ཞི་ཅིན་ཕིང་གིས“ཝང་ཅེའི་པན”གྱི་འཐབ་འཛིང་པ་ཡོངས་ལ་འཕྲིན་ལན་སྤྲིངས་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-13
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འབུམ་ཤོག་ཆེ་མོ་71པའི་ལུའེ་ཞིག་གི“ཝང་ཅེའི་པན”གྱི་འཐབ་འཛིང་པ་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ་ཁོང་ཚོས་སློབ་སྦྱོང་ཡག་པོ་དང་། དད་སེམས་བརྟན་གཏོང་། འཇོན་ཐང་ཆེར་གཏོང་། གྲུབ་འབྲས་བཟང་པོ་སླར་ཡང་གཏོད་པ་བཅས་བྱས་ཏེ་དུས་རབས་གསར་པའི་འཐབ་འཛིང་པ་ཡག་པོ་འབད་བརྩོན་ཆེན་པོས་བྱས་ནས་མི་དམངས་དམག་དཔུང་གི་དཔུང་ཁག་ཆེ་མོའི་ནང་ལང་ཚོའི་ངོ་མཚར་ངོམ་དགོས་ཞེས་ལྕག་སྐུལ་གནང་བ་མ་ཟད། འཐབ་འཛིང་པ་ཚོ་དང་ཁོང་ཚོའི་ནང་མིར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་གནང་བ་རེད། འཕྲིན་ལན་གྱི་ནང་དོན་ཡོངས་འདི་ལྟར་ཏེ།
“ཝང་ཅེའི་པན”གྱི་འཐབ་འཛིང་པ་ཡོངས་ལ།
ཁྱེད་ཚོ་སྐུ་ཁམས་བཟང་། འཕྲིན་ཡིག་འབྱོར་ནས་ལོ་གཅིག་གོང་ང་ཚོ་མཉམ་དུ་གླེང་མོལ་བྱེད་པའི་པར་མཐོང་བས་སྐབས་དེ་དུས་ཀྱི་གནས་ཚུལ་སླར་ཡང་མིག་ལམ་དུ་འཆར་བྱུང་། ཁྱེད་ཚོས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་པ་དང་ཝང་ཅེའི་སྙིང་སྟོབས་དར་སྤེལ་བཏང་ནས་འབད་འབུངས་ཧུར་ཐག་བྱས་པར་གཡུར་ཟའི་གྲུབ་འབྲས་གསར་པ་ཐོབ་པ་ཤེས་བྱུང་བས་དགའ་ཚོར་ཆེན་པོ་སྐྱེས་བྱུང་།
དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ཐད་སྐུལ་འདེད་གཏོང་བར་གཞི་རིམ་ལ་ནུས་པ་འདོན་ས་མང་པོ་ཡོད།
ཁྱེད་ཚོས་སློབ་སྦྱོང་ཡག་པོ་དང་། དད་སེམས་བརྟན་གཏོང་། འཇོན་ཐང་ཆེར་གཏོང་། གྲུབ་འབྲས་བཟང་པོ་སླར་ཡང་གཏོད་པ་བཅས་བྱས་ཏེ་དུས་རབས་གསར་པའི་འཐབ་འཛིང་པ་ཡག་པོ་ཧུར་ཐག་བྱས་ནས་མི་དམངས་དམག་དཔུང་གི་དཔུང་ཁག་ཆེ་མོའི་ནང་ལང་ཚོའི་ངོ་མཚར་ངོམ་དགོས།
དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བས་ངས་ཁྱེད་ཚོ་དང་ཁྱེད་ཚོའི་ནང་མིར་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་།
2019ལོའི་ཟླ་1ཚེས་21ཉིན།
2017ལོའི་ཟླ་12ཚེས་13ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབུམ་ཤོག་ཆེ་མོ་71པར་རྟོག་ཞིབ་གནང་ནས་རླབས་ཆེའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་བློ་མཐུན་ཝང་ཅེ་སྐུ་འཚོ་བཞུགས་སྐབས་ཀྱི་ལེན་ཏུའེ་རུ་ཆེད་མངགས་ཕེབས་ཏེ“ཝང་ཅེའི་པན”དང་བཞུགས་མོལ་སྤེལ་རེས་གནང་ནས་པན་ཡོངས་ཀྱི་བློ་མཐུན་ཚོར་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད། ཉེ་ཆར། “ཝང་ཅེའི་པན”གྱི་འཐབ་འཛིང་པ་ཡོངས་ཀྱིས་བརྩེ་སེམས་ཟབ་མོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ་ཁོང་ཚོའི་ལོ་གཅིག་རིང་གི་ལས་དོན་དང་། སློབ་སྦྱོང་། མི་སྒེར་གྱི་འཚར་ལོངས་ཡར་རྒྱས་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ་འབད་འབུངས་ཡར་བརྩོན་དང་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་པའི་ཆོད་སེམས་དང་རྣམ་འགྱུར་མཚོན་པར་བྱས་པ་རེད།