མ་འདས་ཏེ། ཁོ་ལ་ཇི་འདྲའི་སྨན་བཅོས་ཀྱི་ཐབས་རྨད་དུ་བྱུང་བ་ཡོད་ནའང་། ནད་པས་ཁོའི་ངག་བཞིན་སྨན་མ་བསྟེན་ན་སྨན་པའི་ཐབས་ནི་ཐབས་ཙམ་ལས་ཐབས་དེ་གང་དུའང་བཀོལ་ས་མེད། དགེ་རྒན་ཡང་དེ་དང་འདྲ་སྟེ། ཁོ་ལ་གཞུང་ལུགས་གདམས་པར་ཤར་པའི་ཉམས་ལེན་དང་། རིག་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་སྟེ། ས་སྟེང་འདིའི་རིན་ཆེན་རྣམས་གསུམ་དེ་ཚང་ནའང་། ཁོ་ལ་སློབ་མ་སྐྱོང་བའི་ཐབས་དང་སློབ་མ་ལ་ཆ་རྒྱུས་མེད་ན་དགེ་རྒན་ཞིག་གི་ངོས་ནས་བཤད་ན། དེ་ནི་གླེགས་བམ་གྱི་ཤེས་བྱ་ཙམ་དུ་ཟད་དོ། ། དེའི་ཕྱིར་དགེ་རྒན་ཞིག་ཡིན་ཕྱིན་རང་གི་མཉམ་འབྲེལ་བྱ་ཡུལ་གྱི་སློབ་མ་ལ། ཐོག་མར་ཆ་རྒྱུས་ལེགས་པོ་ཞིག་ལོན་པ་ནི་ཤིན་ཏུ་གལ་ཆེ། སྤྱིར་མི་ཞེས་པ་ནི་སེམས་ཅན་དུད་འགྲོ་གཞན་དང་ཁྱད་དུ་འཕགས་པའི་རྗེས་དཔག་གི་ནུས་པ་ཡོད་ལ། དེ་ལས་ལྡོག་སྟེ་སེམས་ཅན་དུད་འགྲོ་དང་མཉམ་དུ་འཚོ་བ་རོལ་ཐུབ་པའི་དུད་འགྲོ་དང་ཐུན་མོང་དུ་གྱུར་པའི་ཁྱད་ཆོས་ཀྱང་ཤིན་ཏུ་མང་། དཔེར་ན་སྤྱང་ཀིས་བུ་མོ་གཉིས་གསོས་པའི་དངོས་བྱུང་གཏམ་རྒྱུད་སོགས་ལས་ཤེས་ཐུབ། དེའི་རྒྱུ་མཚན་གྱིས་མིའི་བསམ་བློ་ནི་ཤུགས་རྐྱེན་སྣ་ཚོགས་ཐེབས་པའི་བསྡུས་གཟུགས་ཤིག་ཡིན་ལ། ཤུགས་རྐྱེན་དེ་དག་ནི་སློབ་གསོ་འདྲ་མིན་ལས་ཐོབ་པ་ཞིག་ཡིན་པས། དགེ་རྒན་རྣམས་ཀྱིས་ཀྱང་རང་གི་སློབ་མ་རྣམས་ལ་ཆ་རྒྱུས་དཔྱིས་ཕྱིན་པ་ཞིག་ལོན་པ་ཤིན་ཏུ་གལ། དེ་མིན་ཁྱོད་ཀྱིས་བྱུང་རྒྱལ་དུ་བཤད་པའི་གཏམ་དང་། འགྲོ་འདུག་ཉལ་འཆག་གིས་སློབ་མ་རྣམས་ལ་དུས་རྣམ་ཀུན་ཏུ་ཤུགས་རྐྱེན་ཐེབས་བཞིན་ཡོད་པས། ཁྱོད་ཀྱི་ད་ལྟའི་ལོག་སྤྱོད་དག་མ་འོངས་པའི་སློབ་མ་རྣམས་ཀྱི་ཀུན་སྤྱོད་དུ་འགྱུར་བའི་ཉེན་ཁ་ཤིན་ཏུ་ཆེའོ། །
