༄༅།། བློ་འབྱེད་གཏམ་རྒྱུད་ཁག་གཉིས།

སྐྱིད་ལྷོད། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-18



ཟི་ལིང་། སྐྱིད་ལྷོད།
ཀྲེན་སྡོང་གི་ཡལ་ག

        ཀློག་ཁྲིད། ཀྲེན་སྡོང་གི་ཡལ་གས་ང་ཚོ་སྦྲུལ་རིགས་དང་ལྟོ་འཕྱེ་སྲོག་ཆགས་རྣམས་ཀྱི་གནོད་འཚེ་ལས་སྐྱོབ་པ་ཡིན།
        ཉིན་ཞིག་གི་ཕྱི་དྲོར། ལྷ་སྲས་ཡེ་ཤུ་འགུལ་སླེ་ནང་གཉིད་དུ་ཡུར་ཡོད། ཁོང་གི་ཨ་མ་དགའ་སྤྲོའི་ངང་ནས་དེར་ཡོང་སྟེ་ལྟ་བཞིན། “ཨ་མའི་གཅེས་ཕྲུག གཉིད་སྐྱིད་པོ་ཡུར་དང་། ང་རང་ནགས་ཚལ་དུ་ཁྱོད་ལ་འབྲི་ཏ་ས་འཛིན་འཐུ་རུ་འགྲོ། ཁྱེད་རང་གཉིད་ལས་སད་དུས་འབྲི་ཏ་ས་འཛིན་མཐོང་ན་ཡིད་སྤྲོ་ངེས་ཡིན”ཞེས་བཤད། འཕགས་མ་མཱ་ལི་ཡ་ཡིས་ནགས་ཀློང་ནས་འབྲི་ཏ་ས་འཛིན་ཞིམ་མངར་ཅན་ཞིག་སྐྱེས་ཡོད་པ་མཐོང་ཞིང་། མོ་མར་བསྒུར་ཏེ་འཐུ་གྲབས་བྱེད་དུས་གློ་བུར་དུ་རྩྭ་གསེང་ནས་དུག་སྦྲུལ་ཞིག་རྒྱུ་བ་མཐོང་། མོ་རང་དངངས་སྐྲག་སྐྱེ་བཞིན་འབྲི་ཏ་ས་འཛིན་བློས་བཏང་སྟེ་བྲོས། དུག་སྦྲུལ་གྱིས་ཀྱང་མོའི་རྗེས་དེད་ནས་མ་གློད། ཡིན་ནའང་། འཕགས་མ་མཱ་ལི་ཡ་ནི་ཐབས་ལ་མཁས་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། མོ་རང་ཀྲེན་སྡོང་ཞིག་གི་རྒྱབ་ལ་ཡིབ་ནས་འགུལ་ཙམ་ཡང་མ་བྱས་པས།མཐར་དུག་སྦྲུལ་དེ་ཡུལ་གཞན་ལ་ཕྱིན་པ་དང་། དེ་ནས་མོ་རང་འབྲི་ཏ་ས་འཛིན་འཚོལ་དུ་སོང་། ཁྱིམ་ལ་ལོག་ཁར་མོས་བཤད་རྒྱུར། “ཐེངས་འདིར་ཀྲེན་སྡོང་གིས་ངའི་སྲོག་བསྐྱབས་པས། རྗེས་སོར་ཡང་གཞན་གྱི་སྲོག་རྣམས་སྐྱོབ་གྱུར་ཅིག”ཅེས་བཤད་པས། གནའ་ནས་ད་ལྟའི་བར་དུ་ལྗང་མདོག་གི་ཀྲེན་སྡོང་གི་ཡལ་ག་ནི་མི་རྣམས་ལ་དུག་སྦྲུལ་དང་ལྟོ་འཕྱེ་སྲོག་ཆགས་ཀྱི་འཇིགས་པ་འགོག་པའི་དངོས་པོ་ཡིད་རྟོན་རུང་བ་ཞིག་ཏུ་གྱུར།

