གངས་འཁྱག་སྦྲག་ལམ་གྱི་སྦྲག་སྐྱེལ་རླངས་འཁོར་ལྗང་ཁུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18



——ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཡན་ལག་ཀུང་སིའི་ཐག་རིང་སྦྲག་ སྐྱེལ་ཁ་ལོ་བ་འཆི་མེད་རྡོ་རྗེའི་སྐོར་བཀོད་པ།

སྦྲག་སྐྱེལ་རླངས་འཁོར་ཁྲོ་ལར་སྐྱོད་བཞིན་པ།
     “སྦྲག་བསྐུར་ཡོད་ཚེ་སྦྲག་སྐྱེལ་རླངས་འཁོར་ཐོན་དགོས་ཤིང་། མི་ཡོད་ཚེ་སྦྲག་བསྐུར་ལག་སོན་ཐུབ་ངེས་རེད”
     ཚང་མས“དགུན་དུས་ཁྲོ་ལ་རྒྱག་སྐབས་བར་མདོའི་འཕྲང་ལམ་སྒྲོལ་བ་དང་གཉིས་སུ་མ་མཆིས”ཞེས་བརྗོད་ཀྱི་ཡོད། ཁྲོ་ལའི་ལམ་རྒྱུད་དེ་གངས་འཁྱག་སྦྲག་ལམ་གྱི་ཁོངས་སུ་གཏོགས་ཤིང་། དེ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ནས་སྡེ་དགེ་རྫོང་བར་ལམ་ཐག་སྤྱི་ལེ་209ཡོད་པའི་རིམ་པ་དང་པོའི་མ་ལམ་ཡིན་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ལྷག་ཙམ་ཡོད་པའི་གངས་འཁྱག་གིས་བསྡམས་པའི་ལམ་དེ་ནི་རི་མཐོ་གཡང་གཟར་མང་པོ་བརྒྱུད་དགོས་སྟབས་ཉེན་ཁ་ཧ་ཅང་ཆེ་བའི་ལམ་ཞིག་རེད་ལ། དེ་བས་མེས་རྒྱལ་ནང་ས་དང་བོད་ལྗོངས་སྦྲེལ་མཐུད་བྱེད་པའི་ཚེ་སྲོག་གི་ལམ་ཞིག་རེད།
     ལོ་55ལ་སླེབས་པའི་ཁམས་པའི་ཕོ་གཞོན་འཆི་མེད་རྡོ་རྗེ་ནི་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཡན་ལག་ཀུང་སིའི་ཐག་རིང་སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་དང་སྲུང་སྐྱེལ་ཚོགས་ཆུང་གི་ཙུའུ་ཀྲང་རེད། གངས་འཁྱག་གི་སྦྲག་ལམ་དེར་ཁོང་གིས་སྦྲག་སྐྱེལ་ལས་ལ་གཞོལ་ནས་ལོ་30སོང་ཡོད། ལོ་30ཡི་རིང་། ཁོང་གིས་སྦྲག་ལམ་དེར་འགྲོ་འོང་ཐེངས་6000ལྷག་ཙམ་བྱས་པར་ལམ་ཐག་སྤྱི་ལེ་ཁྲི་140ལྷག་ཙམ་ཟིན་ཡོད། ཁོང་གིས་ཉམས་པ་མེད་པའི་དད་སེམས་ལ་བརྟེན་ནས་གངས་ལྗོངས་ཀྱི་གྲོང་སྡེ་མང་པོར་བསྐྱོད་དེ་མི་རྣམས་ལ་ཐག་རིང་གི་གནས་ཚུལ་ཁྱེར་ཡོང་ནས་ཁོང་ཚོའི་རེ་སྒུག་གི་སེམས་ལ་དྲོད་སྣང་སྦྱིན་པས། ཁོང་ལ་གངས་འཁྱག་སྦྲག་ལམ་གྱི“དཔེ་བཟང་ཕོ་ཉ”ཞེས་པའི་མཚན་སྙན་ཐོབ་ཡོད།
