འབྲུག་ལྷ།
གཅིག ལོ་རྒྱུས་རྒྱབ་ལྗོངས།
སྔོན་བཙན་པོ་ཁྲི་རལ་པ་ཅན་གྱིས་སྲིད་བསྐྱངས་པའི་སྐབས་སུ། བློན་དབས་སྟག་རྣ་ཅན་སོགས་ཀྱིས་དབང་ཆ་འཕྲོག་ཏེ་ནང་ཆོས་རྩ་མེད་དུ་གཏོང་དགོས་བསམ་ནས། ཐོག་མར་ཐབས་ཀྱི་སྒོ་ནས་བཙན་པོ་ཁྲི་རལ་པ་ཅན་ལ་རྒྱབ་སྐྱོར་མཛད་མཁན་ལྷ་སྲས་གཙང་མ་མོན་ལ་སྤྲུགས། དེ་ནས་བཙུན་མོ་ངང་ཚུལ་མ་དང་བན་ཆེན་པོ་བྲན་ཀ་དཔལ་ཡོན་གཉིས་མཐུན་ཡོད་ཚུལ་རྒྱལ་པོའི་སྙན་དུ་ཕྲ་མ་བཅུག་པས། བཙུན་མོ་ངང་ཚུལ་མ་དེར་ཤིན་ཏུ་ཡིད་ཆད་དེ་ལྕེབས་ནས་གྲོངས་པ་དང་། བྲན་ཀ་དཔལ་ཡོན་རྒྱལ་པོའི་ཆད་པས་བཀུམ། ལྕགས་མོ་བྱ(སྤྱི་ལོ་841) ཡི་ལོ་ལ། བློན་དབས་སྟག་རྣ་ཅན་དང་། ཅོག་རོ་ལྷ་ལོད། ལེགས་སྡུག་བཙན་གསུམ་གྱིས་མལ་གྲོ་ཞམ་པའི་ཕོ་བྲང་དུ་ཁྲི་རལ་པ་ཅན་གྱི་དབུ་ལྟག་ཏུ་བསྐོར་ནས་བཀྲོངས། ལོ་དེར་བཙན་པོ་ཁྲི་དར་མ་འུ་དུམ་བཙན་རྒྱལ་སྲིད་ལ་བཀོད་ཅིང་། བཙན་པོས་རེ་ཞིག་ཡབ་མེས་ཀྱི་མཛད་པ་བསྐྱངས་ནས་ནང་ཆོས་སྤེལ་བར་རྒྱབ་སྐྱོར་བྱས་མོད། ཕྱིས་སུ་དབས་སྟག་རྣ་ཅན་དང་། ཅོག་རོ་ལེགས་སྒྲ། སྣ་ནམ་རྒྱལ་ཚ་སོགས་ཀྱིས་དབང་ཆ་བཟུང་སྟེ་ནང་ཆོས་ཕྱོགས་བསྣུབས་པའི་སྦྱོར་བ་བརྩམས་པ་ནི། 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》ལས། “དེའི་འོག་ཏུ་བློན་པོ་ཆོས་ལ་གནག་པ་ཀུན་གྱིས་སྦས་རྒྱལ་པོ་སྟག་སྣ(སྦས་སྟག་སྣ་རྒྱལ་པོའི)བློན་པོར་བསྐོས་ནས། ཆོས་ཁྲིམས་དང་འགལ་བ་མང་དུ་བྱས། དུས་དེར་ལྷ་སར་སད་དང་སེར་བ་དང་། རྩྭ་(བཙའ) དང་མུ་གེ་དང་། མི་ནད་ཕྱུགས་ནད་མང་པོ་བྱུང་བས། དེ་ལ་བསྙད་བྱས་ཏེ་ཐུགས་སུ་གདོན་གསོལ་ཟེར་ནས། (ཁ་ཅིག་ན་རེ། བློན་བྲན་ཀས་བྱ་འཁྲུག་པ་འཕམ་པར་བྱས་པས་ལྟོ་ཆོས་བྱུང་ནས་)འདི་དག་ཐམས་ཅད་རྟེན་འདྲེ་ཅན་དང་། མཐའ་མི་ཆ་ལུགས་མི་འདྲ་བ་མང་པོ་བྱུང་། དེ་དག་གི་སྒོར་ཞུགས་ནས་ཆོས་བྱས་པས་ལན་པ་ཡིན་པས། ཆོས་ཁྲིམས་བཞིག(བཤིག)ཅེས་གླེང་ནས། བློན་པོ་ངན་པ་བསྐོས་ནས། བཙུན་པ་ཀུན་རྟགས་དང་ཕྲལ། རྟགས་འབོར་དུ་མ་བཏུབ་ཀུན་ལ་མདའ་གཞུ་དང་། རྔ་ཤང་གཏད་ནས་ལིངས་ལ་བཀོད། དེ་ལ་མི་ཉན་པ་སྲོག་དང་ཕྲལ། འགའ་ཞིག་ནི་ཁམས་སུ་བྲོས། པོ་ཏི་ཕལ་ཆེར་ལྷ་སའི་བྲག་ལྟེ་བ་ཅན་ལ་སྦས། འགའ་ཞིག་ཆུ་ལ་ཕོ། བྲག་དམར་ལ་སོགས་པའི་ལྷ་ཁང་ཀུན་སྒོ་ལ་འདག་པ་བརྒྱབ། འགའ་ཞིག་མེ་ལ་བསྲེགས་པས། བློན་པོ་དད་པ་ཅན་ཀུན་རྒྱལ་པོའི་ཐུགས་སུ་གདོན་གསོལ་བར་ངེས་ཞེས་མྱ་ངན་དྲག་ཏུ་བྱེད་ཅིང་། ཡབ་མེས་ཀྱི་ཡི་གེ་ལ་བལྟ། ལོ་མེད་ལྷག་མེད་ཀུན་ལ། བྱ་བཏང་ཡིབ་ཅིང་བྲོས་སུ་བཅུག