རིག་གནས་རྣམ་བཤད།

མཱ་ལི་ནའོ་སི་ཁཱི་བརྩམས། ཧྥིས་ཞའོ་ཐུང་གིས་རྒྱ་ཡིག་ཏུ་བསྒྱུར། པད་མ་ཚེ་རིང་གིས་བོད་ཡིག་ཏུ་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-30



བདུན། སྤྱི་ཚོགས་སྒྲིག་སྲོལ་གྱི་རྣམ་པ་དང་། བྱེད་ནུས། གྲུབ་ཚུལ།

གལ་སྲིད། ང་ཚོས་དངོས་ཆས་གང་རུང་ཞིག་བླངས་ཏེ་དེའི་རིག་གནས་ཀྱི་ཐུན་མོང་གི་ཆ་ལ་དབྱེ་ཞིབ་བྱེད་བསམ་ན། དེ་ཉིད་སྤྱི་ཚོགས་སྒྲིག་སྲོལ་གྱི་མ་ལག་ཞིག་གི་ནང་དུ་བཞག་སྟེ་དེའི་རིག་གནས་ཀྱི་བྱེད་ནུས་ཇི་ལྟར་འདོན་པའི་ཚུལ་ལ་འགྲེལ་བཤད་བྱེད་པ་ལས་འོས་མེད། དཔེར་ན། རི་དྭགས་རྔོན་བྱེད་ཀྱི་དབྱུག་མདུང་ཞིག་ལ་དབྱེ་ཞིབ་བྱེད་པའི་དབང་དུ་བཏང་ན། ང་ཚོས་ཐོག་མར་དེ་དང་འབྲེལ་བའི་རིག་གནས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་རི་དྭགས་རྔོན་ཚུལ་གཞན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལ་རྒྱུས་ལོན་གཏིང་ཚུགས་པ་ཞིག་བྱ་དགོས་ལ། དེ་ལས་ཀྱང་གལ་ཆེ་བ་ནི། རི་དྭགས་རྔོན་ཚུལ་འདིའི་ཁྲོད་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་དང་། རྔོན་པའི་རྩ་འཛུགས། འབྲེལ་ཡོད་ཀྱི་ལག་རྩལ་དང་ཆོས་ལུགས་ཆོ་ག རྔོན་ཤ་བགོ་བཤའ་རྒྱག་ཚུལ། དེ་དང་རི་དྭགས་རྔོན་ཚུལ་གཞན་བར་གྱི་འབྲེལ་བ། དེ་རུས་རྒྱུད་ཚོ་ཁག་གི་དཔལ་འབྱོར་ལ་གལ་ཆེ་ཚུལ་སོགས་གསལ་བཤད་ཡང་དག་པ་བྱ་དགོས་པ་དེའོ། །

གལ་ཏེ་རིག་གནས་ཀྱི་དཔེ་གཞི་འཚོལ་བསྡུ་བྱས་པ་ཙམ་ཡིན་ན་མ་གཏོགས། གཞན་རུས་རྒྱུད་ཚོ་ཁག་ཞིག་གི་ནང་དུ་སྤྱོད་བཞིན་པའི་རི་དྭགས་རྔོན་བྱེད་ཀྱི་དབྱུག་མདུང་དེ་ཉིད་ངེས་པར་དུ་དེ་འབྲེལ་གྱི་རིག་གནས་དེའི་སྒྲིག་སྲོལ་གྱི་ཆ་ཤས་ཞིག་ཏུ་བལྟས་ཏེ་བཤད་དགོས་ལ། དེ་ཉིད་སྒྲིག་སྲོལ་དེ་དང་དེ་རུ་བཟུང་བའི་གོ་གནས་སོགས་དང་འབྲེལ་ཏེ་བཤད་དགོས། དེ་ལྟ་ན་ད་བཟོད་དབྱུག་མདུང་དེ་ལྟ་བུའི་རིག་གནས་ཀྱི་དོན་སྙིང་རྣམས་རྟོགས་ཐུབ་བོ། །

