ཟླ་1ཚེས་28ཉིན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྒྱལ་གཅེས་དགོངས་དོན་དཔྱད་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གྱིས་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་སྲི་ཐར་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་ཡན་ཅུའེ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་ཧུའུ་པ་ཏེང་ཏའེ་བཅས་ཀྱིས་སྔ་རྟིང་དུ་གཏམ་བཤད་གནང་བ་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་མཐུ་སྟོབས་སེང་གེ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དཔལ་འབར་རྡོ་རྗེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲང་ཡུན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཞུས་ཆེན་ལོ་ཙཱ་བ་མགོན་པོ་གཡུ་རྒྱལ་སོགས་ཀྱིས་སྔ་རྟིང་དུ་གཏམ་བཤད་གནང་།
བོད་རིག་པའི་སྡེ་ནས་ཡོང་བའི་ཆེད་མཁས་པ་དང་ནང་བསྟན་པའི་སྡེ་ནས་ཡོང་བའི་འཐུས་ཚབ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་གཉེན་ཉེ་ཕྱོགས་ཀྱི་འཐུས་ཚབ་བཅས་མི་བརྒྱ་ལྷག་དཔྱད་གླེང་ཚོགས་འདུ་འདིར་ཞུགས།
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་ན་ཕྲ་དུས་མཚན་ལ་མགོན་པོ་ཚེ་བརྟན་ཞེས་གསོལ་ཞིང་། 1938ལོར་མཚོ་སྔོན་ཞིང་ཆེན་ཞུང་ཧྭ་རྫོང་དུ་སྐུ་འཁྲུངས། དགུང་ལོ་གསུམ་གྱི་སྟེང་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་གནང་། 1949ལོའི་ཟླ་6ཚེས་3ཉིན། གོ་མིན་སྲིད་གཞུང་གིས་གསེར་བུམ་དཀྲུག་མི་དགོས་པར་ཆོག་མཆན་གནང་བ་མ་ཟད། ཟླ་8ཚེས་10ཉིན། མི་སྣ་ཆེད་དུ་མངགས་ཏེ་སྐུ་འབུམ་བྱམས་པ་གླིང་དུ་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོར་གཙོ་སྐྱོང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པར་ཐུགས་ཐག་བཅད།
1949ལོའི་ཟླ་10ཚེས་1ཉིན་པཎ་ཆེན་སྐུ་ཕྲེང་བཅུ་པས་མཚོ་སྔོན་ནས་མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་ཟི་ལིན་ཀྲུའུ་ཏེ་ལ་གློག་འཕྲིན་སྤྲིངས་ཏེ། ཀྲུང་གོ་གསར་པ་དང་ཀྲུང་དབྱང་སྲིད་གཞུང་ལ་གོང་བཀུར་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་སམ་བདག་དབང་ཆ་ཚང་བ་ལེགས་པར་སྲུང་བའི་ཆབ་སྲིད་དགོངས་བཞེད་མངོན་པར་ཞུས། དེའི་རྗེས་ཀྱི་ལོ་ངོ་བཅུ་ཕྲག་རིང་ལ། རིན་པོ་ཆེ་ཁོང་རྒྱལ་ཁབ་དང་ཆོས་ལུགས་ལ་སྙིང་ཐག་པ་ནས་ཤ་ཚ་བ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་སླད་དུ་སྐུ་ངལ་ཆེན་པོ་བསྐྱོན་ཅིང་། བོད་དང་སྤུན་ཟླའི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་རིག་གནས་བྱ་གཞག་གི་འཕེལ་རྒྱས་ལ་འབད་པ་བརྒྱ་ཕྲག་བསྟེན།
1989ལོའི་ཟླ་1པོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གཞིས་རྩེའི་བཀྲ་ཤིས་ལྷུན་པོ་དགོན་དུ་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་མཉམ་བཞུགས་སྐུ་གདུང་མཆོད་ཁང་བསྐྱར་བཞེངས་ཀྱི་མཛད་ཆེན་ལ་གཙོ་སྐྱོང་གནང་བར་ཕེབས་པ་དང་། ཟླ་1ཚེས་28ཉིན་མཛད་རིམ་གྱིས་སྐུ་ངལ་བཞེས་དྲགས་པའི་དབང་གིས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཅིང་། དེ་དུས་ཁོང་ཉིད་དགུང་གྲངས་51བཞེས་ཡོད་པ་རེད།