སྤྱིར་བཤད་ན་སྤྱི་ཚོགས་ཀྱི་འཕེལ་རིམ་ཁྲོད་བྱུང་བའི་དོན་དངོས་ཤ་སྟག་གཞིར་བྱས་བློ་གཟུར་བོའི་སྒོ་ནས་དོན་དངོས་ལ་གཞིགས་ཏེ་ཇི་བཞིན་བརྗོད་པའི་གཏམ་སྦྱོར་གྱི་ཕྲེང་བར་སྤེལ་བ་ནི་ལོ་རྒྱུས་སྨྲ་བའི་ཚད་མའམ་དྭངས་མར་འཇོག་འོས་པ་ཞིག་ཡིན་པས། མི་ཞིག་གི་རང་གི་དུས་སྐབས་སུ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་སྤྱི་ཚོགས་ནང་དུ་མི་དམངས་ཀྱི་འཚོ་བའི་འཕོ་འགྱུར་དང་ཆབ་སྲིད་ཐོག་འགྱུར་ལྡོག་གང་བྱུང་བ་དང་རང་འདོད་དང་ཕྱོགས་ཞེན་གྱིས་མ་བསླད་པར་ཇི་མ་ཇི་བཞིན་དུ་བྲིས་ཡོད་ན་དེ་ལ་ཚན་རིག་གི་ཐོག་ནས་ཞིབ་འཇུག་ཆེར་མ་བྱས་ཀྱང་དོན་དངོས་སུ་ཁས་ལེན་པའམ་ཡིད་ཆེས་བྱེད་ཡུལ་དུ་འཇོག་ཐུབ་པའི་མོད་ལ། ཡིན་ནའང་དེང་སང་རྒྱལ་ཁབ་ཕྱི་ནང་གི་མཁས་མིང་འཛིན་པ་ལ་ལས་ཞིབ་འཇུག་གི་མིང་གཡར་ནས་དམིགས་ཡུལ་དང་ལས་གཞི་ག་གེ་མོ་རེ་འགྲུབ་བསླད། བརྟག་དཔྱད་དང་ཞིབ་འཇུག་གི་གནས་ལ་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་ཞུགས་པའི་གནས་ལས་གྱེས་པ་དང་། བོད་ཀྱི་ཡིག་ཆ་དག་ལས་མང་པོ་ཞིག་གྲུབ་མཐའི་ཆགས་སྡང་དང་། འཇིག་རྟེན་པའི་ཕྱོགས་རིས་སོགས་ཀྱི་དབང་དུ་སོང་ནས་ལོ་རྒྱུས་མི་སྣའི་མཛད་བཟང་རྐང་སུབ་ལག་སྣོག་དང་། ལོ་རྒྱུས་དོན་རྐྱེན་འཁྱོག་འགྲེལ་ཉོག་བཤད། ལོ་རྒྱུས་ས་ཁོངས་ཡར་གཅོད་མར་བགོ ལོ་རྒྱུས་དུས་ཡུན་རིང་སྟུང་ཉུང་འབྲི་སོགས་ཀྱི་འདམ་གྱིས་སྦགས་ཡོད་ཙ་ན། དེང་གི་དུས་སུ་ལོ་རྒྱུས་སྐོར་གྱི་གཏམ་སྦྱོར་འཐུས་ཚང་སྤེལ་བ་ནི་དངོས་ནས་དཀའ་བའི་གནས་སུ་འཁུམས། དེ་ལྟ་ལེགས་མོད་ཀྱང་ལོ་རྒྱུས་ནི་ལོ་རྒྱུས་དང་། དོན་དངོས་ནི་དོན་དངོས་ཡིན་པ་ད་བདེན་དཔང་དང་ར་སྤྲོད་བྱེད་ཆེད་ཁོ་བོས་བོད་རྒྱའི་གནའ་བོའི་ཡིག་ཚང་ཁུངས་ཐུབ་དག་ལ་ཁུངས་གཏུགས་ནས་མི་ཉག་གི་ལོ་རྒྱུས་ལ་དཔྱད་པ་གཟུར་གནས་དགྱེས་པའི་པའི་གཏམ་ཞིག་ཅིས་ཀྱང་བརྗོད་འདོད་དེ།
དང་པོ། མི་ཉག་གི་རུས་ཁུངས་སྐོར་བཤད་པ།
དེ་ཡང《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས། རུས་ཚན་མི་འདྲ་བ་ཅི་དང་ཅི་ལྟ་བུ་ཞིག་བྱས་ཡོད་ཀྱང་རུང་དོན་དུ་སྦྲའམ་ཁྱུང་གི་རུས་ཚན་ལས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་མི་རྒྱུད་དེ་རྣམས་མཆེད་པ་དང་། སེང་ངམ་སྒའི་རུས་ཚན་ལས་འ་ཞའི་མི་རྒྱུད་དེ་མཆེད་པ། ཨ་སྤོ་ལྡོང་གི་རུས་ཚན་ལས་མི་ཉག་གི་མི་དེ་རྣམས་མཆེད་པ། སྟོང་གི་རུས་ཚན་ལས་སུམ་པའི་མི་རྒྱུད་དེ་རྣམས་མཆེད་ཡོད་པའི་བཤད་ཚུལ་འདི་ནི་ལོ་རྒྱུས་ཡོངས་གྲགས་སུ་གྱུར་འདུག དེ་ལྟར་ནའང་བཤད་ཚུལ་དེ་ནི་སྦྲའི་རུས་ཚན་ལས་ཞང་ཞུང་དང་སྒ་ལས་འ་ཞ།། ལྡོང་ལས་མི་ཉག་དང་སྟོང་ལས་སུམ་པའི་མི་རྒྱུད་རྣམས་ཇི་ལྟར་མཆེད་ཚུལ་གྱི་བཤད་པ་ཞིག་ཡིན་པ་ལས། བོད་རིགས་ཡོངས་རྫོགས་ཞང་ཞུང་དང་འ་ཞ། མི་ཉག སུམ་པ་བཞིའི་ཁོངས་སུ་གཏོགས་དགོས་པའི་གོ་དོན་ཞིག་ཀྱང་མིན་ལ། ཡང་ན་དེ་ལས་ལྡོག་སྟེ་ཞང་ཞུང་དང་འ་ཞ། མི་ཉག སུམ་པ་བཞིའི་རིགས་རྒྱུད་དེ་རྣམས་བོད་རིགས་ལས་གཞན་པའི་མི་རིགས་འགའ་ཞིག་ཡིན་པའི་དོན་ཀྱང་རྩ་བ་ནས་མིན་ཞེས་གསུངས་པ་དང་། 