     དཀར་མཛེས་ནས་སྡེ་དགེ་བར་ལམ་ཐག་སྤྱི་ལེ་209ཡོད་པའི་ལམ་ནི་དཀར་མཛེས་ཀྲོའུ་ཡི་ལམ་ཐག་སྤྱི་ལེ་5866དང་ཆ་སྙོམས་ས་བབ་སྨི་3500ལྷག་ཙམ་ཡོད་པའི་མུ་འབྲེལ“གངས་འཁྱག་སྦྲག་ལམ”གྱི་ཉེན་ཁ་ཆེ་ཤོས་ཀྱི་དུམ་བུ་ཞིག་ཡིན་པ་དང་། དེ་ནས“ཁྲོན་བོད་ཀྱི་ཉེན་ཁ་ཆེ་ཤོས”ཏེ་ས་བབ་སྨི་5050ཙམ་ཡོད་པའི་ཁྲོ་ལའི་རི་ཉག་བརྒྱུད་དགོས་ཀྱི་ཡོད།
     འཕྲང་ལམ་དང་། བྲག་སྒོ། དཀྱོག་ལམ་38དངོས་ཨ་འཕྲང་སོགས་ཁྲོ་ལའི་ལམ་དུམ་གྱི་ས་མིང་དེ་དག་ཐོས་མ་ཐག་སེམས་ལ་དངངས་འཚབ་མི་སྐྱེ་ཅི་ལ་སྲིད། དེ་གར་ལམ་ཀྱོག་མང་ལ་གཡང་གཟར་བ་དང་ལམ་ངོས་གུ་དོག་ཤོས་སུ་སྨི་4ལས་མེད་པས་རླངས་འཁོར་ཆེན་པོ་གཅིག་འགྲོ་ཐུབ་ཙམ་ལས་མེད། ལམ་དུམ་དེར་དབྱར་དུས་དྲག་ཆར་དང་སེར་བ་འབབ་པ་དང་། དགུན་དུས་གངས་རྡིབ་པ་དང་ཁ་བ་བུ་ཡུག་འཚུབ་ཀྱི་ཡོད། ས་བབ་མཐོ་ལ་གནོན་ཤུགས་དམའ་བ་དང་གསོ་རླུང་དཀོན་པས་ཁ་ལོ་བ་རྒན་གྲས་ཤིག་ཡིན་ནའང་ལམ་དུམ་དེར་སླེབས་མ་ཐག་འདར་སིག་སིག་བྱེད་ཀྱི་ཡོད། 
     2017ལོའི་ཟླ་9པར། ཁྲོ་ལའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་མ་ཐུབ་གོང་གངས་འཁྱག་སྦྲག་ལམ་དུ་འཆི་མེད་རྡོ་རྗེས་སྦྲག་སྐྱེལ་རླངས་འཁོར་བཏང་ནས་ཟླ་རེར་འགྲོ་སྐྱོད་ཐེངས་20ལྷག་ཙམ་བྱེད་ཀྱི་ཡོད། གནས་དེ་གར་གང་ནས་རྦབ་རྡོ་ཟག་པ་དང་། གང་ནས་འདམ་རྡོའི་ཆུ་རུད་ཐོན་པ། གང་དུ་འཁྱག་པ་ཐེབས་པ། གང་དུ་གངས་གསོག་མཐུག་པ་ཡོད་མིན། ལམ་ངོས་གང་མཁྲེགས་ཙམ་ཡོད་མིན། གནམ་གཤིས་གང་ཞིག་སྟོན་དུས་ལམ་ངོས་སུ་གནས་ཚུལ་གང་ཞིག་ཐོན་སྲིད་པ་བཅས་ཚང་མ་རང་གི་འབར་མཐིལ་དུ་བླུགས་པ་བཞིན་གསལ་གསལ་ཐིང་ཐིང་དུ་ཤེས་ཀྱི་ཡོད།
