ཁྱེད་རང་གང་ཞིག་ཏུ་བཞུད་འགྲོ།(ཞར་བཀོད་གཉིས)
རྒན་གོང་ཨོ་རྒྱན་རྡོ་རྗེ།(ལྷ་ས)
སྡོང་ལོ་སེར་པོ
ཁྱེད་རང་སྡོང་རྒན་ལ་བདེ་མོ་བཞག་སྟེ
བྲེལ་རྟབ་ངང་གང་ཞིག་ཏུ་བཞུད་འགྲོ
སྨིག་རྒྱུས་བཞེངས་པའི་འཇིག་རྟེན་འདི་ན
སུ་ཞིག་འོང་ཞིང་སུ་ཞིག་བཞུད་འགྲོ་བ
རྒྱུན་མི་ཆད་པའི་མགྲོན་པོ་དག་ཡིན་ན
ཁྱེད་རང་ཡང་མགྲོན་པོ་དེ་དག་གི་གྲས་ཡིན་ནམ
ཧམ་ཤེད་ཀྱི་རྦ་ཀློང་ཁོལ་བའི་འཇིག་རྟེན་འདི་རུ
རྒྱོབ་ཟེར་ན་ཕ་རྒན་གྱི་མགོ་ལའང་རྒྱག་ཕོད་པའི
མཆོངས་ཟེར་ན་གཅོང་རོང་དོག་མོར་ཡང་མཆོང་ཕོད་པའི
དཔའ་བློ་ཁོག་འགྲན་ཟླ་བྲལ་བ་ཞིག་ཡོད་དགོས་འདུག
འོ་ན སྡོང་ལོ་སེར་པོ
ཁྱེད་རང་ལ་ཡང་དཔའ་བློ་ཁོག་དེ་ཡོད་དམ
དེ་བས ཐོན་ཞིག་ཟེར་ན་ལགས་སོ་ཞུ་ཐུབ་པའི
གྲ་སྒྲིག་ཨང་གསར་ཞིག་བྱ་དགོས་འདུག
འོ་ན སྡོང་ལོ་སེར་པོ
ཁྱེད་རང་གིས་ཀྱང་གྲ་སྒྲིག་ཨང་གསར་ཞིག་བྱས་ཡོད་དམ
སྡོང་ལོ་སེར་པོ
ཁྱེད་རང་རྡོག་ཐོན་བྱེད་པའི་ཞོགས་པ་དེར
སྡོང་རྒན་གྱི་སྟེང་ན་དྲན་པ་ཞིག་ལུས་ཡོད་སྐད
དྲན་པ་དེ ཁ་བ་ལེབ་མོ་ཞིག་གི་སྣེ་ཤན་ཡིན་ནམ
ཡང་ན གྲང་རླུང་ངར་མ་ཞིག་གི་གཡབ་མོ་ཡིན
དྲན་པ་དེ གྲིབ་མ་རིང་པོ་ཞིག་གི་རྐང་རྗེས་ཡིན་ནམ
ཡང་ན སྨིག་རྒྱུ་སྐྱུར་མོ་ཞིག་གི་རང་གཤིས་ཡིན
སྡོང་ལོ་སེར་པོ
ཁ་སང་གི་རྨི་ལམ་རྡོག་གཅིག་ཏུ་བསྒྲིལ་ཏེ
ཁ་སང་གི་རང་ཉིད་ལམ་ཆས་སུ་བསྡོགས་ཏེ
ཁྱེད་རང་འདི་ལྟར་བཞུད་འགྲོ་ན
བདག་གི་སེམས་པ་འདི་ཡང་མཉམ་དུ་འཁྲིད་རོགས
གྲང་ཅང་ཅང་གི་སེམས་པ་འདི
ཕལ་ཆེར འདི་ནས་བཞུད་པའི་ཕ་རོལ་ཏུ
བདག་ལ་མཁོ་བའི་དྲོད་ཁོལ་གྱི་ཡུལ་ལྗོངས་དེ་ཡོད་ཀྱང་སྲིད
དེ་དུས་སླར་ཡང་འབུ་སྦྲང་ལྷན་རྒྱས་དང་མཉམ་དུ
འཛུམ་མདངས་དེ་ལྷུག་གེར་གྲོལ་ཆོག་ཨང
༢༠༡༨.༩.༢༨
སྟོན་མགོའི་ས་སྲོད།
མུན་པའི་རྐང་བ་སྡོང་རྒན་གྱི་སྟེང་ནས་བརྐྱངས
ཞེ་འདོད་ཀྱི་ཡལ་ག་རིམ་བཞིན་ཐུམ་ནག་གིས་བཏུམས
དམག་འཁྲུག་གི་མེ་ལྕེ་ཕ་གིའི་གནམ་མཐའ་ནས་འཕྱུར
ཉི་མའི་བུ་རྒྱུད་ཁྲག་དམར་གྱིས་ཡོངས་སུ་སྦགས
ནག་ཡོར་ཡོར་གྱི་ཡོལ་བ་འདིའི་ཚུ་རོལ་ན
སིག་སིག་ཏུ་འདར་བའི་ཁྱི་གུའི་ཟུག་སྒྲ ད་དུང
བག་ལ་ཞ་བའི་ལམ་བར་གྱི་སྡོང་ལོའི་ཕུང་བོ
མགོ་བོ་བཏེགས་ནས་ལྷོ་བཞུད་ཀྱི་ཁྲུང་ཁྲུང་ལ་ལྟ་བཞིན
གང་སར་འཁྱམས་པའི་མཚན་རླུང་གི་རྗེས་སུ་བསྙེགས་ཏེ
དབུགས་རྒྱུན་ཆད་བཞིན་པའི་ཁ་སང་གི་རྨི་ལམ་ལ་མྱ་ངན་ཞུ
༢༠༡༨.༡༠.༧
གཏམ་དྲང་པོ།
—སུ་ཞིག་གིས་ཅི་ཞིག་གོ་བ་དེ་ལ་སྨྲས་པ།
གཏམ་དྲང་པོ་མདའ་འདྲ་འདྲ་ཞིག་བཤད་ན
ང་ཚོས་མི་ཤེས་པ་དང་མི་ནུས་པ་ཅི་ཡང་ཡོད་མི་སྲིད
རྒྱ་གར་གྱི་ལམ་རིང་ཞབས་ཟུང་གིས་མ་འཇལ་བའི་སྔ་རོལ་ཏུ
དཀའ་སྡུག་གི་རྔུལ་ཆུ་ཕྲོམ་ཕྲོམ་དུ་མ་བཏོན་པའི་གོང་རོལ་ཏུ
ཐོན་མི་ཡང་ཡིག་རྨོངས་ལག་པས་འཁྱོག་ཚད་ཅིག་ཡིན་འདུག
༢༠༡༨.༩.༢༤