《ལ་དྭགས་རྒྱལ་རབས》ལས། ནང་གི་མུའི་རིགས་བཞི་ནི། སྨྲ་ཞང་ཞུང་། ཏོང་གསུམ་པ། ལྡོམ་མེ་ཉག སེ་འ་ཞ་དང་བཞིའོ། ། ཞེས་གསུངས་པ་དང་། 《རྒྱ་བོད་ཡིག་ཚང་ཆེན་མོའི》ནང་དུའང་ཕོ་བོ་ལྡོང་ལ་མཆེད་དྲུག་ཡོད། སྟོད་པ་སྤ་ཚབ་འབྲིང་ཡས་གཉིས། བར་ན་རོ་འཛེར་རག་ཤི་གཉིས། སྨད་ན་མི་ཉག་གྱི་ཐེན་གཉིས།"ཞེས་གསུངས་པ་དང་། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》ལས། ཕོ་བོ་ལྡོང་གིས་བཟུང་བའི་ཡུལ་ནི་མི་ཉག་གི་ཡུལ་ཏེ། ཁམས་ཀྱི་ཤར་ལྷོ་གཉིས་སུ་གནས་པའི་ཡུལ་གྲུ་འདི་དག་ལ་ཟེར།"ཞེས་གསུངས་ཤིང་། 《བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས》ལས། ཕོ་བོ་ལྡོང་གི་རྒྱུད་ལས་མི་ཉག་དང་གྱི་ཐན་སོགས་བྱུང་།"ཞེས་བཀོད་ཡོད་ལ། ད་དུང་། རྒྱལ་མོ་འབྲུག་པའི《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》 དང་། ཡར་ཡུལ་ཕུན་ཚོགས་ཚེ་རིང་གི《ཆོས་འབྱུང་མཁས་པའི་དགོངས་རྒྱན》 མི་ཉག་མཁས་དབང་མི་ཉག་མགོན་པོའི《འབོ་གངས་དཀར་སྤྲུལ་སྐུའི་རྣམ་ཐར》 《ཐང་ཡིག་གསར་རྙིང》 《ཀྲུང་གོའི་མི་རིགས་ལོ་རྒྱུས》 《བྱང་གི་ལོ་རྒྱུས》 《ཀན་སུའུ་བོད་རིགས་ལོ་རྒྱུས་གླེང་བའི་གཏམ》སོགས་བོད་རྒྱའི་ཡིག་ཚང་ཁག་དུ་བཞེད་པ་གཅིག་མཐུན་གྱིས་མི་ཉག་ནི་བོད་ཀྱི་རིགས་རྒྱུད་དྲི་མ་མེད་པ་ཡིན་ལ། རུས་ནི་ལྡོང་ཡིན་པར་ཐག་བཅད་ཡོད་པ་ནང་བཞིན། མི་ཉག་ནི་བོད་ཀྱི་རྩ་བའི་རུས་ཆེན་བཞི་སྟེ་སེ་དང་། རྨུ། ལྡོང་། སྟོང་གི་ཡ་གྱལ་ལྡོང་གི་ནང་ཚན། ཕུ་བོ་ལྡོང་གི་རྒྱུད་པ་ཁམས་ཀྱི་ཤར་ལྷོ་གཉིས་ཀྱི་ཕྱོགས་སུ་གནས་པའི་ཡུལ་གྲུ་དག་གི་མི་རྣམས་ལ་ཟེར་བ་དང་། དེ་ལ་དབྱེ་ན་དཀར་པོ་ལྡོང་དང་། ནག་པོ་ལྡོང་། ཁྲ་བོ་ལྡོང་། ཁྲ་བོ་ལྡོང་སོགས་ཡོད་པར་གྲགས་སོ། །
གཉིས་པ། མི་ཉག་གི་མིང་གི་འཕེལ་འགྱུར།
མི་ཉག་གི་མིང་གི་རྣམ་གྲངས་ལ་དུས་སྐབས་མི་འདྲ་བར་མིང་གི་རྣམ་གྲངས་མི་འདྲ་བ་བྱུང་ཡོད་དེ། ལྡོང་དང་། ལྡོང་པ། ལྡོང་སྤྱང་པ། མེ་ཡོག མེ་ཉག མི་གཉགས། མི་ནག ཙ་མི། ཤར་རྩ་མི་ཤིང་མི། མི་ཉག་སོགས་ཤིན་ཏུ་མང་།
དེ་ཡང《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས། མི་ཉག་གི་གདགས་གཞིའི་ལྟེ་བ་དེ། དེང་དུས་ཀྱི་དབང་དུ་བྱས་ན་ཕལ་ཆེར་མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཤར་ངོས། སི་ཁྲོན་གྱི་བྱང་ཤར་མཚམས་སུ་གནས་ཆགས་ཡོད་པའི་མི་སྡེ་རྣམས་ལ་ཟེར་བ་ཡིན། གནའ་དུས་ཡོངས་གྲགས་སུ་མི་སྡེ་དེ་རྣམས་ལ་ལྡོང་ཞེས་པའམ་ལྡོང་པ་ཞེས་སུ་གྲགས་ཤིང་། ལྡོང་པ་རྣམས་ཁམས་ཀྱི་བྱང་ཕྱོགས་སུ་ཆགས་ཡོད་སྟབས། ཁམས་པ་རྣམས་ཀྱིས་ལྡོང་བྱང་ཞེས་འབོད་པ་དང་། དབུས་གཙང་པ་རྣམས་ཀྱིས་ཀྱང་ཐ་སྙད་དེ་རང་བེད་སྤྱོད་བྱས་ཡོད་ནའང་ཁམས་དང་། དབུས་གཙང་གི་སྒྲ་གདངས་ལ་བྱང་ཞེས་པའི་ཚིག་དེ་འདྲར་མི་འདྲ་བ་གཉིས་ཡོད་པའི་རྒྱུ་མཚན་གྱིས་རྒྱ་ནག་གི་ལོ་རྒྱུས་མཁན་པོ་འགས་ལྡོང་པ་རྣམས་ལ(党项羌)ཞེས་པའི་ཐ་སྙད་ཀྱང་འདུག"ཅེས་གསུངས་ཡོད་ལ། ཆིན་རྒྱལ་རབས་ཀྱི་ལོ་རྒྱུས་ལས་ཀྱང་། བོད་ནི་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་སུ་གནས་ཤིང་། དེ་ལ(羌族)དང(落族)སུ་ཕྱེས་ཡོད། 