གཉིས་པ། སློབ་སྦྱོང་ཞེས་པའི་མིང་བརྡ་གླེང་བ།
དེ་ཡང་འཛམ་གླིང་སྤྱིའི་འགྲོ་ཕྱོགས་སམ་མི་ཕལ་མོ་ཆེའི་ངོས་འཛིན་ལྟར་ན། སློབ་སྦྱོང་བྱ་བ་ནི། གཙོ་བོ་ཡི་གེ་འདོན་རྒྱུ་དང་འབྲི་ཀློག་དོན་གསུམ་ལ་འབད་འབུང་བྱེད་པའི་སློབ་གཉེར་པའམ་སློབ་མའི་ལས་ཀ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ལ། བོད་རང་ལ་མཚོན་ན་སློབ་སྦྱོང་ཞེས་པའི་ཐ་སྙད་འདི་ནི་སྔར་ཡོད་ཐ་སྙད་ཅིག་མིན་ཡང་། དུས་ཕྱིས་མཁས་རྒུ་ཀུན་གྱིས་གཅིག་མཐུན་དུ་བཀོལ་བའི་ཐ་སྙད་ཅིག་ཡིན་པ་བསྙོན་མེད་རེད། ཆུ་ཤིང་གི་བསྟན་བཅོས་ལས། སློབ་སྦྱོང་དུས་ན་གཡེལ་བ་དེས། ། མཁས་འདོད་རེ་བ་འབྲས་མེད་ཡིན། ། ཞེས་པ་ལས་ཤེས་ཐུབ། འོ་ན་སློབ་སྦྱོང་བྱ་བའི་མིང་བརྡ་འདིའི་བསྟན་དོན་དེ། བོད་རང་གི་ཐུན་མོང་མ་ཡིན་པའི་ལྟ་བའི་འཇིག་རྟེན་དུ་ཁྲིད་ནས་གླེང་མོལ་ཞིག་མཛད་ན། དེ་ལ་ལྟ་ས་ཁྲ་ཡག་གི་རྫ་འདྲ་བ་དང་། ཉན་ས་ཁུ་བྱུག་གི་གསུང་འདྲ་བ་ཞིག་ཡོད་པ་མ་ཟད། དེ་ནི་དགོན་སྡེའི་སློབ་གསོའི་ཐུ་འོག་ནས་བྱུང་བ་ཞིག་ཡིན་པ་འདྲ་བར་དམན་བློ་བདག་ལ་སྐྱེས། དེ་ཡང་སློབ་སྦྱོང་ཞེས་པའི་སློབ་ལ་གོང་དུ་བཤད་པ་བཞིན་གོ་བ་ལེན་སྟངས་གཉིས་ཡོད་དེ། དང་པོ་གཞན་རྒྱུད་ཀྱི་ཡོན་ཏན་རྣམས་ཚུར་རང་རྒྱུད་དུ་སློབ་པ་སྟེ་སྦྱོང་དང་འདྲ་བ་ཞིག་དང་། གཉིས་པ་རང་རྒྱུད་ཀྱི་ཡོན་ཏན་རྣམས་ཕར་གཞན་རྒྱུད་དུ་སློབ་པ་སྟེ་ཁྲིད་དང་འདྲ་བ་སྟེ། དོན་གཉིས་ཡོད་པ་ལས། སྐབས་དོན་ནི་དང་པོ་གཞན་རྒྱུད་ཀྱི་ཡོན་ཏན་ཚུར་རང་རྒྱུད་དུ་སློབ་པའམ་སྦྱོང་བ་དེ་ལ་གོ་དགོས་སྙམ། འོ་ན་ཁ་ཅིག་ན་རེ། དེ་ལྟར་ན་སློབ་སྦྱོང་བྱ་བའི་