ཡང་ང་ཚོས་དེ་ལས་ཅུང་རྙོག་འཛིང་ཆེ་བའི་དངོས་ཆས་ཞིག་སྟེ། ལྷོ་ཞི་བདེ་རྒྱ་མཚོའི་སྟེང་དུ་སྤྱོད་བཞིན་པའི་ཤིང་གྲུ་རྐང་གཅིག་མ་ལྟ་བུ་ལ་མཚོན་ན། དེ་ལ་རིགས་མང་ཞིང་སོ་སོར་ཁྱད་ཆོས་ཀྱང་མི་འདྲ་བ་ལྡན་ཏེ། Ba lsaཞེས་གྲུ་ཁེམ་གཅིག་གྲུ་ཤིང་དང་བསྣོལ་བའི་རིགས་དང་། Kayakཞེས་གྲུ་ཁེམ་གཉིས་གྲུ་ཤིང་དང་བསྣོལ་བ། Catainaraugཅེས་ཤིང་གྲུ་རྐང་གཉིས་མ་སོགས་ཡོད། ཤིང་གྲུ་འདི་དག་ནི་མིའི་རིགས་རིག་པའི་མཁས་པ་རྣམས་ཀྱིས་ནམ་རྒྱུན་ཡུལ་ཕྱོགས་སོ་སོའི་རིག་གནས་ཀྱི་འབྲེལ་བ་མཚོན་པའི་འགག་རྩ་ཞིག་དང་། རིག་གནས་བརྒྱུད་སྤེལ་གྱི་སྒྲུབ་བྱེད་སོགས་ལ་བརྩི་མོད། ང་ཚོས་གྲུ་ཆུང་དེ་དག་གི་ཕྱིའི་རྣམ་པ་ཁོ་ནའི་སྟེང་ནས་དེའི་དོན་སྙིང་གསལ་བར་བརྗོད་དཀའ་སྟེ། ཐོག་མར་གྲུ་ཆུང་དེ་དག་བཟོ་མཁན་དང་། དེའི་བདག་པོ། དེ་བེད་སྤྱོད་མཁན། དེ་རིན་ཐང་ཅན་དུ་ལྟ་མཁན་གྱི་མི་རྣམས་ལ་མཚོན་ན། དེས་ཁོང་ཚོའི་དགོས་མཁོ་ག་གེ་མོ་ཞིག་སྐོང་བར་བྱེད་བཞིན་ཡོད་དེ། ཁོ་ཚོ་ནི་གླིང་ཕྲན་ནམ་རྒྱ་མཚོའི་ཁ་ན་འཚོ་བ་རོལ་ཡོད་པས་དང་། ཡང་ན་ཉོ་ཚོང་གི་དགོས་མཁོ་ཡོད་པ། ཡང་ན་ཉ་འཛིན་པ་དང་གཡུལ་འཁྲུག་ལ་སྤྱོད་པ། ཡང་ན་ཕྱི་རོལ་ལ་ཉེན་ཁ་འགྲིམ་པར་སྤྱོད་དགོས་པ་སོགས་ཀྱི་རྐྱེན་གྱིས། མཚོ་ངོས་ལ་ཕར་འགྲོ་ཚུར་འོང་བྱེད་པའི་ལག་ཆ་དེ་མེད་དུ་མི་རུང་བར་གྱུར་བ་རེད།

དེ་དག་ལ་ཕྱིའི་རྣམ་པ་དང་ཁྱད་ཆོས་ཇི་ཙམ་ལྡན་པ་ཐམས་ཅད་དེ་དག་གི་སྤྱོད་སྒོ་ལ་རག་ལས་ཤིང་། སྤྱོད་སྒོ་རིགས་མི་འདྲ་བ་རེ་རེས། མཚོ་འགྲུལ་གྱི་མ་ལག་ཁྱད་པར་བ་རེ་མཚོན་པ་ཡིན་ཏེ། དང་པོ། གྲུ་ཁེམ་དང་། གྲུ་འདེད་དབྱུག་པ། གྲུ་ཁེམ་སྣོལ་མ། གཡོར་མོ་སོགས་སྤྱོད་པའི་ལག་རྩལ་མི་འདྲ། ལག་རྩལ་འདི་དག་ནི་མཚོ་ངོས་ལ་ཇི་ལྟར་བརྟན་པོར་འཕྱོ་བ་དང་། མགྱོགས་ཚད་ཚོད་འཛིན་ཐབས། ཁ་ལོ་བསྒྱུར་སྟངས་སོགས་དངོས་ལུགས་ཀྱི་ཤེས་བྱ་གཞི་བྱས་པ་ཞིག་རེད། དེ་བས་གྲུའི་བཟོ་དབྱིབས་དང་སྒྲིག་གཞི་ནི་དེ་བེད་སྤྱོད་ཐབས་ཀྱི་ལག་རྩལ་དང་དེ་འབྲེལ་ཀྱི་གཞུང་ལུགས་སོགས་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པས་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་ཕྱོགས་དེ་དག་ལ་དོ་སྣང་མ་བྱས་ཚེ། གནད་འགག་ཏུ་གྱུར་པའི་གནས་ཚུལ་རྣམས་རྟོགས་པར་མི་འགྱུར་རོ། །