羌ནི་བོད་སྐད་དུ་བྱང་ཕྱོགས་ཀྱི་ཚོ་བ་ཞེས་པའི་དོན་ཡིན་ཞིང་། 落ནི་བོད་དུ་ལྷོ་ཕྱོགས་ཀྱི་ཚོ་བ་ཞེས་པའི་དོན་ཡིན་པར་བསྟན་པ་དང་། རེབ་གོང་རྡོ་རྗེ་མཁར་ལྟར་ན། གོང་གི་རྒྱའི羌ནི་སྤྱང་ཞེས་པར་གོ་བ་དང་། སྤྱང་ནི་བོད་མི་རིགས་ཀྱི་ནང་གསེས་དམུ་ཚ་སྒ་ཞེས་པའི་ཚོ་ཁག་དུ་མ་ཤར་ཕྱོགས་སུ་སོང་ནས་ས་བཟུང་ཞིང་། ཕྱིས་རྒྱ་ལ་དམག་དྲངས་པས་ཐེངས་འགའ་འཐབ་པ་ལས་རྣམ་པར་རྒྱལ་བས། སྤྱི་ལོ་སྔོན་གྱི་ལོ4219ཡས་མས་སུ་མཚན་སྙན་ཀུན་ལ་གྲགས།ཞེས་དང་། གཞན་དུ་ན་ལྷ་ས་བ་རྣམས་ཀྱིས་སྤྱང་ནི་ཆང་གི་སྒྲ་དང་འདྲ་བར་བཀླགས་པར་རྒྱ་རིགས་ཀྱི་ལོ་རྒྱུས་ཆང羌ཞེས་བྲིས་པར་འཁུམས།ཞེས་གསུངས་པ་སོགས་མདོར་ན། མི་རྣམས་ཀྱིས་མི་ཉག་ལ་ལྡོང་བྱང་པའམ། ལྡོང་སྤྱང་པ་ཞེས་ཇི་ལྟར་བོས་རུང་། དོན་དུ་བོད་རིགས་དག་མ་ཡིན་པ་རྒྱ་བོད་གང་གིས་ཀྱང་མ་གྲོས་གཅིག་མཐུན་གྱིས་སྨྲས་པ་ནང་བཞིན་ནོ། །
《ལ་དྭགས་རྒྱལ་རབས》སོགས་ལོ་རྒྱུས་ཡིག་ཚང་ཁུངས་ཐུབ་དག་ཏུ་མེ་ཉག་དང་། མེ་ཡོག མི་གཉགས་སོགས་བཀོད་འདུག་ཀྱང་དེ་ནི་མི་ཉག་ཅེས་པའི་སྒྲ་ཟུར་ཆགས་པར་སྣང་། 《ཤར་བའི་ཆོས་འབྱུང་དང་མེས་རབ་བཞུགས་སོ》ཞེས་པ་ལྟར་ན། ལྡོང་རིགས་ལས་མཆེད་པའི་མེས་པོ་སྒེར་རྒྱལ་དཔོན་གཡོག་འཁོར་དང་བཅས་པ་ཁམས་ཕྱོགས་ལ་ཕེབས་ཏེ། མདོ་ཁམས་སྒང་དྲུག་ཡོད་པ་ལས། ཟལ་མོ་སྒང་དུ་གནས་བཅོས་སོ། ། ཟལ་མོ་སྒང་འདིའི་ཕོ་ངོས་ལ་མི་གཉགས་རི་མང་ཟེར། མདའ་ངོས་ལ་ཚ་མོ་རོང་ཟེར།ཞེས་དང་། གོང་གི་མེས་པོ་སྒེར་རྒྱལ་གྱི་བུ་བརྒྱུད་མང་ཆེ་བ་མི་གཉགས་རི་མང་ལ་ཆགས་པས། མི་དེ་རྣམས་ལའང་མི་གཉགས་ཞེས་ཟེར་བ་ཡིན།ཞེས་གསུངས་པ་ལས། མི་གཉགས་ཞེས་པ་ནི་ས་མིང་ཚོ་བར་ཐོགས་པ་ཞིག་ཡིན་ཚུལ་བརྗོད་འདུག་པ་ནི་དེ་སྔོན་མ་མཐོང་བའི་ཆ་ཞིག་ཏུ་འདུག་པས་ཟུར་དུ་བཀར་ཏེ་བརྗོད་པ་ཡིན་ཡང་། མི་གཉགས་ཅེས་པ་ནི་གང་དུ་བརྗོད་ཟིན་པ་ལྟར་དུ་མི་ཉག་གི་མིང་ཟུར་ཆགས་པ་དེབ་དེའི་མི་ཉག་མི་ཆེན་གྲགས་པ་སོགས་བལ་ཡུལ་དུ་སོང་ནས་ཁམས་བུའི་ཡུལ་བདག་ཏུ་བཟུང་ཞིང་མངའ་ཁོངས་རྒྱ་བསྐྱེད་པའི་སྐོར་གླེང་སྐབས་མི་ཉག་ཅེས་བྲིས་ཡོད་པས་ཀྱང་གསལ་བོར་རྟོགས་ཡོང་། གོང་གསལ་གྱི་མིང་གདགས་ལུགས་དང་མི་མཐུན་པ་ཞིག་ནི《བོད་ཀྱི་གནས་རབས་ལོ་རྒྱུས》སུ་ཕོ་བོ་ལྡོང་གི་མི་རྒྱུད་ཁག་ཅིག་གི་གནས་ཡུལ་བརྗོད་པའི་སྐབས་སུ། ལྡོང་གི་མི་རྣམས་རྨ་ཁོག་ཏིའི་མདོ་རུ་ཆགས་ཏེ་གནས། དབལ་ཤུལ་སྟོད་སྨད་ཕྱོགས་དབང་བསྒྱུར་བ་བོ་མཚན་ལ་ལྡོང་དཔལ་ཆེན་སྐྱབས་ཟེར་ཞིང་། བར་སྐབས་ཤིག་ལ་ཤ་མདོག་ནག་ཅིང་། ལུས་རིང་ལ་གུག་པ་དང་། ར་སྐད་ལྷང་ལྷང་དུ་འབྱིན་པའི་མི་ཞིག་བྱུང་བ་ལ་ལྡོང་ཕུར་བ་ཇར་ཟེར་ཡང་། ཕྱིས་སུ་མི་རྣམས་ཀྱིས་ཁོ་བོའི་མཚང་མིང་ལ་ལྡོང་མི་ནག་གུག་གུ་ར་སྐད་དུ་འབོད།ཅེས་དང་། 