ཝ་མོ་དང་རྟ།
        ཀློག་ཁྲིད། རྟ་ཞིག་ཡོད་པ་རྒས་དྲགས་པས་བདག་པོས་གསོ་མ་འདོད་པར། རྟ་རྒན་གྱིས་སེང་གེ་གཅིག་དྲུད་ཡོང་ན་མ་གཏོགས་གསོ་རྒྱུ་མིན་ཞེས་བཤད། དེ་ཝ་མོས་ཤེས་རྗེས་རྟ་རྒན་ལ་རོགས་རམ་བྱ་རྒྱུའི་སེམས་ཐག་བཅད།
        སོ་ནམ་པ་ཞིག་ལ་རྟ་ཕོ་ཅང་ཤེས་ཤིག་ཡོད་ཀྱང་རྒས་དྲགས་ཏེ་ལས་ཀ་མི་ནུས་པས། བདག་པོས་དེ་ལ་གཟན་རྩྭ་སྟེར་མི་འདོད་པར། “ད་ནི་ཁྱེད་རང་ང་ལ་དགོས་མཁོ་ཅི་ཡང་མི་འདུག ངས་ཀྱང་སེམས་བཟང་བཅངས་པ་ཡིན། གལ་སྲིད་ཁྱེད་རང་ད་དུང་སྟོབས་དང་ལྡན་ན། ང་ལ་སེང་གེ་ཞིག་དྲུད་དེ་ཤོག་དང་། ངས་ཁྱོད་མུ་མཐུད་དུ་གསོས་ཀྱང་ཆོག ད་ནི་ཁྱེད་རང་གཞན་དུ་སོང་ཞིག ངའི་རྟ་ར་ནས་མ་སྡོད་ཅིག”ཅེས་བཤད་ནས་རྟ་རྒན་དེ་ཐང་སྟོང་ཞིག་ཏུ་དེད། རྟ་རྒན་སེམས་པ་ཧ་ཅང་སྐྱོ་བཞིན་ནགས་ཚལ་དུ་ཕྱིན་ནས་ཆར་རླུང་གཡོལ་ཐབས་བྱེད་པའི་ཚེ། ཝ་མོ་ཞིག་དང་འཕྲད་ནས། “ཁྱེད་རང་སྐྱོ་ཞིང་གདུང་བཞིན་གྲོགས་མེད་ཁེར་རྐྱང་ལ་ཕར་འགྲོ་ཚུར་འོང་བྱེད་པའི་རྒྱུ་མཚན་ཅི་ཡིན”ཞེས་དྲིས་པ་ན།རྟ་རྒན་གྱིས་“ཨའེ”ཞེས་དབུགས་རིང་ཞིག་འབྱིན་བཞིན་ཝ་མོ་ལ། “སེར་སྣ་དང་གཞུང་དྲང་ནི་མཉམ་དུ་གནས་ཐབས་མེད་དོ། །ངས་རང་གི་བདག་པོའི་ཆེད་དུ་ལོ་ངོ་མང་པོར་གཡོག་ལས་བྱས་ཀྱང་། ཁོང་གིས་ཚང་མ་བརྗེད་འདུག ད་ལྟ་ང་ལ་ཞིང་རྨོ་བའི་སྟོབས་ཤུགས་མེད་སྟབས་ང་ལ་གཟན་རྩྭ་མ་བྱིན་པར་སྒོར་ཕུད་པ་རེད”ཅེས་ལན་བཏབ།ཝ་མོས“ཁོང་གིས་སེམས་གསོའི་སྐད་ཆ་ཅི་ཡང་ལབ་མ་སོང་ངམ”ཞེས་དྲིས་པ་ན།རྟ་རྒན་གྱིས“ཁོང་གི་སེམས་གསོའི་སྐད་ཆ་སྙན་བྲོ་མ་ཡིན་ཏེ། གལ་སྲིད་ངས་སེང་གེ་ཞིག་དྲུད་ཡོང་ནས་ཁོང་ལ་སྤྲད་ན་ཁོས་མུ་མཐུད་དུ་གསོས་ཆོག་པར་བཤད། ཁོང་གིས་ངས་དེ་ལྟར་བསྒྲུབ་མི་ཐུབ་པ་གསལ་ལེ་ཡོད”ཅེས་ལན་བཏབ།ཝ་མོས“ངས་ཁྱེད་ལ་རོགས་བྱ་ཆོག