མིང་བརྡ་འདི་ཡང་ལྟ་ཚུལ་ལ་སྦྱོང་སྦྱོང་ལྟ་བུའི་ཟློས་སྐྱོན་ཞིག་ཏུ་མི་འགྱུར་རམ་ཞེ་ན། དེ་ལ་ཕར་ལྟར་སྣང་ཙམ་ལ་དོན་མཐུན་གྱི་བྱ་ཚིག་གཉིས་བཀོལ་བས་ཅུང་བརྗོད་མི་བདེ་བ་ཞིག་ཏུ་སྣང་མོད། འོན་ཀྱང་ཞིབ་མོ་བློ་ཡིས་གསེད་བཀྲོལ་ཞིག་བྱས་ན། དེ་ལ་དཔྱད་པའི་རིན་ཐང་ཆེན་པོ་ཞིག་ཡོད་པར་སྣང་། གོང་གི་སྦྱོང་སྦྱོང་ཞེས་པའི་སྦྱོང་དང་པོ་ནི་གཞན་ལས་ཚུར་སྦྱོང་བ་དང་སྦྱོང་གཉིས་པ་ནི་གཞན་ལས་ཚུར་སྦྱངས་ཟིན་པ་དག དངོས་སུ་ལག་ལེན་ནམ་སྦྱོང་བརྡར་དུ་འཇུག་པར་སེམས། དེ་ལྟར་ན་སློབ་སྦྱོང་བྱ་བ་ནི། དང་པོ་གཞན་གྱི་ས་ནས་ཤེས་བྱ་ཡོན་ཏན་རྣམས་ཚུར་སློབ་པ་དང་དེ་ནས་བསླབས་ཟིན་པ་དག་རང་རྒྱུད་དུ་སྦྱོང་བརྡར་བྱེད་པ་ཞིག་ཏུ་ཆགས་འདུག དེ་ལས་ཀྱང་ཅུང་ཁ་གསལ་དུ་བཤད་ན། ང་ཚོའི་སྲོལ་རྒྱུན་སློབ་གསོའམ་དགོན་སྡེའི་སློབ་གསོའི་ཁྲོད་ཀྱི་ཐོས་བསམ་ཞེས་པ་དང་གཅིག་ཏུ་སྣང་། དང་པོ་དགེ་བའི་བཤེས་གཉེན་གྱི་མདུན་ནས་ཐོས་པ་མང་དུ་གསོག་དགོས་པ་དང་། དེ་ནས་ཐོས་པ་དེ་དག་འགྲིག་མིན་ལ་བསམ་བློ་མང་དུ་གཏོང་དགོས་ཤིང་དེ་ལས་ཐོབ་པའི་ལེགས་ཆ་རྣམས་རང་རྒྱུད་དུ་ཉམས་སུ་ལེན་པ་བཞིན། སློབ་གསོ་ཞེས་པའི་དེང་གི་ཐ་སྙད་འདི་ལ་ཡང་དེ་འདྲའི་གོ་རིམ་དང་བསྟན་དོན་ཞིག་ལྡན་ཡོད་པར་སྣང་། དེའི་རྒྱུ་མཚན་གྱིས་ང་ཚོའི་སློབ་གྲྭའི་སློབ་མ་མང་པོ་ཞིག་གིས་སློབ་སྦྱོང་བྱེད་པ་ལ་ངེས་པ་དོན་གྱི་སློབ་སྦྱོང་གི་མཚན་ཉིད་དེ་ཚང་མི་འདུག