《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》ལས། མི་ཉག་ཅེས་པ་ནི་མི་ནག་ཅེས་པ་ལས་སྒྲ་འགྱུར་བ་ཡིན་པར་བཤད། ཅེས་གསུངས་ཡོད་ཀྱང་། དེ་ལ《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས། ལྡོང་གི་ཚོ་པ་གཞན་རྣམས་མ་བྲོས་པར་རང་ཡུལ་དུ་བདེ་བར་བསྡད་པ་ཀུན་བོད་ཆེན་པོའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གིས་རྩུབ་རེག་མེད་པར་བསྐྱངས་པ་དང་། དེའི་མི་རྣམས་ཀྱི་མགོ་ལ་སྐྲ་ཉག་མའི་ཚོམ་བུ་འགའ་རེ་བཞག་ནས་བོད་ལ་དགའ་བའི་རྟགས་སུ་བྱས་པས། མིང་ལ་མི་ཉག་ཐོགས་པར་གྲགས་པ་དང་། མིིའི་མགོ་ལ་རལ་བ་འཇོག་པའི་སྲོལ་དེ་ནས་བྱུང་བར་བཤད། ཕྱིས་བོད་དམག་གིས་མགོ་ན་སྐྲ་ཉག་ཚོམ་བུ་འགའ་རེ་བཞག་ཡོད་པའི་མི་ཉག་པ་མཐོང་ན་གནོད་མི་སྐྱེལ་བ་དང་། དེ་ལྟར་ལྡོང་བྱང་ལ་མི་ཉག་ཅེས་པའི་མིང་ཐོགས་པ་ཡིན་པས་མི་ཉག་ནི་མི་ནག་གི་དོན་མིན་ནོ། །ཞེས་གསུངས་འདུག་པ་དང་། དེང་སང་ད་དུང་མི་ཉག་གི་སྐྲ་ཚུགས་དེ་ཁམས་ཀྱི་བྲག་མགོ་དང་། རྟའུ། དར་མདོ་སོགས་ས་ཆ་མང་པོར་མ་ཉམས་པར་ཡོད་པ་སོགས་ལ་བསམ་ཞིང་གཞིགས་ན་དེ་ནི་གནས་ལུགས་མེད་པ་ཞིག་མིན་པར་འདོད་དོ། །
ཡིན་ནའང《གུ་བཀྲའི་ཆོས་འབྱུང》ལས། ཐོག་མར་བོད་འདིར་མི་ཡི་འགྲོ་བ་ཆགས་ནས་རིང་ཞིག་ན། ཤར་མི་ཉག་བཞག་བྲ་དཀར་པོའི་རི་རྩེ་ལ་སྟེང་འོད་གསལ་གྱི་ལྷ་ཞིག་གནམ་ནད་བབས་པ་མི་རྣམས་ཀྱིས་གནམ་ནས་བབས་པས་མཚན་མགར་ཚ་འབྲུག་ཅེས་བཏགས། ཞེས་གསུངས་པ་དང་། དེ་ལ་མི་ཉག་མགོན་པོ་སོགས་ཀྱིས་མི་ཉག་ཅེས་པ་དེ་མི་ཉག་རང་གི་སྐད་ཅིག་ཡིན་ལ། མི་ཞེས་པ་ནི་གནམ་གྱི་དོན་ཡིན་ཞིང་། ཉག་ནི་བྱིས་པའི་དོན་ཡིན་པས། དེ་གཉིས་སྦྱར་བས་ན་གནམ་ལས་བབས་པའི་བྱིས་པ་སྟེ་འོད་གསལ་ལྷ་ལས་མཆེད་པའི་བོན་གྱི་ལྟ་ཚུལ་དང་མཚུངས་ཞེས་ཀྱང་གསུངས་མྱོང་ཞེས་མི་ཉག་གི་ལོ་ལོན་འགའ་རེའི་ངག་ནས་ཐོས་མྱོང་བ་དག་ལ་དཔྱད་པར་འཚལ།
དེ་མིན《ལ་དྭགས་རྒྱལ་རབས》སོགས་སུ་མི་ཉག་ལ་ཤར་རྩ་མི་ཤིང་མི་ཞེས་ཀྱང་བོས་འདུག རྩ་མི་ཤིང་མི་ཞེས་པར་མཁས་པའི་དབང་བོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཤར་རྩ་མི་ཤིང་མིའི་གོ་དོན་ནི་མདོ་སྟོད་མི་ཡི་ཆོལ་ཁའི་ནང་ནས་མི་ཉག་གི་ཡུལ་ཡིན་ཏེ། མི་ཉག་ནི་མི་མང་བ། རྩ་དང་ཤིང་ཡང་ཐག་རིང་པོ་ནས་བལྟས་ན་མི་ལ་འཁྲུལ་དགོས་པ་ལྟ་བུའི་དོན་ཡིན་ཞེས་གསུངས་ཡོད་པས་མཚོན། མཁས་པ་སོ་སོས་གླེང་ཚུལ་མི་འདྲ་རུང་། ཁོ་བོས་རྨོངས་ཚོད་ལ་ལྡོང་དང་། ལྡོང་པ། ལྡོང་སྤྱང་པ། མེ་ཡོག མེ་ཉག མི་གཉགས། མི་ནག ཙ་མི། ཤར་རྩ་མི་ཤིང་མི། མི་ཉག་སོགས་ནི་དོན་གཅིག་མིང་གི་རྣམ་གྲངས་ཙམ་དུ་ཟད་དོ། །
གསུམ་པ། མི་ཉག་དང་མཐའ་མཚམས་རྒྱལ་ཁབ་ཁག་གི་འབྲེལ་བའི་སྐོར་བཤད་པ།
《མདོ་སྨད་ཆོས་འབྱུང》ལས། དེ་དུས་མི་ཉག་གི་ཡུལ་ནི། བྱང་གི་བོད་སོག་གི་མཚམས་ཆུ་ནག་དང་ཉེ་བའི་སར་མི་ཉག་རྒྱལ་པོའི་ཐོག་མ་སི་ཧུའི་ག་ཇུ་ཞེས་པ་བྱུང་སྟེ་རྒྱ་ཧོར་ཕལ་ཆེར་གྱི་བདག་པོ་བྱས། ཤར་ན་རྒྱ་ནག ལྷོ་ན་འཇང་། ནུབ་ན་བོད། བྱང་ཧོར་གྱིས་བཅད་པའི་དབུས་ཀྱི་མི་ཉག་གི་རྒྱལ་ཁམས་ཏེ་གོ་ཏན་གྱིས་བཟུང་བའི་གྷ་དང་བྱང་ངོས་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ། རབ་སྟོད་ཚར་སྒང་གི་ས་རྣམས་ཀྱང་མི་ཉག་ལ་གཏོགས།ཞེས་བཤད་པར་བསམ་ཞིང་གཞིགས་ན། རང་གི་ཁེ་ཕན་དང་དམིགས་ཡུལ་འགྲུབ་ཆེད་སྐབས་དེ་གའི་ཉེ་ཁོར་གྱི་རྒྱལ་ཁབ་ཁག་དང་གཡུལ་འགྱེད་ཐེངས་མང་བྱས་ཡོད་པ་ནི་གདོན་མི་ཟ་ལ། བོད་ཀྱི་མངའ་ཁོངས་སུ་གཏོགས་པ་ནི་རྩོད་པའི་གཞི་དང་བྲལ་བར་སྣང་།