     གངས་འཁྱག་སྦྲག་ལམ་ལོ་30བརྟན་སྲུང་བྱས་ནས་བསགས་པའི་ཕུན་སུམ་ཚོགས་པའི་ཉམས་མྱོང་གིས་ཁོང་ལ་དཀའ་གནད་རེ་རེ་བཞིན་སྒྲོལ་རོགས་བྱས་པ་མ་ཟད། ཉམས་མྱོང་དེ་དག་སྤྱད་ནས་འཆི་མེད་རྡོ་རྗེས་མི་གཞན་ལ་ཡང་རོགས་རམ་མང་དག་ཅིག་བྱས་ཡོད། ལོ་30ཡི་རིང་། གངས་འཁྱག་སྦྲག་ལམ་དུ་གང་དུ་འགྲིམ་འགྲུལ་ལས་འཛོལ་ཐོན་ཚེ་ཁོ་པ་དེ་གའི་དང་བླངས་འགྲིམ་འགྲུལ་ལས་དོན་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་གང་རུང་ཞིག་གི་ཚེ་སྲོག་གི་བདེ་འཇགས་ལ་ཉེན་ཁ་ཕྲད་ཚེ་ཁོ་པ་དང་བླངས་རོགས་སྐྱོབ་མཁན་བྱེད་ཀྱི་ཡོད། 
     གངས་འཁྱག་སྦྲག་ལམ་ལོ་30བརྟན་སྲུང་བྱེད་རིང་། ཁོང་ལ་ཁེར་རྐྱང་གི་སྣང་བ་འབྱུང་ཡོད་མོད། འོན་ཀྱང་འཆི་མེད་རྡོ་རྗེས་ཐོག་མཐའ་བར་གསུམ་དུ་གནོང་འགྱོད་གཏན་ནས་བྱེད་མྱོང་མེད། “སྦྲག་བསྐུར་ཡོད་ཚེ་སྦྲག་སྐྱེལ་རླངས་འཁོར་ཐོན་དགོས་པ་དང་། མི་ཡོད་ཚེ་སྦྲག་བསྐུར་ལག་སོན་ཐུབ་ངེས་རེད” ལོ་30ཡི་རིང་། འཆི་མེད་རྡོ་རྗེ་དང་ཁོང་གི་སྦྲག་སྐྱེལ་རླངས་འཁོར་ལ་འགན་འཁྲིའི་ལས་འཛོལ་གཅིག་ཀྱང་ཐོན་མྱོང་མེད་པར་སྦྲག་ཐོག་སྐྱེལ་འདྲེན་གྱི་ལས་འགན་ཚང་མ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད། ཚང་མའི་སེམས་ལ་གངས་འཁྱག་སྦྲག་ལམ་གྱི་སྦྲག་སྐྱེལ་རླངས་འཁོར་ལྗང་ཁུ་དེ་ནི་བདེ་འཇགས་སྲུང་སྐྱོང་གི“སྦྲག་ལམ་སྟོན་རྟགས”ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
     ཚེ་སྲོག་ལ་བརྟེན་ནས་སྦྲག་བསྐུར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་མཁན་རྡོ་རྗེ་འཇིགས་བྱེད།
     གཟུགས་ཚད་ལ་སྨི་1.85ཡོད་པ་དང་། ཤ་རྩི་ཅུང་ནག་ཅིང་། ལྕང་ལོ་རིང་པོ་བརྒྱབ་སྟེ། གདོང་ནས་བློ་བརྟན་འགྱུར་མེད་དང་འབད་བརྩོན་བྱེད་སེམས་མངོན་པའི་རྒྱ་བོ་འཆི་མེད་རྡོ་རྗེ་ནི་རྡོ་རྗེ་འཇིགས་བྱེད་ལྟར་སྣང་།
     གངས་འཁྱག་སྦྲག་ལམ་དུ་ལམ་ངོས་རྙོག་འཛིང་ཆེ་ལ་གནམ་གཤིས་ཧ་ཅང་ཞན་པོ་ཡོད་པ་མ་ཟད། ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ལ་ཇག་པ་རྟག་ཏུ་འཕྲད་ཀྱི་ཡོད། ཐེངས་ཤིག་ཚེ་སྲོག་གི་ཚོད་བགམ་མདུན་དུ་རྡོ་རྗེ་འཇིགས་བྱེད་ཀྱིས་ཐེ་ཚོམ་སྤུ་ཙམ་མེད་པར་དཔའ་ངར་ཆེར་བསྐྱེད་ཀྱིས་མཆོངས་ཏེ་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་སྦྲག་བསྐུར་དང་སྦྲག་སྐྱེལ་རླངས་འཁོར་གྱི་བདེ་འཇགས་སྲུང་སྐྱོང་བྱས།