ཁྱེད་ཀྱིས་རྐང་ལག་བཞི་བོ་བརྐྱངས་ནས་བེམ་པོ་ལྟར་སྡོད་ཅིག”ཅེས་བསྒོས་པ་ན། རྟ་རྒན་གྱིས་ཀྱང་ཝ་མོའི་ངག་བཞིན་བྱས། སེང་གེའི་ཚང་དེ་ཁོང་གཉིས་ཀྱི་ཉེ་འགྲམ་དུ་ཡོད་པས། ཝ་མོས་སེང་གེ་བཙལ་དུ་སོང་ནས། “སྒོ་ཕྱི་ན་རྟ་རོ་ཞིག་འདུག ཁྱོད་རང་ཕྱིར་བུད་དང་། ཟས་མཆོག་ཅིག་ལ་རོལ་ཐུབ་པ་ཐག་གིས་ཆོད”ཅེས་བཤད། སེང་གེ་དེ་ཝ་མོ་དང་མཉམ་དུ་རྟ་རྒན་ཡོད་སར་སླེབས། ཝ་མོས“རྟ་ཤ་གནས་འདིར་ཟོས་ན་སྐྱིད་ཐག་ཆོད་པ་ཞིག་ཡོང་མི་སྲིད་པས། ངས་རྟའི་རྔ་མས་ཁྱོད་གཉིས་གཅིག་ཏུ་བསྡམས་ཚེ། ཁྱེད་ཀྱིས་རང་གི་ཚང་ནང་དུ་དྲུད་ནས་ག་ལེར་མཆོད་ཆོག”ཅེས་བཤད། སེང་གེས་ཐབས་དེ་ལེགས་སོ་སྙམ་ནས། ཁོ་རང་རྟ་རྒན་ལ་བཅར་ནས་ཝ་མོས་ཁོ་གཉིས་གཅིག་ཏུ་སྦྲེལ་བར་བསྒུགས། ཝ་མོས་རྟ་རྒན་གྱི་རྔ་མས་སེང་གེའི་རྐང་པ་དམ་པོར་བསྡམས་ཏེ་གཏན་ནས་གྲོལ་ཐབས་མེད་པ་ཞིག་བྱས་རྗེས། ཝ་མོས་རྟ་རྒན་གྱི་རྒྱབ་རྡུང་ཙམ་བྱས་ནས། “རྟ་རྒན། ད་ཁོ་རང་དྲུད་ཅིག”ཅེས་བཤད་པ་དང་། དེ་ནས་རྟ་རྒན་གྱིས་སྟོབས་ཤུགས་ཆེན་པོས་སེང་གེ་འདྲུད་བཞིན་ཕྱིན་པ་ན། སེང་གེའི་ང་རོས་ནགས་ཀློང་གི་བྱ་བྱེའུ་ཡོད་ཚད་འཇིགས་ནས་ཕྱོགས་ཕྱོགས་སུ་བྲོས། རྟ་རྒན་གྱིས་སེང་གེས་ངར་སྐད་ཇི་ལྟར་བསྒྲགས་ནའང་ཁ་ཡ་མ་བྱས་པར་དྲུད་དེ་ཞིང་ཁ་བརྒྱུད་ནས་བདག་པོའི་སྒོ་མདུན་དུ་སླེབས། བདག་པོས་གནས་ཚུལ་དེ་མཐོང་འཕྲལ་རང་གི་བསམ་ཚུལ་བསྒྱུར་ནས་རྟ་རྒན་ལ། “ཁྱོད་རང་འདིར་སྡོད་དང་། ངས་ཁྱོད་ལ་གཟན་ཆག་གིས་གསོས་ཆོག”ཅེས་བཤད། དེ་ནས་བཟུང་རྟ་རྒན་འཆི་རག་བར་དུ་བདག་པོས་གཟན་རྩྭ་བྱིན་ནས་གསོས་སོ། །

ཞར་བྱུང་མྱོང་ཚོར།