《བོད་ཀྱི་ལོ་རྒྱུས་དེབ་ཐེར་བཀྲ་ཤིས་གཏེར་བུམ》ལས། སྤྱི་ལོ་སྔོན་གྱི་དུས་རབས་བཅུ་གཉིས་པ་སྟེ་ལོ་ངོ་སུམ་སྟོང་ཡས་མས་སུ་ད་ཆའི་ཁམས་མི་ཉག་གི་ཆགས་གཞི་དང་ས་ཁོངས་དེ་རྒྱལ་ཕྲན་སིལ་མ་བཞི་བཅུའི་ནང་གཏོགས་སུམ་པའི་རྒྱལ་ཁབ་ཀྱི་མངའ་འོག་ཡིན་པར་སྙམ།ཞེས་གསལ་ལ། ཡང་དེ་ལས། 《གླིང་བཞི་བསྟན་པའི་འབྱུང་ཁུངས》བྱ་བར་བོད་ཀྱི་བཙན་པོ་རིམ་བྱོན་ལས་གནམ་གྱི་ཁྲི་བདུན་གྱི་སྐབས་སུ་མི་ཉག་མཁས་པ་ཚ་གར་དགུ་བྱུང་ཡོད་པར་གསལ་ཞིང་། 《ལ་དྭགས་རྒྱལ་རབས》སོགས་སུ་བཙན་ཁྱུང་དང་སྣུབས་གཉིས། གཉའ་ར་རྩེ་དང་གཙོ་གཉིས། ཁུ་སྟེགས་གཉིས་ཏེ། འབངས་རུས་དྲུག་གིས་སྤྱན་དྲངས། ར་དང་དར་པ་དང་། ཁྱུང་པོས་ཁོད་པ་བྱས། མེ་ཉག་གི་བཤེ་གཉེན་བློན་པོར་བསྐོས། དེ་མགོ་ནག་ཡོངས་ཀྱི་རྒྱལ་པོར་མངའ་གསོལ་ཏེ། མན་ཡང་གཉའ་ཁྲི་བཏགས་པ་ལ། རྗེ་གཉའ་ཁྲི་བཙན་པོ་ཞེས་མཚན་གསོལ།ཞེས་བྲིས་འདུག་པ་དང་། 《མདོ་ཁམས་མི་ཉག་རབ་སྒང་གི་བྱུང་བ་རགས་བསྡུས་ལོ་རྒྱུས་ཀྱི་མྱུ་གུ་ཞེས་བྱ་བ་བཞུགས་སོ། །》ཞེས་པ་ལས། བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱེད་སྐབས་མི་ཉག་གིས་བོད་ས་གནད་དང་། མི་གནད་གལ་ཆེན་བཟུང་ཡོད་པ་རྟོགས་ཐུབ།ཅེས་གསུངས་པར་བརྟག་ན་བཙན་པོ་ཐོག་མའི་རིང་ནས་མི་ཉག་གིས་བོད་ཀྱི་རྒྱལ་པོར་སྲི་ཞུ་བསྒྲུབས་མྱོང་བ་རྟོགས་ཐུབ་ལ། ཕྱིས་བྱུང་ལོ་རྒྱུས་ལས་རྒྱལ་པོ་མཁས་གྲུབ་རྒྱ་མཚོ་ལྟ་བུ་བོད་ཀྱི་ཆོས་སྲིད་ཀྱི་བདག་པོ་རུ་སྣང་བ་དང་། མི་ཉག་རུ་ཡོང་བཟའ་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་བསུས་པ། སྲོང་བཙན་གྱི་མེད་དུ་མི་རུང་བའི་བློན་པོ་བཞིའི་ཡ་གྱལ་བློན་པོ་མགར་དང་། ས་སྐྱའི་མཁས་པ་ཆེན་པོ་རྗེ་བཙུན་རེ་མདའ་བ་སོགས་ཀྱི་བརྒྱུད་པའང་མི་ཉག་ལ་གཏུགས་དགོས་པ། ཡུལ་དབུས་ཀྱི་བདག་པོ་དགའ་ལྡན་གསེར་ཁྲིར་ཕེབས་པ་བཞི་བྱུང་བ། གཞན་ཡང་། རྒྱལ་བ་ཀརྨ་པ་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་མི་ཉག་མཁས་གྲུབ་འཇམ་དབྱངས་གྲགས་པ་ཡིན་པ་ལྟ་བུའི་རིགས་ལ་རིགས་འདེད་བྱས་ན། མི་ཉག་ནི་བོད་རིགས་ཡིན་པ་ཚད་མར་གྲུབ་པར་མ་ཟད། ལྡོང་མི་ཉག་གི་རིགས་འདི་བཙན་བོད་ཀྱི་དར་རྒུད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་གནས་སུ་འཁུམས།
དེ་མིན《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》ལས། མི་ཉག་ནི་བོད་ཡིན་ཏེ། མི་ཉག་དང་། འབྲུག་པ་རྒྱལ་པོ་གཉིས། བོད་རྒྱལ་གྱི་སྤུན་གཉིས་སོ་སོར་ཁམས་རྒྱལ་པོ་བྱས་པ་ཡིན་ཁར། འབྲུག་པའི་ལོ་རྒྱུས་འགའ་དང་། རྒྱ་བོད་ཡིག་ཚང་དུའང་བཤད་ཡོད།ཅེས་གསུངས་འདུག་ཀྱང་། རྒྱལ་པོ་སུའི་སྤུན་ཡིན་པ་དང་། དུས་ནམ་ཞིག་ཡིན་པ་མཐོང་ཐོས་སུ་མ་སྣང་བ་ནི་དངོས་ནས་ཤིན་ཏུ་ཕངས་ཤིང་། 《བོད་ཀྱི་ལོ་རྒྱུས་དེར་ཐེར་བཀྲ་ཤིས་གཏེར་བུམ》གྱི་རྩོམ་པ་པོས《གླིང་བཞིི་བསྟན་པའི་འབྱུང་ཁུངས》སོགས་ལ་ཁུངས་བཅོལ་ནས། སྤྱི་ལོ་སྔོན་གྱི་ལོ་ངོ་སྟོང་བཞིའི་ཡས་མས་སུ་བོན་པའི་ཆོས་ལུགས་ཀྱི་བྱེད་པོ་སྟོན་པ་གཤེན་རབ་མི་བོ་ཆེས་རྒྱ་གར་དང་། རྒྱ་ནག མི་ཉག བལ་བོ་སོགས་སུ་ཆོས་རྒྱུན་སྤེལ་དུས་ནས་མི་ཉག་རྒྱལ་ཁབ་དབུ་བརྙེས་ཟིན་པ་དང་། དེ་གའི་སྟོབས་ཤུགས་རྒྱ་གར་དང་། རྒྱ་ནག བལ་བོ་སོགས་དང་ཕལ་ཆེར་མཉམ་པར་གསུངས་ཡོད་པ་དང་། དེ་མུར་གནའ་བོའི་མི་ཉག་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་དགུ་པའི་ཡས་མས་སུ་བཙུགས་པ་དང་། སྤྱི་ལོ་དྲུག་བརྒྱ་བཞི་བཅུའི་ཡས་མས་སུ་བོད་བཙན་རྒྱལ་གྱི་མངའ་ཞབས་སུ་གྱུར་བའི་བར་གྱི་གནའ་བོའི་རྒྱལ་ཁབ་ཞིག་ལ་གོ་བར་གསུངས་ཡོད་པ་དང་། ལྟ་ཚུལ་དེ་ནི《གླིང་བཞི་བསྟན་པའི་འབྱུང་ཁུངས》དང་། 《རྒྱ་བོད་ཡིག་ཚང་ལོ་རྒྱུས》 《བོད་ཀྱི་ལོ་རྒྱུས་དེར་ཐེར་བཀྲ་ཤིས་གཏེར་བུམ》 《ཆོས་འབྱུང་མཁས་པའི་དགའ་སྟོན》 《རྒྱལ་རབས་གསལ་བའི་མེ་ལོང》 《དེབ་ཐེར་སྔོན་མོ》 སོགས་དང་གཅིག་མཐུན་དུ་སོང་ཡོད་པ་དང་། བོད་ཀྱི་རུས་མཛོད་སོགས་སུ་ལྡོང་ངམ་མི་ཉག་གིས་གནའ་སྔ་མོ་ནས་ཁམས་ཀྱི་ཡུལ་རྣམས་བཟུང་བར་བཤད་པར་གཞིགས་ན། མི་ཉག་ལྡོང་གི་རིགས་འདི་བོད་ཀྱི་རྩ་བའི་རུས་ཆེན་བཞི་ལས་ལྟོས་བཅོས་ཀྱི་སྟོབས་ཤུགས་ཆེ་ཤོས་ཡིན་པ་ར་སྤྲོད་བྱས་ཡོད་ལ། བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱས་པ་ནས་བཟུང་ཕྱིས་མི་ཉག་རབ་སྒང་དུ་འབོད་པའི་ཡུལ་གྲུ་སོགས་ལ་འཁོད་པའི་ལྡོང་མི་ཉག་རིགས་ཀྱིས་བོད་ལ་དཔྱ་ཁྲལ་འཇལ་ནས་ཡིན་རིང་འགོར་བ་དང་། གཞན་ཁ་ཁས་ཤིག་དེང་སང་གི་ཁམས་ཕྱོགས་དང་། ཉིན་ཞ། ཧྲའན་ཞི་སོགས་པའི་གནས་སུ་བྲོས་ཏེ་གཞི་ཆགས།(ད་ལྟ་ཁམས་ཕྱོགས་སུ་ཡོད་པའི་མི་ཉག་སྟེ། ཉག་རོང་དང་། བྲག་འགོ། རྟའུ། ཉག་ཆུ་ཁ། དར་མདོ། བརྒྱད་ཟུར། ལྕགས་ཟམ། གཡག་རྔ་སོགས་སུ་གནས་བཅོས་ནས་བསྡད་ཡོད་པ་དག་གོ །) དེ་ནས་བོད་ཁམས་སིལ་བུར་འཐོར་ནས་བོད་བཙན་པོའི་རྒྱལ་རབས་ཀྱི་སྟོབས་ཤུགས་ཡོངས་སུ་ཟད་པའི་འོག སྤྱི་ལོ་850ལོའི་ཡས་མས་སུ་མི་ཉག་རྒྱལ་ཁབ་བཙུགས་ཏེ་རྒྱ་ནག་དང་འགྲན་འཛུགས་ཐུབ་པའི་གནས་སུ་གྱུར་མུར། 《བོད་ཀྱི་ལོ་རྒྱུས་དེར་ཐེར་བཀྲ་ཤིས་གཏེར་བུམ》ལས། སྤྱི་ལོ་881ལོར་ཐང་དམག་ལ་རོགས་བྱས་ནས་མགོ་དཀྲིས་སེར་པོའི་འོས་ལངས་ཞི་འཇགས་སུ་བཏང་བ་དང་། སྐབས་དེར་མི་ཉག་གི་མངའ་ཞབས་སུ་ཞ(夏)དང་། སའེ།(绥) དབྱི།(银) ཡལ།(宥)བཅས་ཀྱིས་མཚོན་པའི་ཀྲུག་བཞི་དང་། ཁམས་པའི་ཤར་བྱང་ས་ཁུལ་ཏེ། དེང་གི་ཉིན་ཞ་ས་ཁུལ་ཡོངས་དང་ཀན་སུའུ་ཕྱོགས་ཀྱི་ས་ཁུལ་ཁ་ཤས་བཅད་བཟུང་གིས་ཐང་རྒྱལ་རབས་དང་མཛའ་མཐུན་དུ་གནས་ཡོད་པའ་མཚོན། ཕྱིས་རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུའི་སྐབས་སུའང་ལང(梁)དང་། ཅིང་།(晋) ཧན།(汉) ཀྲུག(周)སོགས་ཉེ་ཁོར་གྱི་རྒྱལ་ཁབ་ཁག་གི་སྟོབས་ཤུགས་དང་མཉམ་པར་གསུངས་པ་ལགས་ཤིང་། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ལས། རྒྱ་ནག་གི་སུང་རྒྱལ་རབས་བཙུགས་པའི་ཚུན་ནས་ཀྱང་སུང་དང་ཐེངས་འགར་འཐབ་པའི་མཐའ་མར་སུང་དམག་ཕམ་ནས་སྤྱི་ལོ་1038ལོར་མི་ཉག་རྒྱལ་རབས་དངོས་སུ་བཙུགས། དེའི་ཕྱིས་སྔ་གཞུག་ཏུ་རྒྱལ་རབས་བཅུ་ལྷག་གིས་ལོ་ངོ་ཉིས་བརྒྱར་ཉེ་བའི་རིང་རྒྱལ་ཁམས་ལ་དབང་བསྒྱུར་ཏེ། ཆབ་སྲིད་ཐོག་སྐབས་དེའི་ལའོ(辽)དང་།ཅིན།(金)སོགས་ཀྱི་རྒྱལ་ཁག་ཙམ་མ་ཟད། བོད་ཀྱི་ཤར་མཐའི་ཙོང་ཁའི་རྒྱལ་པོ་དང་ཡང་འབྲེལ་གཏུག་ཆེ་ལ། གཞན་དཔལ་འབྱོར་དང་རིག་གནས་ཐད་ནས་ཀྱང་རྒྱ་བོད་དང་འབྲེལ་གཏུག་ཤིན་ཏུ་ཟབ་ཅིང་། རྟ་དང་ཇ་ལན་ཚྭ་སོགས་བརྗེ་རེས་ཀྱིས་ཕྱོགས་གཉིས་ཀྱི་ཚོང་ལས་དར་བར་བྱས་ཐོག