     2011ལོར་འཆི་མེད་རྡོ་རྗེའི་བུ་རྒན་པ་གཉེན་སྒྲིག་བྱེད་ཉེར་ཡོད་པའི་སྐབས་སུ་བུ་སྙིང་རྩ་འགགས་ནས་ཚེ་ལས་འདས། ཁོང་གི་བཟའ་ཟླའི་སེམས་ལ་ཕོག་ཐུག་ཆེན་པོ་བྱུང་བ་མ་ཟད། གནས་ཚུལ་དེས་རྐྱེན་པས་ནམ་རྒྱུན་སྦྲག་སྐྱེལ་རླངས་འཁོར་གཏོང་སྐབས་གླུ་གཏོང་བར་དགའ་བའི་འཆི་མེད་རྡོ་རྗེ་ཡང་ཁ་སྦུག་དོག་པོར་གྱུར། འོན་ཀྱང་སྡུག་རུས་ཆེ་ལ་སྣང་བ་སྐྱིད་པའི་ཁམས་པའི་ཕོ་གཞོན་དེས་སེམས་མནན་ཏེ་སླར་ཡང་སྦྲག་སྐྱེལ་རླངས་འཁོར་བཏང་ནས་ལམ་དུ་ཆས།
     2012ལོའི་ཟླ་དགུ་པར། འཆི་མེད་རྡོ་རྗེས་སྦྲག་སྐྱེལ་རླངས་འཁོར་བཏང་ནས་རྒྱལ་ལམ་318རྒྱུད་ཀྱི་གཡག་རྔ་གྲོང་ཁྱེར་ཐེན་ཆོན་རྫོང་ཁོངས་སུ་སྐྱོད་སྐབས་ལམ་གཟར་པོ་ཞིག་ཏུ་རླངས་འཁོར་དལ་བུར་བཏང་། གློ་བུར་དུ་ལམ་ཟུར་ནས་ཇག་པ་ཁྱུ་གཅིག་དོན་ཏེ་ལག་ཏུ་གཙབ་གྲི་དང་། ལྕགས་ཧྲེང་། གློག་དབྱུག་བཅས་ཁྱེར་ནས་སྦྲག་སྐྱེལ་རླངས་འཁོར་མཐའ་ནས་ཡོངས་སུ་བསྐོར། འཆི་མེད་རྡོ་རྗེ་རླངས་འཁོར་གྱི་མདུན་དུ་དོན་མ་ཐག་གྲི་དང་དབྱུག་པ་ཁོང་གི་ལུས་ལ་ཆར་པ་འབབ་པ་ལྟར་གཞུས།
     སྨན་ཁང་དུ་མྱུར་སྐྱོབ་བྱེད་སྐབས་ཁོང་གི་ལུས་ལ་གྲི་17ཕོག་པ་དང་། རྩིབས་མ་4བཅག་པ། ཐོད་རུས་ལྷེབ་ཙམ་བཀོག་པ། རྐང་པ་གཡོན་མ་དང་ལག་པ་གཡོན་མའི་ཁྲག་རྩ་བཅད་པ་སོགས་མཐོང་བ་དང་། ནད་ལྕི་ལྟ་སྐྱོང་ཁང་དུ་གཟའ་འཁོར་གཅིག་བསྡད་དེ་དཀའ་སྡུག་ཚད་མེད་མྱངས་རྗེས་གཞི་ནས་སྲོག་ཉེན་ལས་ཐར། འོན་ཀྱང་། གཤགས་བཅོས་བྱས་ནས་ཟླ་གསུམ་སོང་རྗེས་ཁོང་གི་ལག་པ་གཡོན་མ་རྐྱང་སྐུམ་ཐུབ་ཀྱི་མེད། ཁྲེང་ཏུའི་སྨན་ཁང་མང་པོ་ཞིག་གིས་རྩ་རྒྱུས་ཆད་ནས་སླར་གསོ་ཡོང་ཐབས་བྲལ་བའི་བརྟག་དཔྱད་གཅིག་མཚུངས་བྱས། གནས་ཚུལ་དེས་རྐྱེན་པས་འཆི་མེད་རྡོ་རྗེར་སྔ་སྣུར་དུ་རྒན་ཡོལ་ཞུ་རྒྱུའི་བསམ་བློ་ཞིག་འཁོར།