དེ་ལྟ་ན་ཡང་། མི་མང་པོ་ཞིག་གིས་གྲུ་ཆུང་དེ་དག་གི་བཟོ་དབྱིབས་དང་སྒྲིག་གཞིའི་སྐོར་ལ་ཞིབ་འབྲི་མང་པོ་བྱས་ཡོད་པ་ལས། དེ་དག་གི་ཁ་ལོ་སྒྱུར་ཐབས་ཀྱི་ལག་རྩལ་དང་དེའི་སྤྱོད་སྒོ་དང་འབྲེལ་བའི་ཕྱོགས་སོ་སོ་ལ་ཞིབ་འབྲི་དང་གསལ་བཤད་བྱས་པ་ཕལ་ཆེར་མེད། མི་གཅིག་གིས་ཤིང་གྲུ་རྐང་གཅིག་མ་ཞིག་གཏོང་བའི་དབང་དུ་བཏང་ན་ཡང་། དེ་ལ་སྤྱི་ཚོགས་རིག་པའི་ཕྱོགས་ཀྱི་བཤད་ཚུལ་ཡོད་ཆོག་སྟེ། ཐོག་མར་དེ་ལ་བདག་པོ་དང་། བཟོ་བ། གཡར་མཁན་ནམ་གླ་མཁན་སོགས་ཡོད་ལ། དེ་ལ་བརྟེན་ནས་བྱུང་པའི་མི་དང་མིའི་བར་གྱི་འབྲེལ་བ་ཡང་རྙོག་འཛིང་ཤིན་ཏུ་ཆེ།

དེ་བཞིན་དེའི་བདག་དབང་དང་། ལས་བགོས་བྱེད་སྟངས། འབྲེལ་ཡོད་ཀྱི་ཁེ་དབང་དང་འོས་འགན་སོགས་ལ་བརྟེན་ནས་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་འབྲེལ་བ་ཆ་ཚང་ཞིག་ཆགས་སྲིད། གལ་ཏེ་གྲུ་ཆེན་པོ་ཞིག་ཡིན་པའི་དབང་དུ་བཏང་ན། དེ་བཟོ་མཁན་ལ་རང་ཤུགས་སུ་མི་མང་པོ་མཉམ་འབྲེལ་བྱ་དགོས་པས། དེ་ན་ནམ་རྒྱུན་སྤྱི་དང་གཞུང་ལ་དབང་བ་ཞིག་ཡིན་ལ་དེ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་འབྲེལ་བ་ཡང་གོང་ལས་ལྡབ་འགྱུར་གྱིས་རྙོག་འཛིང་ཆེ་བ་ཞིག་ཏུ་ངེས། དེ་དག་ཚང་མ་ནི་ཆེས་རྩ་བའི་ཆོས་ཉིད་ཅིག་ལ་གཞི་བྱས་ཏེ་ཆགས་ཤིང་། དེ་དང་དེ་ལྟ་བུའི་རིག་གནས་ཀྱི་བཀོད་པ་སྣ་ཚོགས་པ་ཞིག་ལས་ཤིང་གྲུ་རྐང་གཅིག་མ་ལྟ་བུའི་རིག་གནས་ཀྱི་རྣམ་པ་དེ་བྱུང་བ་རེད། འོན་ཏེ་རྣམ་པ་དེ་ལྟ་བུ་ནི་རང་གི་དགོས་མཁོ་ལ་བརྟེན་ནས་ཁེར་ཚུགས་སུ་ཆགས་པ་ཞིག་དང་། སྟེས་དབང་དང་གཞན་ལ་འབྲེལ་བ་མེད་པ། གཅིག་པུར་བརྒྱུད་སྤེལ་ཐུབ་པ་སོགས་སུ་འདོད་ན། དངོས་ཡོད་གནས་ཚུལ་ལ་བསྙོན་འདིང་བ་ལས་མེད་དོ། ། (མུ་འགོད།)  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1