ཙོང་ཁའི་རྒྱལ་སྲས་དང་རིགས་རྒྱུད་གཅིག་པས་དེ་དང་འབྲེལ་བ་ལྷག་ཏུ་དམ་པོ་བྱུང་བར་གྲགས། ཡིན་ཡང་རྗེས་སུ་སོག་པོའི་སྟོབས་ཤུགས་ཀྱིས་འཛམ་གླིང་གསུམ་གཉིས་ཆ་ལ་དབང་བསྒྱུར་བའི་འགྲོས་དང་བསྟུན་ནས་སྤྱི་ལོ་1227ལོར་ཇིང་གིར་རྒྱལ་པོས་མི་ཉག་རྒྱལ་ཁབ་བསྣུབས་ཏེ་དབང་དུ་བསྡུས་ཕྱིར། ལོ་རྒྱུས་ཀྱི་དོན་རྐྱེན་དང་ཁོར་ཡུག་གི་དབང་གིས་དེང་དུས་མི་ཉག་རིགས་ལས་ཁ་ཤས་ཤིག་རྒྱ་རིགས་ཀྱི་གྲས་སུ་ཐིམ་ཟིན་པ་དང་། གཞན་རྣམས་དེང་གི་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་དར་མདོ་རྫོང་གཙོས་པའི་ཁམས་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་གནས་བཅོས་ཏེ་བཞུགས་ཤིང་། ཁོང་ཚོའི་ཡུལ་སྲོལ་གོམས་གཤིས་དང་། ཆོས་ལུགས་དད་མོས། འཚོ་བ་རོལ་སྟངས། བསམ་བློའི་འཆར་སོ་གང་ཐད་ནས་ཀྱང་བོད་དང་ཆ་འདྲ་བོ་འདུག་གོ །
བཞི་པ། མི་ཉག་སྐད་ཀྱི་འཕེལ་འགྱུར་སྐོར་བཤད་པ།
དེ་ཡང་བོད་ཀྱི་རྩ་བའི་རུས་ཆེན་བཞིའི་ཡ་གྱལ་མི་ཉག་པས་བོད་ཀྱི་ལོ་རྒྱུས་ཙམ་མ་ཟད། རྒྱ་ནག་གི་ལོ་རྒྱུས་ཁྲོད་དུའང་གོ་གནས་གལ་ཆེན་བཟུང་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ཀྱང་། ལོ་རྒྱུས་ཀྱི་བཤུད་ལམ་རིང་མོའི་ཁྲོད་དུ་རེ་རྒྱལ་རེ་ཕམ་དང་། རེ་དར་རེ་རྒུད་ཀྱི་བགེག་དང་རྐྱེན་མང་པོ་ཞིག་བརྒྱུད་མཐར། ནི་ལོ་རྒྱུས་མ་མའི་ཞལ་རས་ངོས་གཙང་མ་ཞིག་ཡོད་དེ་སྐན། ཡིན་ཙང་། ད་ནི་དྲང་བོར་གནས་པའི་མིག་དང་གཟུ་བོར་གནས་པའི་བློ་ཡིས་དཔྱད་ན་ནི། ལོ་རྒྱུས་རིག་པ་བས་མི་ཉག་གི་སྐད་ནི་བོད་སྐད་ཀྱི"འགྱུར་རྡོ་གསོན་མ"ཞིག་ཏུ་ངོས་བཟུང་གིན་པ་ནི་དངོས་ནས་རྨད་བྱུང་གི་ཆ་ཞིག་ཏུ་ངེས་ཏེ། རྒྱུ་མཚན་ནི་ལོ་རྒྱུས་འཁོར་ལོའི་གཙུབ་བརྡར་ལས་མི་ཉག་པའི་སྐད་ཀྱི་སྒྲ་གདངས་མི་ཉུང་བ་ཞིག་ལ་འགྱུར་བ་བྱུང་ཟིན་པས་བོད་ཁུལ་གྱི་ས་ཆ་གཞན་དག་གིས་གོ་བ་ཡོངས་སུ་ལོན་རྒྱུ་དཀའ་བའི་གནས་སུ་གྱུར་ཡོད་ཀྱང་། མང་ཆེ་བ་བོད་སྐད་དང་གཅིག་མཚུངས་སུ་སྣང་བ་དག་ལས་ཀྱང་དེང་གི་མི་ཉག་པ་ནི་བོད་མི་རྣལ་མ་ཞིག་ཏུ་ངོས་བཟུང་ན་སྐྱོན་དུ་མི་འགྲོ་སྟེ། གཅིག་ན་གྲངས་ཀའི་རྗེས་སུ ་ལོ་བཀོད་པ་མ་གཏོགས་སྒྲ་ཧ་ཅང་ཉེ། དཔེར་ན། ལྔ་ལ་ལྔ་ལོ། གསུམ་ལ་སོག་ལོ། དགུ་ལ་འགུན་ལོ་ཞེས་བརྗོད་པ་ལྟ་བུ། གཉིས་ན་སངས་རྒྱས་ཆོས་ལུགས་ཀྱི་ཐ་སྙད་ཕལ་ཆེར་གཅིག་འདྲ་ཡིན་ཏེ། དཔེར་ན། གདུགས་དང་རྒྱལ་མཚན། ཌ་རུ། དྲིལ་བུ། སིལ་སྙན། ཆས་གོས། གཟན་ཤམ། ཏིང་ཕོར། བུམ་པ། མཎྜ། ཕྲེང་བ་དང་། སྤོས། བ་དན། ཀ་འཕན། རྐང་གླིང་། རྒྱ་གླིང་། དུང་ཆེན་སོགས་ལྟ་བུ། གསུམ་ན་དམག་གི་གོ་ཆའི་རིགས་ཀྱི་མིང་ཡང་གཅིག་གྱུར་ཡིན་ཏེ། དཔེར་ན། ཁྲབ་རྨོག་འཁོར་གསུམ་དང་། མདའ་གྲི་མདུང་ཕུབ་སོགས་ལྟ་བུ། བཞི་ན་ལས་གནས་ཀྱི་ཐ་སྙད་ཕལ་ཆེར་གཅིག་འདྲ་ཡིན་ཏེ། དཔེར་ན། འབྲོག་པ་དང་རོང་བ། གོང་མ། ཤིང་བཟོ། རྡོ་བཟོ། མགར་བ། དཔའ་བོ་དང་དཔའ་མོ། ཇག་པ། རྐུན་མ་སོགས་ལྟ་བུ། ལྔ་ན་རྒྱན་གོས་སྐོར་གྱི་ཐ་སྙད་སྐོར་ལའང་འདྲ་ས་ཤིན་ཏུ་མང་སྟེ། དཔེར་ན། སྐེ་རྒྱན། བྱུ་རུ། གཡུ། གཟི། ཕྲུག་ལྭ། ལྭ་བ། ཚ་རུ་སོགས་ལྟ་བུ། དྲུག་ན་རི་དྭགས་ཀྱི་མིང་ཡང་མཐུན་པའི་ཆ་མང་སྟེ། གླང་ཆེན། སེང་གེ སྟག གླ་རྩི། དགོ་བ་སོགས་ལྟ་བུ། དེར་མ་ཟད་གུར་གུམ་དང་། ཡུངས་དཀར། ཅོག་ཙེ། རྟགས། མིང་། རྩི་ཤིང་དང་ལོ་ཏོག ཁྱིམ་ཆས་སོགས་ཀྱི་མིང་ཡང་འདྲ་བ་སོགས་ཀྱིས་ཆོག་པར་ཞུ། །