     ལུས་སེམས་གཉིས་ཀར་ཕོག་ཐུག་ཆེན་པོ་ཕོག་ཀྱང་འཆི་མེད་རྡོ་རྗེས་ལས་དབང་ལ་མགོ་བོ་མ་བསྒུར་བར་སྔ་སྣུར་དུ་རྒན་ཡོལ་ཞུ་མི་དགོས་པའི་ཆེད་དུ་ཁོང་གིས་གང་སར་སྨན་པ་བསྟེན། ཟླ་གཉིས་སོང་རྗེས་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གི་ལག་པ་གཡོན་མའི་སྒུལ་སྐྱོད་ནུས་པ་སླར་གསོ་ཐུབ་པ་རེད།
     རྨ་ཁ་གསོས་རྗེས་ལས་རོགས་དང་ནང་མིའི་ཁ་ལྟ་བསླབ་བྱར་མ་ཉན་པར་འཆི་མེད་རྡོ་རྗེས་སྦྲག་སྐྱེལ་རླངས་འཁོར་ལྗང་ཁུ་དེ་སླར་ཡང་གཏོང་རྒྱུའི་སེམས་ཐག་བཅད། རླངས་འཁོར་རུ་ཁག་ཏུ་ལོག་པའི་ཉིན་དེར་ལས་རོགས་ཚོས་ཁོང་ལ་ཁ་བཏགས་གཡོགས་པ་དང་ཁོང་གིས་ཁ་བཏགས་སྦྲག་སྐྱེལ་རླངས་འཁོར་ལ་གཡོགས།
     ད་ཆ་འཆི་མེད་རྡོ་རྗེ་གནས་སའི་སྲུང་སྐྱེལ་ཚོགས་ཆུང་དེར་ཆེ་ཤོས་ལོ་55དང་ཆུང་ཤོས་ལོ་26ཡིན་པ་དང་། ཁོང་ཚོ་འཆི་མེད་རྡོ་རྗེ་དང་འདྲ་བར་ལོ་གཅིག་དུས་བཞི་ཚང་མ་གངས་འཁྱག་སྦྲག་ལམ་དུ་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཡོད། 2018ལོར་འཆི་མེད་རྡོ་རྗེས་ཚོགས་ཆུང་གི་སྣེ་ཁྲིད་དེ་ལམ་ཐག་སྤྱི་ལེ་62.49ཡི་སར་བསྐྱོད་དེ་བོད་ལ་སྦྲག་བསྐུར་ཁྲི་41སྐྱེལ་འདྲེན་བྱས་པ་དང་། ཞིང་ཆེན་ནང་ཁུལ་དུ་སྦྲག་བསྐུར་ཁྲི་37སྐྱེལ་འདྲེན་བྱས་ནས་ལོ་30བསྟུད་མར་གསང་གནད་འཕྲིན་གཏོང་གི་སྤུས་ཚད་ཚད་གཞི་མཐོ་པོའི་སྒོ་ནས་ལེགས་སྒྲུབ་བྱས་ཡོད།
     འཆི་མེད་རྡོ་རྗེ་ཐུག་སྐབས་གཉེན་ཉེ་ཐུག་པའི་སྣང་བ་ཞིག་བྱུང་བ།
     ལོ་མཇུག་ཏུ་སླེབས་སྐབས་གང་ས་གང་དུ་བྲེལ་བྲེལ་འཚུབ་འཚུབ་ངང་ཁྱིམ་ལ་ལོག་པའི་རྣམ་པ་ཞིག་མངོན། འོན་ཀྱང་འཆི་མེད་རྡོ་རྗེའི་ངོས་ནས་བརྗོད་ན། “ལོ་གསར”ཞེས་པའི་ཐ་སྙད་འདི་ནི་ངོ་གནོང་ཞིང་བློ་མི་བདེ་བའི་མྱོང་ཚོར་གྱིས་ཁེངས་པའི་ཐ་སྙད་ཅིག་རང་རེད། གངས་འཁྱག་སྦྲག་ལམ་དུ་སྦྲག་སྐྱེལ་རླངས་འཁོར་བཏང་ནས་ལོ་30ཙམ་གྱི་རིང་། ཁོང་ལོ་གསར་གནམ་གང་གི་དུས་སུ་ཐེངས་མ་5ལས་ཁྱིམ་དུ་ལོག་མྱོང་མེད་ཅིང་། མི་གཞན་འཁྲུག་ཆ་དོད་པོས་ལོ་གསར་གཏོང་སྐབས་ངའི་ཁྱིམ་དུ་ངའི་གཟུགས་བརྙན་མངོན་རྒྱུ་མེད་པས། “དངོས་འབྲེལ་ནང་མི་ཚོར་དགོངས་པ་མ་འཚོམ་ཞུ་རྒྱུ་ཡིན”ཞེས་འཆི་མེད་རྡོ་རྗེས་བཤད།
     རླངས་འཁོར་ཤར་གཏོང་དཀའ་བའི་བོད་ཀྱི་གྲོང་གསེབ་དང་། ལག་ཐོགས་ཁ་པར་གྱི་བརྡ་རྟགས་མེད་པའི་རི་གྲོང་འབྲོག་ཁུལ་གྱི་མང་ཚོགས་ཚོའི་ངོས་ནས་བརྗོད་ན། འཆི་མེད་རྡོ་རྗེ་ཐུག་པ་ནི་གཉེན་ཉེ་ཐུག་པ་དང་གཉིས་སུ་མ་མཆིས།
     “ང་རང་ཆུང་བྱིས་པའི་དུས་སུ་ས་མཐོར་རླངས་འཁོར་ཧ་ཅང་ཉུང་ཉུང་རེད། སྤྱིར་བཏང་དམག་མིའི་རླངས་འཁོར་དང་སྦྲག་སྐྱེལ་རླངས་འཁོར་མ་གཏོགས་མཐོང་རྒྱུ་མེད། ངའི་ཕ་ཡུལ་དུ་ཚགས་པར་དང་པོ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མའི་བརྡ་ཐོ་ཚང་མ་ནི་སྦྲག་པས་སྐྱེལ་གྱི་ཡོད་པ”དང“སྦྲག་སྐྱེལ་རླངས་འཁོར་མཐོང་སྐབས་ཡུལ་མི་ཚོ་ལམ་ཟུར་དུ་ལངས་ནས་ལག་པ་གཡུག་གཡུག་བྱེད་ཀྱི་ཡོད། སྐབས་དེ་དུས་ངའི་བསམ་པར་སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཞིག་བྱེད་རྒྱུ་བྱུང་ན་དེ་ནི་གཟི་བརྗིད་དང་བློ་སྟོབས་ལྡན་པ་ཞིག་ཡིན་པ་བསམ་བློར་འཁོར་གྱི་ཡོད” ད་ཆ་ཆུང་དུས་ཀྱི་ཕུགས་བསམ་མངོན་དུ་གྱུར་ནས་སྦྲག་བསྐུར་རེ་རེ་དང་། བོད་ཡིག་ཚགས་པར་རེ་རེ། མྱུར་སྐྱེལ་འབོག་སྒྲིལ་རེ་རེ་བཅས་ཀྱིས་བོད་རིགས་ས་ཁུལ་གྱི་ཡུལ་མི་སྤུན་མཆེད་ཚོར་བདེ་སྐྱིད་དང་སྤྲོ་སྣང་སྦྱིན་པ་དེས་སོ་སོའི་ལས་ཀར་དོན་སྙིང་ལྡན་པར་སྔར་བས་ངོས་འཛིན་ཐུབ་བྱུང་ཞེས་འཆི་མེད་རྡོ་རྗེས་བཤད།

འཆི་མེད་རྡོ་རྗེ་དང་ནང་མི་དགའ་འཛོམས་ལ་རོལ་བཞིན་པ།

འཆི་མེད་རྡོ་རྗེས་སྦྲག་སྐྱེལ་རླངས་འཁོར་བཏང་ནས་ལམ་དུ་སྐྱོད་བཞིན་པ།

འཆི་མེད་རྡོ་རྗེས་རླངས་འཁོར་བཏང་སྟེ་གངས་འཁྱག་སྦྲག་ལམ་བརྒྱུད་བཞིན་པ།

འཆི་མེད་རྡོ་རྗེས་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་དོས་སྐྱེལ་རླངས་འཁོར་ལ་འདྲེད་འགོག་ལྕགས་ཐག་གཡོག་རོགས་བྱེད་བཞིན་པ།

འཆི་མེད་རྡོ་རྗེས་སྒྱེ་མོའི་ནང་གི་བསྐུར་དངོས་ལ་ཞིབ་བཤེར་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1