སྡེ་སྣོད་གསུམ་ཉམས་སྨད། དམ་པའི་ཆོས་ཀྱི་ཉི་མ་ནུབ་ནས་བོད་ཡུལ་མུན་པའི་དམག(སྨག) རུམ་དུ་གྱུར་པའི་ཚེ། .......” ①ཞེས་གསུངས་པ་བཞིན། དབས་སྟག་རྣ་ཅན་དང་། ཅོག་རོ་ལེགས་སྒྲ། སྣ་ནམ་རྒྱ་ཚ་སོགས་ཆབ་སྲིད་ཀྱི་ཕྱོགས་ཁག་དེས་བཙན་པོ་ཁྲི་རལ་པ་ཅན་གྱི་སྐབས་ནས་བཟུང་སྲིད་ཀྱི་དབང་ཆ་འཕྲོག་འདོད་ཡོད་པ་ལ། ཁོང་ཚོས་ཐབས་ཤེས་སྣ་ཚོགས་བཀོལ་ཏེ་བཙན་པོ་ཁྲི་རལ་པ་ཅན་བཀྲོངས་ནས་ཁྲི་དར་མ་འུ་དུམ་བཙན་རྒྱལ་སྲིད་ལ་བཀོད། སྐབས་དེར་ལྷ་སར་སད་དང་སེར་བ་བབས་ཤིང་། མུ་གེ་དང་མི་ནད་ཕྱུགས་ནད་སོགས་རང་བྱུང་གི་གནོད་སྐྱོན་མང་པོ་བྱུང་བ་ལ། བློན་པོ་དག་གིས་དེ་ནི་ཆོས་བྱས་པས་ལན་ཞེས་བསྙད་བཏགས་ནས་ནང་ཆོས་སྒོ་ཀུན་ནས་མེད་པར་བཟོས། སྦས་སྟག་སྣ་ཅན་སོགས་ཀྱིས་ནང་ཆོས་མེད་པར་བཟོས་ཏེ། དབུས་གཙང་ས་ཁུལ་དུ་ལོ་པཎ་རྣམས་ཀྱི་ཚེ་སྲོག་ལ་ཉམས་ཉེས་ཐེབས་པ་དང་། རབ་བྱུང་གི་རྟགས་ཐམས་ཅད་མེད་པར་བཟོས་པ་ལ། ནང་ཆོས་ལ་དད་པ་བྱེད་མཁན་རྣམས་སེམས་ནས་ཁོང་ཁྲོ་དང་ཞེ་སྡང་ལངས་པ་ལས་ཅི་བྱ་གཏོལ་མེད་དུ་གྱུར། ཆུ་ཕག་གི་ལོ་སྟེ་སྤྱི་ལོ848ལོར། ལྷ་ལུང་དཔལ་གྱི་རྡོ་རྗེས་མདའ་བརྒྱབ་ཏེ་བཙན་པོ་བཀྲོངས་ཤིང་རང་ཉིད་མདོ་སྨད་དུ་བྲོས། དེའི་རྗེས་བཙན་པོའི་སྲས་འོད་སྲུངས་དང་ཡུམ་བརྟན་གཉིས་མ་འཆམ་པར་དབང་ཆ་འཕྲོག་རྩོད་བྱས་ཏེ་ཟིང་འཁྲུག་བསླང་ས་པར་བརྟེན། འོག་གི་འབངས་ལ་མུ་གེ་དང་། ནད་ཡམས་སོགས་མི་འདོད་པ་སྣ་ཚོགས་ཀྱིས་གང་བ་དང་། དབུས་གཙང་གི་ཡུལ་གྲུ་ཀུན་ཏུ་སངས་རྒྱས་བསྟན་པ་ཡང་གཟུགས་བརྙན་ཙམ་དུ་གྱུར།
གཉིས། མཁས་པ་མི་གསུམ་མདོ་སྨད་དུ་བྲོས་ཚུལ།
བཙན་པོ་གླང་དར་མས་ནང་ཆོས་བསྣུབས་པའི་་སྐབས་སུ། གཡོ་དགེ་བའི་འབྱུང་གནས་དང་། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་བཅས་མཁས་པ་མི་གསུམ་ཡང་དབུས་གཙང་དུ་སྡོད་མ་ནུས་པར་མདོ་སྨད་དུ་བྲོས་ནས་བསྟན་པ་སྤེལ་བ་སྟེ། མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》ལས། “དེ་དུས་བསྐལ་བ་ཉམས་པས། དགེ་འདུན་གྱི་འཚོ་བ་བླ་ནས་སྦྱོར་བ་མེད། ཆུ་བོ་རིའི་སྒོམ་གྲྭ་ན། གཡོ་དགེ་འབྱུང་། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་གསུམ་ཡོད་པས། ཧོར་གྱི་ཡུལ་དུ་ཕྱིན་ཙ་ན། དེར་ཡང་ཆོས་ལུགས་ལ་འགོད་པར་མ་ནུས་ནས། ཧོར་གྱི་དགེ་བསྙེན་ཤཱཀྱ་བྲ་བ་དང་འགྲོགས་ནས། མདོ་སྨད་ཨན་ཆུང་རྣམ་རྫོང་གི་དགོན་པར་བཞུགས་པའི་ཚེ།”②ཞེས་དང་། 《བུ་སྟོན་ཆོས་འབྱུང》ལས། “དར་མས་བསྟན་པ་བསྣུབས་པའི་དུས་སུ། འཇད་ཀྱི་གྱེལ་གཙང་རབ་གསལ་དང་། བོ་དོང་བ་གཡོ་དགེ་འབྱུང་། སྟོད་ལུང་པ་དམར་ཤཱཀྱ་མུ་ནེ་དང་གསུམ་ཆུ་བོ་རི་ན་སྒོམ་ཞིང་ཡོད་པ་བཙུན་པ་ཁྱི་ར་བྱེད་པ་མཐོང་། གཏམ་དྲིས་པས། རྒྱལ་པོས་བསྟན་པ་བསྣུབས་པར་ཤེས་ཏེ། འདུལ་བ་དྲེལ་ཁལ་ཅིག་བཀལ་ཏེ་མངའ་རིས་སྟོད་དུ་བྲོས་ནས་གར་ལོག་ནས་ལམ་ཐོན་ནས་ཧོར་ཡུལ་དུ་ཕྱིན་ཏེ་སྐད་རིགས་མི་གཅིག་པའི་སར་བསྟན་པ་དར་བར་བྱ་སྙམ་པ་ལ་དར་བར་མ་ནུས་ཏེ་མདོ་སྨད་ལྷོ་ངོས་ཀྱི་བེ་རོ་ཚྭ་ན་ཚུར་བྱུང་སྟེ་རྨ་ལུང་རྡོ་རྗེ་བྲག་དང་། ཨ་ཆུང་གནམ་རྫོང་དང་། ཏན་ཏིག་ཤེལ་གྱི་ཡང་དགོན་ནས་སྒོམ་ཞིང་ཡོད་པ།”③ཞེས་གསལ་པ་ལས། བཙན་པོས་ནང་ཆོས་བསྣུབས་པའི་དུས་དེར། དགེ་འདུན་གྱི་འཚོ་བ་བཙན་པོས་བླ་ནས་སྦྱོར་བ་མེད་པས་དགེ་འདུན་རྣམས་འཚོ་མི་ཐུབ་པར་གྱུར་བ་ན། གཡོ་དགེ་འབྱུང་། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་གསུམ་ཆུ་བོ་རིའི་སྒོམ་གྲྭ་ནས་མདོ་སྨད་དུ་བྲོས། མདོ་སྨད་དུ་བྲོས་པའི་ལམ་ཐིག་ལ་ལྟོས་ན། མཁས་པ་མི་གསུམ་ཐོག་མར་ཧོར་ལ་ཕྱིན་ནས་བསྟན་པ་སྤེལ་རྩིས་བྱས་པ་ལ། ཧོར་ཡུལ་གྱི་སྐད་མ་གོ་བ་སོགས་ཀྱི་དབང་གིས་ས་དེར་ཆོས་ལུགས་སྤེལ་མ་ནུས་ནས། ཧོར་གྱི་དགེ་བསྙེན་ཤཱཀྱ་བྲ་བ་ཟེར་བ་ཞིག་ཁྲིད་ནས་མདོ་སྨད་ཀྱི་ཨ་ཆུང་གནམ་རྫོང་དང་། ཏན་ཏིག་ཤེལ་གྱི་ཡང་དགོན་སོགས་སུ་སྒོམ་ཏེ་བཞུགས། མཁས་པ་མི་གསུམ་ཐད་ཀར་མདོ་སྨད་དུ་མ་བྲོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། བཙན་པོ་གླང་དར་མས་ནང་ཆོས་བསྣུབས་པའི་ཁྱབ་ཁོངས་ནི་དབུས་གཙང་ཁོ་ན་མ་ཡིན་པར་བོད་ཁམས་ཡོངས་ལ་ཁྱབ་ཡོད་པའི་རྐྱེན་གྱིས་རེད། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས། “རྨ་ལུང་རྡོ་རྗེ་བྲག་ར་ཨན་ཆུང་གནམ་གྱི་ཡང་རྫོང་གཙུག་ལག་ཁང་རྒྱ་ཕིབས་ཡོད་པ་དང་། དན་ཏིག་ཤེལ་གྱི་ཡག་དགོན་དུ་བྱོན་ནས། ཕྱིས་དན་ཏིག་ཡང་དགོན་ལས་མཆེད་པའི་ལྷ་ཁང་རྒྱ་ཕིབས་ཁྱུང་མགོ་ཅན་བརྒྱ་ལྔ་བཅུ་བྱུང་བ་མཆིས། སྔར་གྱི་བཙུན་ཆས་སུ་ཞུགས་པས། དེ་ན་ཡོད་པའི་མི་ཀུན་ན་རེ། ཨ་པ་ཕ་རྒྱལ་པོ་སྡིག་ཅན་གྱི་ཁྲིམས་ཀྱིས་མ་ཕོག་པའི་མི་ཡང་གདའ་ཟེར་བས། བྲེད་ནས་སྐྲག་སྟེ། ནགས་སུ་བྲོས་ཕྱིན་པས་འཚོ་བ་མེད་པར་སྐུང་སྟེ་བཞུགས་པ་ལ། དགེ་བསྙེན་མ་གཅིག་གིས་བག་རེ་བཏེགས།”④ཞེས་གསལ་བ་ལས། བཙན་པོས་བོད་ཡོངས་སུ་བསྟན་པ་བསྣུབས་པའི་སྐབས་སུ། མཁས་པ་མི་གསུམ་མདོ་སྨད་དུ་བྲོས་ནས་བྱོན་པ་ལ། ས་དེའི་མི་རྣམས་ཀྱིས་བཙན་པོའི་ཁྲིམས་མ་ཕོག་པའི་བཙུན་པ་འདུག་ཟེར་ནས་ཡ་མཚན་སྐྱེས་པས། ཁོང་གསུམ་མི་ཚོགས་ཀྱི་ཁྲོད་དུ་སྡོད་མ་ཐུབ་པར་ནགས་སུ་བྲོས་ནས་སྐུང་དགོས་བྱུང་བ་དེ་ལས། བཙན་པོས་བོད་ཁམས་ཡོངས་སུ་བསྟན་པ་བསྣུབས་པའི་སྦྱོར་བ་བརྩམས་པ་ཤེས་ཐུབ། ཡིན་ཡང་། མདོ་ཁམས་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ལྟེ་བ་མིན་པར་བརྟེན་ནང་ཆོས་བསྣུབས་པ་དབུས་གཙང་ལྟ་བུའི་ཚབས་ཆེན་མིན་པས། མཁས་པ་མི་གསུམ་ཧོར་ཡུལ་ནས་མདོ་སྨད་དུ་ཕེབས་ཤིང་ནགས་གསེབ་དང་བྲག་ཕུག་སོགས་སུ་ཡིབ་ནས་སྒོམ་པ་ཐུབ་པ་བྱུང་།
གསུམ། བླ་ཆེན་དགོངས་པ་རབ་གསལ་ལ་སྡོམ་པ་གནང་བ།
བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་ཡུལ་སྐོར་ལ་བཞེད་ཚུལ་མི་འདྲ་བ་གཉིས་ཡོད་དེ། གཅིག་གིས་བླ་ཆེན་འཕན་ཡུལ་དུ་འཁྲུངས་པར་བཤད་དེ། 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》ལས། “དེའི་ཚེ་འཕན་ཡུལ་ཞོགས་པ་ན་མུ་ཟུ་གསལ་འབར་ཞེས་བྱ་བའི་བོན་པོ་གཅིག་ལ་བུ་མུ་གསལ་འཕན་ཞེས་བྱ་བ་ལོ་བཅུ་དྲུག་ལོན་པ་གཅིག་གིས་སྣང་གསལ་ལྷ་ཁང་དུ་ཕྱིན་པས་རབ་ཏུ་བྱུང་བ་ཆོས་བཤད་ཉན་པའི་གཟུགས་གྱང་རིས་ལ་འདུག་པ་མཐོང་བས། འདི་ཅི་ཡིན་དྲིས་པས། རྒན་མོ་ན་རེ། རབ་ཏུ་བྱུང་བ་ཡིན་ཟེར། ལས་འཕྲོའི་སྟོབས་ཀྱི་དད་གུས་སྐྱེས་ཏེ། འདི་འདྲ་ད་ལྟ་ག་ན་ཡོད་དྲིས་པས། རྒད་པོ་གཅིག་ན་རེ། གཞོན་དུས