        བྱིས་སྒྲུང་འདི་དག་གི་ཁྱད་ཆོས་གཙོ་བོ་ནི་མཚོན་བྱེད་ཀྱི་དཔེ་གསོན་ཉམས་ལྡན་ཞིང་ཕུན་སུམ་ཚོགས་པར་བརྟེན་ཏེ། མཚོན་བྱ་མིའི་རྒྱུད་ན་གཉུག་མར་གནས་པའི་དགེ་སྡིག་གི་བསམ་བློ་དང་འཇིག་རྟེན་གྱི་ཆོས་ཉིད་རེ་གོ་བདེ་ཞིང་ཁ་གསལ་བའི་སྒོ་ནས་ངོ་སྤྲོད་གནང་བཞིན་ཡོད་པར་མ་ཟད། དེ་དག་གིས་ཀློག་པ་པོར་གྱུར་པའི་བྱིས་པ་གཙོ་བྱས་པ་དག་ལ་འདང་རྒྱག་ཏུ་འཇུག་ཅིང་། ངོ་མཚར་བའི་གཏམ་རྒྱུད་ཀྱི་གསེབ་ནས་རང་གི་སེམས་གཏིང་དུ་འཛུལ་ངེས་པའི་གནས་ལུགས་སམ་ཆོས་ཉིད་དག་ངང་ངམ་ཤུགས་ཀྱིས་བརྡོལ་བཞིན་ཡོད། བྱིས་སྒྲུང་འདི་དག་ལ་ཕར་བལྟས་ཚེ་སྙན་ངག་ལྟ་བུའི་མཛེས་སྤྲོས་དང་མཐོ་ཚད། སྒྲུང་གཏམ་ལྟ་བུའི་རྒྱ་ཁྱོན་དང་ཟབ་ཚད་མེད་ཀྱང་། གཏམ་རྒྱུད་ཀྱི་བརྒྱུད་རིམ་ལ་ཀྱག་ཀྱོག་མེད་ཅིང་། ཀློག་པ་པོས་གནད་དགྲོལ་སླ་བ། གཏམ་རྒྱུད་ཀྱི་བརྗོད་བྱ་འཚོ་བ་དང་ཐག་ཉེ་བར་མ་ཟད། རང་བྱུང་ཁམས་དང་ཐག་ཉེ་བས། དངོས་པོའི་དཔལ་ཡོན་གྱི་འཕེལ་རྒྱས་ཆུ་ཀླུང་འབབ་པ་བཞིན་ཡོད་པའི་དུས་སྐབས་སུ། འདི་ལྟ་བུའི་བྱིས་སྒྲུང་རེ་ཀློག་པ་ནི་ཀློག་པ་པོ་ཉིད་སོས་དལ་བག་ཕེབ་ངང་རང་བྱུང་ཁམས་དང་ཉེ་བར་བཅར་བ་དང་། རང་དང་རང་གི་རིགས་ཀྱི་གཉུག་མའི་གཤིས་ཀ་ལ་སླར་ཡང་མཇལ་འཕྲད་གནང་བའི་དུས་སྐབས་ཤིག་ཏུ་གྱུར་ཡོད་པར་སྣང་། འདི་ལྟ་བུའི་བྱིས་སྒྲུང་བསྒྱུར་བའི་སྐབས། བདག་གི་བསམ་ཚུལ་ལྟ་བུ་ནི། བརྗོད་བྱ་ཉིད་མ་ནོར་མ་ཆད་མ་ལྷག་པའི་ངང་བསྒྱུར་དགོས་པ་གཞིར་བྱས་ཏེ། རྗོད་བྱེད་ཀྱི་ཚིག་ཀྱང་ཀློག་པ་པོར་དམིགས་ཏེ། གོ་བདེ་ཞིང་། ཉམས་འགྱུར་གྱིས་ཕྱུག་པ། བོད་རང་གི་ཕ་སྐད་མ་ཡིག་གི་འགྲོས་དང་མཐུན་པ་ཞིག་ཡོང་རྒྱུ་ནི་གཙོ་བོར་སྣང་། མ་ཟད་བསྒྱུར་ཡིག་ཏུ་བཀོལ་རྒྱུའི་མིང་ཚིག་དག་ཀྱང་བརྗོད་དོན་ཉིད་ལེགས་པར་སྟོན་ནུས་པའི་ཁར་འཚོ་བ་དང་ཁ་ཐག་ཉེ་བ་དག་བེད་སྤྱད་ན་བཟང་བར་སྙམ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1