དེ་ན་གནམ་ལ་མི་དང་། གནམ་སྔོན་པོར་མི་ངུ་ངུ། སྙེ་མ་ལ་དེ་མར་ཞེས་བརྗོད་དོན་ཅི་ཞེས་ན། དེ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིམ་མོའི་ཁྲོད་མི་ཉག་ཙམ་མ་ཟད། བོད་མི་བྱིངས་ནས་བོད་སྐད་ཚད་ལྡན་དང་བོད་སྐད་རྣལ་མ་ཞིག་བཤད་རྒྱུ་ནི་དཀའ་བའི་རྒྱུ་དང་དཀོན་པའི་ཁག་ཏུ་ཟད་དེ། དང་པོ་བོད་སྐད་དང་མི་ཉག་སྐད་གཅིག་མཚུངས་སུ་སྣང་ཡང་། རྗེས་སུ་རིམ་བཞིན་སྡེར་མ་ལ་རྡ་མ་དང་། ཐུར་མ་ལ་ཐུན་མ། སྦོམ་སྦོམ་ལ་འབོམ་འབོམ། དཔེ་སྒྲོམ་ལ་ཆ་སྒ། ཟུར་ལ་ཟུ། མེ་ཏོག་ལྡུམ་ར་ལ་མེ་ཏོག་རུ་བ། ལས་ཀ ལཱ་ཀ་ཞེས་བརྗོད་པ་སོགས་ནི་དེང་གི་དུས་སུ་བོད་སྐད་ལ་ཡང་དབུས་གཙང་སྐད་དང་ཨ་མདོ་སྐད། ཁམས་སྐད་སོགས་སུ་གྱེས་པ་དང་ཡོངས་སུ་མཚུངས་སོ། །
ལྔ་པ། མཇུག་བསྡུ་བའི་གཏམ།
དེ་ཡང་མ་ཉག་གི་རིགས་རུས་ཆོ་འབྲང་གི་ཁུངས་གཏུགས་ས་དང་། མི་ཉག་གི་མིང་གི་འཕེལ་འགྱུར། མི་ཉག་དང་སྐབས་དེའི་མཐའ་མཚམས་རྒྱལ་ཁབ་ཁག་གི་འབྲེལ་བའི་སྐོར། མི་ཉག་སྐད་ཀྱི་འཕེལ་འགྱུར། མི་ཉག་པས་ཆོས་ལུགས་དད་མོས། ནམ་རྒྱན་གྱི་འཚོ་བ་རོལ་སྟངས་དང་རྒྱན་གོས་འདོགས་ལུགས་སོགས་གང་གི་ཆ་ནས་དཔྱད་ཀྱང་བོད་ཀྱི་གནའ་བོའི་རུས་ཆེན་བཞིིའི་ཡ་གྱལ་ལྡོང་གི་བརྒྱུད་པ་ང་ཙམ་གྱིས་བརྗོད་ན་རྨོངས་ཚོད་ཀྱིས་ཟིན་འདུག་ཟེར་བའི་སྐྱོན་དུ་འགྱུར་སྲིད་ཀྱང་། ང་ཡི་དཔྱད་རྩོམ་འདི་ཙམ་མ་ཟད། དཔེ་དེབ་དཔྱད་རྩོམ་གཞན་རྣམས་ལས་ཀྱང་ལུང་རིག་དཔེ་གསུམ་དང་། ཞིབ་གསལ་དག་གསུམ་གྱིས་ལམ་ནས་བསྒྲུབས་དང་བསྒྲུབ་མུས་སུ་མཆིས་ཀྱང་། ད་ནི་བླུན་པོ་མ་ཡིན་པའི་བླུན་པོ་ཁ་ཤས་ཀྱིས་རྨོངས་ཚོད་ཀྱི་སྨག་རུམ་ཀློང་ནས་གནས་ལུགས་ཀྱི་བདེན་མཐའ་བསྙེགས་ཁུལ་བྱ་དང་བྱེད་བཞིན་པ་ལགས་ཤིང་། དེ་ནི་དམིགས་ཡུལ་ཡན་གར་བ་ཞིག་གི་ཆེད་དང་། དགོས་མཁོ་ཡན་གར་བ་ཞིག་གི་དོན་དུ་ལོ་རྒྱུས་ཟེར་སྒྲོས་ཙམ་དུ་བཀོད་པའི་གནས་ལས་མ་འདས་པས་ན། ལོ་རྒྱུས་ཀྱི་གླེགས་བམ་ངོས་སུ་རང་ལ་ངོ་ཚ་བ་དང་། སྐྱི་གཡའ་བ། སེམས་སྡུག་པ། ཞེ་མར་བའི་ཆ་མང་དུ་འདུག་ཀྱང་། དེ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ལྟར་བརྗོད་དགོས་པ་ལས་གཏམ་རྒྱུད་ཀྱི་སྒྲོག་གིས་བཅིངས་ན་ནི་རང་གི་དམིགས་ཡུལ་དང་ཁེ་ཕན་ལ་གནོད་པ་མི་ཐེབས་ནའང་། སུ་ཞིག་གིས་བསམ་གཟས་ནས་ལྡོག་ཕྱོགས་ཀྱི་ལབ་གླེང་ཁབ་རྩེ་ཙམ་ལོ་རྒྱུས་ངོས་སུ་ཕབ་ནའང་དེས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་འགྲིབ་ལ་ནག་ཉེས་བཟོས་པ་ཡིན་ཙ་ན། ངས་ཀྱང་རང་བློའི་ལྕོགས་ཚད་དང་རང་ནུས་ཆིག་ཐུབ་ཀྱིས་རྒྱ་བོད་ཡིག་ཚང་ཁུངས་ཐུབ་དག་ལ་ཁུངས་གཏུགས་ཤིང་། དགེ་བའི་བཤེས་གཉེན་དག་ལ་བློ་དྲིས་ནས་མི་ཉག་གི་ལོ་རྒྱུས་དང་འབྲེལ་བའི་རྩོམ་འདི་བྲིས་པ་ལགས་སོ། །