རྒྱུ་མཚན་ཁོ་ཚོའི་སློབ་སྦྱོང་ལ། སློབ་མ་གཏོགས་སྦྱོང་ཞེས་པ་དེ་ལྡན་མཁན་ཧ་ཅང་ཉུང་། གང་ཞེ་ན་ད་ལྟའི་སློབ་མ་མང་པོ་ཞིག་གིས་དགེ་རྒན་གྱི་མདུན་ནས་ཤེས་བྱ་ཡོན་ཏན་དག་ཚུར་སློབ་པ་ཙམ་ལས། དེ་ལ་མནོ་བསམ་གཏོང་བ་དང་དོགས་སློང་མཛད་པ་ནི་ནམ་ཞར་དགུན་གྱི་ཁུ་བྱུག་བཞིན་མིག་གི་སྤྱོད་ལམ་དུ་མཐོང་རྒྱུ་ལྟ་ཅི་ཐོས་རྒྱུ་ཡང་མི་འདུག་ཚོད་རེད། ཡང་གཅིག་བཤད་ན། ད་ལྟའི་སློབ་མ་མང་ཆེ་བས་མཐའ་གཅིག་ཏུ་རྒྱུགས་སྐར་དམིགས་འབེན་དུ་བཟུང་ནས། དཔེ་ཆ་དག་ལ་དབྱེ་བསལ་དང་གདམ་གསེས་མེད་པར་གང་བྱུང་སྒྱེ་ནང་རྡོ་བཅུག་བྱེད་པ་ནི། དམན་པ་ངའི་སྣང་ངོར་སློབ་སྦྱོང་གི་རྣམ་པ་ཙམ་ལས་སློབ་སྦྱོང་རྣལ་མ་ཞིག་ཏུ་ནམ་ཡང་ངོས་འཛིན་བྱེད་དཀའ་འོ།།
གསུམ་པ། སློབ་ཁྲིད་ཀྱི་མིང་བརྡ་གླེང་བ།
དེ་ཡང་སློབ་ཁྲིད་ཞེས་པའི་མིང་བརྡ་འདི་ལ་མཚོན་ན། དེ་ནི་བོད་རང་གི་སྔར་ཡོད་ཐ་སྙད་ཅིག་ཡིན་པར་ཨེན་ཙམ་བློ་མ་བདེ། རྒྱུ་མཚན་ཡང་སྔོན་གྱི་གསུངས་རབ་དག་ཏུ་དེ་དང་དོན་འདྲ་བའི་ཆོས་ཁྲིད་དང་དཔེ་ཁྲིད་སོགས་ལས། སློབ་ཁྲིད་ཅེས་པ་ཞིག་བྱུང་བ་ཕལ་ཆེར་མེད། མ་གཞི་སློབ་གྲྭ་དང་སློབ་ཁྲིད་ཀྱི་ཐ་སྙད་འདིའི་རིགས་ནི་ཡུལ་སྐད་ཀྱི་དབང་གིས་རིམ་གྱིས་འགྱུར་ཡོང་བ་ཞིག་ཏུ་སྣང་ལ། དཔེར་ན་དབུས་གཙང་གི་ཁ་སྐད་དུ་སློབ་གྲྭ་ལ་བསླབས་གྲྭ་ཟེར་ལ། དེ་ནི་ཐོག་མའི་དགོན་སྡེའི་སློབ་གསོའི་ཁྲོད་ཀྱི་བཤད་གྲྭ་དང་སྒྲུབ་གྲྭ་བསླབས་གྲྭ་སོགས་ཀྱི་ཐ་སྙད་རང་སོར་ལུས་པ་ཞིག་ཡིན་པར་སེམས། འོན་ཀྱང་མདོ་དབུས་ཁམས་གསུམ་གྱི་ཕལ་སྐད་ཀྱི་འབོད་སྟེངས་མི་འདྲ་བའི་དབང་གིས་ཁ་ཅིག་གིས་བྱ་ཚིག་གཙོ་བོར་འཛིན་པ་དང་ཁ་ཅིག་གིས་བྱེད་ཚིག་གཙོ་བོར་འཛིན། དཔེར་ན་གོང་ཞུས་ལྟར། དབུས་གཙང་གི་སྐད་ཀྱིས་སློབ་གྲྭ་ལ་བསླབས་གྲྭ་ཟེར་ཞིང་བྱ་བའི་ཡུལ་གྱི་ཚིག་གཙོ་བོར་བཟུང་ཡོད། ཨ་མདོའི་སྐད་ཀྱིས་སློབ་གྲྭ་ཞེས་འབོད་ལ་བྱེད་ཚིག་གཙོ་བོར་བཟུང་ཡོད། གང་ལྟར་སློབ་ཁྲིད་ཅེས་པའི་ངེས་ཚིག་འདི་ཡང་དེ་ལྟར་འགྱུར་བ་ཡིན་མིན་གསལ་བོ་མི་ཤེས་མོད། རིག་གསར་རྗེས་སུ་སློབ་གྲྭ་དང་སློབ་མ་སོགས་མ་ལག་རང་བཞིན་ལྡན་པའི་ཐ་སྙད་ཆགས་པ་བཞིན་སྐབས་དེར་བྱུང་བ་ཞིག་ཡིན་པར་གདོན་མི་ཟ་ལ། དེའི་བསྟན་དོན་ཡང་གོང་གི་དཔེ་ཁྲིད་དང་ཆོས་ཁྲིད་སོགས་དང་བསྡུར་ན་ ཅུང་ཐད་ཀར་རང་བཞིན་དང་གོ་རིམ་ལྡན་པ་ཞིག་རེད། གོང་སྨྲས་བཞིན་སློབ་ཁྲིད་ཀྱི་སློབ་འདི་ལ་ཡང་གོ་དོན་མི་འདྲ་བ་གཉིས་ཡོད་པ་ལས། སྐབས་དོན་ནི་སྦྱོང་བའི་དོན་དང་འདྲ་བར་སྙམ། ཇི་སྐད་དུ། རྗེ་རིན་པོ་ཆེས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། ། ཞེས་པ་བཞིན་དང་པོ་གཞན་གྱི་ས་ནས་ཐོས་པའམ་སློབ་སྦྱོང་མི་དམན་པ་བྱེད་རྒྱུ་དང་། དེ་ནས་སྦྱངས་ཟིན་པ་དག་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་འགྲིག་མིན་གྱི་བརྡར་ཤ་གཅོད་པ་དང་། དེ་ལས་བྱུང་བའི་བདེན་པ་མཐའ་དག་ད་གཟོད་མི་གཞན་ལ་འཆད་པའམ་ཁྲིད་པ་དེ་ལ་གོ་དགོས། མ་གཞི་གོ་རིམ་འདི་ནི་དོན་གྱི་སྟེང་ནས་ཀྱང་ཡང་དག་པའི་སྤྱི་འགྲོས་ཤིག་ཏུ་ཆགས་འདུག དེའི་རྒྱུ་མཚན་གྱིས་སློབ་ཁྲིད་ཅེས་པའི་ངེས་ཚིག་འདིས་གོང་གི་དཔེ་ཁྲིད་དང་འཆད་ཁྲིད་སོགས་ལས་ཀྱང་སྔོན་ལ་སློབ་སྦྱོང་བྱེད་དགོས་པའི་གནས་ལུགས་དེ་ཐད་ཀར་དང་དམར་འཛིན་རང་བཞིན་བྱས་ཡོད། སྤྱིར་དཔེ་ཁྲིད་དང་འཆད་ཁྲིད་སོགས་ལའང་སློབ་ཀྱི་ནང་དོན་གཏན་ནས་མེད་པ་མིན་མོད། འོན་ཀྱང་དེ་ནི་ཅུང་ཤུགས་བསྟན་དུ་འཁུམས་སོ། ། དེའི་ཕྱིར་སློབ་ཁྲིད་ཅེས་པ་ནི་སྦྱངས་པ་གཅིག་ཀྱང་སྔོན་དུ་སོང་མེད་པར་རང་སྣང་གང་ཤར་གྱིས་སྤེལ་ཆོག་པའི་བྱ་འགུལ་ཞིག་གཏན་ནས་མིན་ལ། ལྷག་པར་དུ་རིག་པའི་གནས་གང་ལའང་སྦྱངས་པ་བྱེད་མ་མྱོང་བའི་མི་བུ་ཞིག་ལ་མཚོན་ན། སློབ་ཁྲིད་བྱེད་བཞིན་ཡོད་ཅེས་པ་ནི་ཧ་ཅང་སྐྱེངས་པ་ཚ་དགོས་པའི་གནས་ཤིག་རེད། མ་གཞི་སློབ་ཁྲིད་བྱེད་པ་པོ་ཞིག་ལ་མཚོན་ན། དང་པོ་རང་གི་ཆེད་ལས་སམ་ཁྲིད་བྱའི་ནང་དོན་དེ་ལ་སྦྱངས་པ་མི་དམན་པ་ཞིག་དང་རྒྱུས་ལོན་ངོ་གནོང་མི་དགོས་པ་ཞིག་བྱེད་རྒྱུ་ནི། ཡོད་རྒྱུ་ཀུན་གྱི་མཆོག་ཏུ་གྱུར་འདུག ད་དུང་ཤིན་ཏུ་ཞེ་མེར་བའི་སློབ་ཁྲིད་སྐོར་གྱི་རུལ་སུངས་ཤིག་ནི། མི་ལོ་བཅུ་ཕྲག་འགའི་སྔོན་གྱི་བསླབ་གཞི་དང་རྒྱུགས་ཤོག་དག་བཀོལ་ནས་སློབ་མ་རྣམས་ལ་གསར་གཏོད་དང་སྣ་མང་བསམ་བློ་གང་ཡང་མེད་པར། ལམ་རྙིང་བ་གཅིག་གི་ནང་ནས་སློབ་མ་རྣམས་ཀྱི་བསླབ་རིམ་ལ་རྫོགས་ཚིག་འབྲི་རུ་བཅུག་པ་དེ་རེད། སློབ་ཁྲིད་བྱེད་ཐབས་འདིའི་རིགས་ནི་ཤོག་བུ་བསྐྱར་དཔར་བྱས་པ་དང་མཚུངས་པར། རང་ངོས་ནས་ནམ་ཡང་གསར་གཏོད་དང་འཕེལ་རྒྱས་གང་ཡང་མེད་ལ། རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ལ་སྦྱངས་པ་ལེགས་པོ་བྱེད་རྒྱུ་དང་། སྦྱངས་པ་ཟིན་པ་དེ་དག་གནའ་མི་རྒན་པོའི་བདེན་གཏམ་ལས། ཨ་བྲ་མདའ་ཐེག་གིས་མདའ། ། སྲེ་མོང་མདུང་ཐེག་གིས་མདུང་། ། ཟེར་བ་བཞིན་མ་འོངས་པ་ལ་ཁ་ཕྱོགས་ཏེ། རྗེས་རབས་པ་རྣམས་ལ་མ་འཆུག་པ་ཞིག་ཁྲིད་རྒྱུ་ནི་སྐོམ་པའི་ཆུ་བཞིན་དུ་དགོས་གལ་ཤིན་ཏུ་ཆེ་བར་མཐོང་། ཡིན་ཡང་རང་གི་རིག་གནས་གང་ལའང་སྦྱངས་པ་མ་བྱས་པར་གཡོ་དང་རྫུན་གྱིས་ཁ་ལོ་བསྒྱུར་བ་ནི་གནམ་འོག་དུ་ཤོང་དཀའ་བའི་ཉེས་པའོ།། དེའི་རྐྱེན་གྱིས་སོ་སོས་སློབ་ཁྲིད་ཅེས་པའི་ཐ་སྙད་འདི་ཐོས་པའམ་མཐོང་བའི་ཚེ་ན། བསམ་བློ་ཞིབ་མོ་ཞིག་གཏང་རྒྱུ་ནི་ནད་ཐོག་མེ་བཙའ་འོ། །