་སུ་མང་པོ་ཡོད་པ་ཡིན་ཏེ། རྒྱལ་པོ་གླང་དར་མས་ཆོས་སྣུབ་པའི་དུས་ཕལ་ཆེར་བསད། ལ་ལ་ཕབ། ཁམས་སུ་ཡང་འགའ་རེ་བྲོས་ཟེར་ཏེ། གཞན་ནི་ཁུངས་མ་ཐོས། ཆུ་བོ་རི་ནས་བྲོས་པའི་དམར་གཡོ་རྩངས་གསུམ་ནི་ཡོད་ངེས་པར་འདུག་ཟེར་རོ།། དེའི་ཚེ་ལས་འཕྲོ་སད་དེ་ཆོས་མིན་པ་ལ་ཡིད་མི་དྲན་པའི་དད་པ་སྐྱེས་ནས་མདོ་སྨད་དུ་འཚོལ་དུ་བྱོན།”⑤ཞེས་གསུངས་པ་ལྟར་ཡིན། བཤད་ཚུལ་གཅིག་གིས་མདོ་སྨད་དུ་འཁྲུངས་པར་འདོད་དེ། 《དེབ་ཐེར་སྔོན་པོ》ལས་ཙོང་ཁ་བདེ་ཁམས་སུ་འཁྲུངས་པར་བཤད་པ་དང་། 《 ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》སོགས་ལས་མཁས་པ་མི་གསུམ་མདོ་སྨད་དུ་སྒོམ་པའི་སྐབས་སུ་བླ་ཆེན་དགོངས་པ་རབ་གསལ་ནི་ས་དེའི་ར་རྫི་བྱིས་པ་ཞིག་ཡིན་པར་བཤད་པ་ཡང་བླ་ཆེན་མདོ་སྨད་དུ་འཁྲུངས་པར་འདོད། མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་གིས་ད་ལྟའི་མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་གི་རྒྱ་ཞུར་གྲོང་ཚོ་ཞེས་པར་འཁྲུངས་པར་འདོད་ལ། དན་ཏིག་དགོན་པ་དང་ཐག་ཉེ་བའི་ཡུལ་དེའི་ངག་རྒྱུན་དུའང་དེ་ལྟར་བཤད་པས། ད་ལྟ་ས་དེ་གའི་ཡུལ་མི་རྣམས་ཀྱིས་བླ་ཆེན་འཁྲུངས་ཤུལ་ཡིན་ཟེར་བའི་ས་དེར་མཆོད་རྟེན་ཞིག་ཀྱང་བརྩིགས་འདུག བླ་ཆེན་དགོངས་པ་རབ་གསལ་ཆུང་དུས་བོན་པོ་ཞིག་ཡིན་ལ། ཁོང་ཆུང་དུས་ཀྱི་སྐྱ་བོའི་མིང་ལ་ཀ་ར་འཕན་དང་། བོན་བསླབས་པས་བོན་པོའི་མིང་མུ་ཟུ་གསལ་འབར་ཞེས་འབོད་པ་ནི་བན་བོན་གཉིས་ཀྱི་ལོ་རྒྱུས་ཁ་མཐུན་ནོ།།
བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་འདས་སྐོར་ལ། 《དེབ་ཐེར་སྔོན་པོ》 ལས། “ཙོང་ཁ་བདེ་ཁམས་སུ་ཆུ་ཕོ་བྱི་བ་ལ་སྐུ་འཁྲུངས”⑥ཞེས་གསུངས་པ་དང་། 《དཔག་བསམ་ལྗོན་བཟང》ལས། “བླ་ཆེན་བསྟན་པ་བསྣུབས་པ་ལས་ལོ་དགུས་སྔ་བའི་ཆུ་བྱི་ལོར་”⑦འཁྲུངས་པར་བཤད། བླ་ཆེན་འཁྲུངས་པའི་ཆུ་བྱི་ལོ་དེ་སྤྱི་ལོ་གང་ཡིན་ཟེར་ན། ཐོག་མར་གླང་དར་མས་བསྟན་པ་བསྣུབས་པའི་ལྕགས་བྱ་ལོ་དེ་སྤྱི་ལོ་841ཡིན་པར་འདོད་མཁན་དང་། བསྟན་པ་བསྣུབས་པའི་ལོ་དེ་ནི་སྤྱི་ལོ901ཡིན་པར་འདོད་མཁན་གཉིས་འདུག་པས། དེ་བས་བླ་ཆེན་འཁྲུངས་པའི་ཆུ་བྱིའི་ལོ་དེ་ལ་ཡང་ངོས་འཛིན་ཚུལ་མི་འདྲ་བ་བྱུང་ཡོད་དེ། ལ་ལས་དེ་ནི་སྤྱི་ལོ་832ཡིན་པར་འདོད་ལ། ཁ་ཤས་ཀྱིས་སྤྱི་ལོ892ཡིན་པར་འདོད། 《དེབ་ཐེར་སྔོན་པོ》ལས། “སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་བཞི་བརྒྱ་དང་བཅུ་གསུམ་འདས་འདས། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་བརྒྱ་དང་བཞི་བཅུ་ཞེ་གཅིག་འདས་རྗེས་ཀྱི་ཆུ་ཕོ་རྟ་ལ་ཇོ་བོ་རྗེ་བོད་དུ་ཕེབས།”⑧ཞེས་གསུངས་པ་ལྟར་ན། ཇོ་བོ་རྗེ་བོད་དུ་ཕེབས་པའི་ཆུ་རྟ་(སྤྱི་ལོ1042)ནས་ཡར་ལོ་བརྒྱ་དང་བཞི་བཅུ་ཞེ་གཅིག་དེད་པའི་ལོ་དེ་ནི་སྤྱི་ལོ་892ལོར་བབས་འདུག མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི《བསྟན་པ་ཕྱི་དར་གྱི་ལོ་ཚིགས་ལ་དཔྱད་པ》ཞེས་པ་ལས། “བླ་ཆེན་དགོངས་པ་རབ་གསལ་ནི། གླང་དར་མས་བསྟན་པ་བསྣུབས་པར་གྲགས་པའི་ལྕགས་བྱ(841)ལོའི་རྗེས་ནས་ལོ་ལྔ་བཅུ་འདས་པའི་ཆུ་བྱི(892)ལོར་འཁྲུངས།”⑨ཞེས་གསུངས་ཏེ་ཆུ་བྱི་ཕྱི་མ་སྟེ་སྤྱི་ལོ892འཐད་ལྡན་དུ་བསྒྲུབ་ཡོད་དོ།། དེ་བས། འདིར་ཁོ་བོ་ཡང་མཁས་དབང་དེ་དག་གི་རྗེས་སུ་འབྲངས་ནས་བླ་ཆེན་འཁྲུངས་པའི་ཆུ་བྱིའི་ལོ་དེ་ནི་སྤྱི་ལོ་892ལོར་ངོས་འཛིན་བྱས་ཡོད། 《དེབ་ཐེར་སྔོན་པོ》ལས། “ དེ་ལྟར་བླ་ཆེན་པོས་ལོ་བཞི་བཅུ་རྩ་དགུ་ལ་དན་ཏིག་ཏུ་བྱོན། ལོ་སུམ་ཅུ་རྩ་ལྔ་དན་ཏིག་དུ་བཞུགས། བརྒྱད་ཅུ་རྩ་བཞི་པ་ཤིང་ཕག་གི་ལོ་ལ་དགའ་ལྡན་དུ་གཤེགས། ཤིང་ཕག་འདི་བསྟན་པ་བསྣུབས་པའི་ལྕགས་བྱ་ནས་བདུན་ཅུ་རྩ་ལྔ་པ་ཡིན།”⑩ཞེས་གསུངས་པ་ལྟར་ན། བླ་ཆེན་པོ་དགུང་ལོ་བཞི་བཅུ་རྩ་དགུ་ལ་དན་ཏིག་ཏུ་བྱོན་ཞིང་དེར་ལོ་སུམ་ཅུ་རྩ་ལྔར་བཞུགས། བརྒྱད་ཅུ་རྩ་བཞི་པ་ཤིང་ཕག་གི་ལོ་སྟེ་སྤྱི་ལོ975ལོར་སྐུ་གཤེགས་སོ།།
བླ་ཆེན་དགོངས་པ་རབ་གསལ་དང་མཁས་པ་མི་གསུམ་མཇལ་བའི་ལོ་ཚིགས་སྐོར་ལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི《བསྟན་པ་ཕྱི་དར་གྱི་ལོ་ཚིགས་ལ་དཔྱད་པ》ཞེས་པ་ལས། “ དགུང་ལོ་ཉི་ཤུར་ཕེབས་པ་ལྕགས་ལུག(911)ལོར་དམར་གཡོ་གཙང་གསུམ་གྱིས་མཁན་སློབ་གསང་སྟོན་བཅས་མཛད་ནས་རབ་བྱུང་བསྙེན་རྫོགས་ཆབས་ཅིག་ཏུ་བཞེས། དེ་དུས་དམར་གཡོ་གཙང་དགུང་ལོ་དགུ་བཅུ་ལྷག་ཙམ་དུ་ཕེབས་ཟིན།”⑾ཞེས་བླ་ཆེན་དང་མཁས་པ་མི་གསུམ་མཇལ་བའི་ལོ་ནི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ911ཡིན་པར་འདོད། བླ་ཆེན་གྱིས་སྡོམ་པ་ལེན་པའི་སྐབས་སུ། མཁས་པ་མི་གསུམ་ལོ་ན་བགྲེས་པོ་ཡོད་པ་ཆོས་འབྱུང་གཞན་དག་ལས་ཀྱང་ཤེས་ཐུབ་སྟེ། 《མཁས་པ་ལྡེའུ་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》ལས། “དེ་ནས་ལོ་འགའ་ལོན་པ་ན། བྲུམ་འབར་བ་བྱ་བས་གསུམ་པོ་ལ་རབ་ཏུ་འབྱུང་བར་ཞུས་པས། གཡོ་ན་རེ་ཁོ་བོ་རྒས་པས་མཁན་བུ་མི་འཁྱོངས་བས། དགེ་བ་གསལ་གྱིས་མཁན་པོ་གྱིས་གནས་གཞི་ཚུགས། བསྟན་པ་སྤེལ་ཞེས་གསུངས་པས། དགེ་བ་གསལ་ན་རེ་བདག་གིས་སྡོམ་པ་བླངས་ནས་ལོ་ལྔ་ལས་མ་ལོན་པར་དེ་ལྟར་རུང་ངམ་ཞུས་པས། མཁན་སློབ་ལ་དྲི་མ་ཤས་གཅིག་འབྱུང་སྟེ། སྡོམ་པ་སྐྱེ་བ་ལ་མི་གནོད་པས་གྱིས་ཤིག་གསུངས་ནས། དགེ་བ་གསལ་གྱིས་མཁན་པོ་བྱས། གཙང་གིས་སློབ་དཔོན་བྱས། བྲུམ་རབ་ཏུ་བྱུང་སྟེ་ཡེ་ཤེས་རྒྱལ་མཚན་དུ་བཏགས།”⑿ཞེས་གསུངས་པ་ལས། བྲུམ་ཡེ་ཤེས་རྒྱལ་མཚན་སོགས་རབ་ཏུ་བྱུང་བའི་སྐབས་སུ་གཡོ་དགེ་བའི་འབྱུང་གནས་ལོ་ན་རྒས་ནས་མཁན་བུ་མི་འཁྱོངས་པས། བླ་ཆེན་བསྙེན་རྫོགས་བསྒྲུབས་ནས་ལོ་ལྔ་ལས་མ་སོང་པས་གཞན་ལ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་གནང་བའི་ལོ་ཚད་ལོན་མེད་ཀྱང་། འདུལ་བ་ལ་མཁས་ཤིང་བྱང་ཆུབ་པ་དང་། གནས་ཀྱི་བླ་མར་འོས་པའི་ཡོན་ཏན་གཞན་དག་ཚང་ཡོད་པས་བཅོམ་ལྡན་འདས་ཀྱིས་བཀས་བཅད་གནང་བའི་དམིགས་བསལ་གྱི་དགོངས་པ་དང་མཐུན་པར་བཀའ་ཡི་གནང་བ་ཐོབ་པ་བཞིན། བྲུམ་ཡེ་ཤེས་རྒྱལ་མཚན་དང་སྤང་གོང་ཡེ་ཤེས་གཡུང་དྲུང་སོགས་རབ་བྱུང་དང་བསྙེན་རྫོགས་མཛད་དོ།། བླ་ཆེན་པོ་དང་མཁས་པ་མི་གསུམ་ཐོག་མར་མཇལ་བའི་གནས་ལ་ཡང་འདོད་ཚུལ་མི་མཐུན་པ་ཡོད་དེ། 《བསྟན་རྩིས་གསལ་བའི་ཉིན་བྱེད》ལས། “དེ་ལྟ་བུའི་དགེ་སློང་གསུམ། མདོ་ཁམས་རྨ་ལུང་དན་ཏིག་ཤེལ་གྱི་དགོན་པ་ན་བཞུགས་པའི་ཚེ། ལས་དང་སྐལ་བ་ལྡན་པ་བོན་པོའི་རིགས་སུ་སྐྱེས་པ་རྨུ་སུ་གསལ་འབར་ཞེས་བྱ་བ་གཙང་གིས་མཁན་པོ། གཡོས་སློབ་དཔོན་བྱས་ཏེ། རབ་ཏུ་བྱུང་དགེ་ཚུལ་ལོ་གཅིག་ལོན་ནས་སྔར་གྱི་མཁན་སློབ་དང་། སྨར་གྱིས་གསང་སྟོན། རྒྱའི་ཧ་ཤང་ཀེ་ཝམ་དང་ཀེ་བག་གཉིས་ཀྱིས་ཁ་སྐོང་བྱས་ནས་བསྙེན་པར་རྫོགས།”⒀ཞེས་རྨ་ལུང་དན་ཏིག་ཤེལ་གྱི་དགོན་པ་ནས་སྡོམ་པ་བླངས་ཚུལ་བཤད་ལ། ཡང་མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》ལས། “(མཁས་པ་མི་གསུམ) མདོ་སྨད་ཨན་ཆུང་རྣམ་རྫོང་གི་དགོན་པར་བཞུགས་པའི་ཚེ། བླ་ཆེན་པོས་ཞལ་ལྟར་ཕྱིན་ཏེ། མཇལ་བས་ཆོས་གཅིག་སློབ་པར་ཞུས་པས། འདུལ་བ་འོད་ལྡན་བསྟན་ནས་འདི་ལ་ལྟོས་དང་། དད་ན་གྲོས་བྱ་ཡི་གསུངས་པས། དེ་ཁྱེར་ནས་ལམ་ནས་ཕར་ལྟ་བཞིན་ཕྱིན་པས། དད་ནས་མཆི་མ་ཡང་ཤོར། དེ་ནས་ཟླ་གཅིག་ལོན་ནས་རབ་ཏུ་བྱུང་། ⒁”ཞེས་གསལ་བ་ལས། མཁས་པ་མི་གསུམ་མདོ་སྨད་ཨན་ཆུང་གནམ་རྫོང་གི་བྲག་ཕུག་ན་སྒོམ་ཞིང་བཞུགས་པའི་ཚེ་བླ་ཆེན་ལ་སྡོམ་པ་གནང་བར་འདོད།《དེབ་ཐེར་སྔོན་པོ》ལས། “རི་དན་ཏིག་དང་ཉེ་བ་ན་ཐིའུ་རང་སྤུན་དགུ་ཞེས་བྱ་བ་མི་མ་ཡིན་པ་སྟོབས་དང་ལྡན་པ་དེ་རྣམས་བླ་ཆེན་པོ་མཐོང་བ་དང་དད་པ་སྐྱེས་ཏེ། བདག་ཅག་གི་ས་ཕྱོགས་གང་དང་གང་ན་དགོན་པ་ཆེན་པོ་དངོས་གྲུབ་བརྙེས་པ་མང་དུ་བྱུང་། རྩ་བ་དང་འབྲས་བུ་ལ་སོགས་པ་རྙེད་སླ་བ་དེར་འབྱོན་པ་ཅི་གནང་། བདག་ཅག་གིས་ཀྱང་ཁྱེད་ཀྱི་གྲོགས་དང་དགེ་བསྙེན་དུ་ཡང་བགྱིའོ་ཞེས་ཞུས་པས། གནང་ནས་དན་ཏིག་དུ་བྱོན་⒂”ཞེས་གསུངས་པ་ལྟར་ན། བླ་ཆེན་པོ་དགུང་ལོ་ཞེ་དགུ་ལོན་པའི་ཚེ་ཐིའུ་རང་སྤུན་དགུ་ཞེས་བྱ་བས་གདན་དྲངས་པ་ལྟར་དན་ཏིག་ལ་ཕེབས་པར་གཞིགས་ན། དེ་སྔོན་སྡོམ་པ་ལེན་སའི་གནས་ནི་ཨན་ཆུང་གནམ་རྫོང་ཡིན་ནམ་སྙམ། དེ་ལྟར་བླ་ཆེན་གྱིས་སྡོམ་པ་ལེན་སའི་གནས་ལ་བཤད་ཚུལ་མི་འདྲ་བ་ཅུད་ཟད་ཡོད་ཀྱང་། སྡོམ་པ་བླངས་པའི་ཚུལ་ལོ་རྒྱུས་ཕལ་ཆེར་མཐུན་ཏེ། ས་དེའི་ཕྱུགས་རྫི་རྣམས་ཀྱིས་དགེ་སློང་གསུམ་སྒོམ་ཞིང་བཞུགས་པ་མཐོང་ནས་གཏམ་སྨྲས་པས། རྨུ་ཟུ་གསལ་འབར་བྱ་བས་ཐོས་ནས་བལྟ་བར་ཕྱིན་ཞིང་མཁས་པ་མི་གསུམ་ལ་རབ་ཏུ་བྱུང་བར་ཞུས་པས། མཁས་པ་མི་གསུམ་གྱི་འདུལ་བའི་དཔེ་⒃ཞིག་གནང་ནས་འདིར་ལྟོས་དང་། དད་ན་རབ་ཏུ་བྱུང་ཆོག་གསུངས། རྨུ་ཟུ་གསལ་འབར་སྔོན་བོན་ལ་དད་པ་བྱེད་མཁན་ཞིག་ཡིན་ཀྱང་མཁས་པ་མི་གསུམ་ཀྱིས་གནང་བའི་དཔེ་ཆ་དེར་གཟིགས་པས་དད་པ་སྐྱེས་ཤིང་། ཟླ་གཅིག་གི་རྗེས་སུ་རབ་ཏུ་བྱུང་ནས་དགེ་ཚུལ་གྱི་སྡོམ་པ་བླངས་པ་དང་། དེ་ནས་ལོ་གཅིག་ལོན་པའི་དུས་སུ་བསྙེན་རