ཁྱུང་མཆུ་གྲོང་རྡལ་སྟག་ལུང་སྡེ་བར་མག་གསར་ལོ་སར་སྤྲོ་ཚོགས་བསྡུས།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-18


     ཟླ་2པའི་ཚེས་11ཉིན་ཏེ་ལོ་སར་གྱི་ཚེས་བདུན་ཉིན། ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་གྱི་སྟག་ལུང་སྡེ་བ་དང་མག་གསར་སྡེ་བ་གཉིས་ཀྱིས་མཉམ་དུ་བསྒྲུབ་པའི་མག་གསར་ལོ་སར་སྤྲོ་ཚོགས་ཞེས་པའི་དཔྱིད་གསར་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་དེ་སྟག་ལུང་སྡེ་བའི་བྱ་འགུལ་ཁང་གི་ཐང་ཆེན་དུ་སྤེལ་བ་རེད་ལ། ཧུང་ཡོན་རྫོང་ཨུའི་ཧྲུའུ་ཅི་ལིའོ་རྨིན་སོགས་རྫོང་དེ་གའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཡུལ་དངོས་སུ་མང་ཚོགས་དང་མཉམ་དུ་ལོ་སར་དགའ་སྟོན་གྱི་འཁྲབ་སྟོན་ལ་བལྟས།
      ལིའོ་རྨིན་གྱིས་ཧུང་ཡོན་རྫོང་གི་རྫོང་ཚན་ཁག་ཆེ་བཞི་ཡི་ཚབ་བྱས་ཏེ་སྡེ་དམངས་རྣམས་ལ་ལོ་གསར་གྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ལ། ཁོས་བཤད་རྒྱུར། སྡེ་བ་སོ་སོའི་ཧུར་ཐག་གིས་མཉམ་སྤྲོའི་ལྷན་ཚོགས་ཀྱི་བྱེད་སྒོ་སྤེལ་བས། མི་དམངས་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། ལོ་སར་གྱི་དགའ་སྤྲོའི་རྣམ་པ་བསྐྲུན་ལ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་གྲངས་ཡང་མཐོར་འདེགས་བྱུང་ཡོད།
      ལིའོ་རྨིན་གྱིས་བླང་བྱ་བསྟན་དོན། མང་ཚོགས་རྣམས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་མཛའ་བཤེས། ཕན་ཚུན་རོགས་རེས་བྱེད་པའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་དང་། མྱུར་བར་ཁོར་ཡུག་གསར་བའི་ཁྲོད་འདྲིས་ནས། སྒུག བརྟེན། སློང་གི་བསམ་བློ་སྤངས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་ཕན་ཚུན་ལྟ་སྐྱོང་བྱས་ནས། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་གསར་པ་གསར་སྐྲུན་བྱེད་དགོས།
       སྡེ་བ་གཉིས་ཀྱི་སྡེ་དམངས་ཨུ་ལྷན་གཉིས་ཀས་ལོ་ལྟར་མཉམ་འབྲེལ་སྒོས་འདི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་རྩ་འཛུགས་བྱས་ནས། ཕ་ཡུལ་དུ་ཕྱིར་ལོག་པའི་སློབ་ཆེན་སློབ་མ་དང་སྒྱུ་རྩལ་ལ་དུངས་པའི་ན་གཞོན་ཚོས་འཁྲབ་སྟོན་གྱི་མགོ་མཇུག་བར་གསུམ་སྒྲིག་ཁྲིད་བྱེད་བཞིན་ཡོད་པ་དང་། འཁྲབ་སྟོན་པ་ཚོས་རིག་རྩལ་འཁྲབ་སྟོན་གྱི་ནང་དོན་སྣ་མང་ཕུན་སུམ་ཚོགས་ལ། ཡུལ་མི་ཚོར་དཔྱིད་གསར་དུས་ཆེན་སྐབས་མིག་གི་དགའ་སྟོན་སྣ་ཚོགས་ཕུལ་བ་མ་ཟད། ཡིད་ཀྱི་གསོས་སུ་ཡང་རང་ཤུགས་སུ་གྱུར་ཡོད། ཅེས་མག་གསར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་དེ་ལྟར་བཤད་བྱུང་།
      སྡེ་མི་ཚོའི་གྲེ་འགྱུར་སྙན་མོའི་དབྱངས་དང་སྟངས་སྟབས་མྱུར་མོའི་ཞབས་བྲོ་ཡིས་རང་གི་ཕ་ཡུལ་ལ་བཅིངས་པའི་དགའ་ཞེན་མཚོན་པ་དང་། ཁོ་ཚོའི་འཚོ་བ་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1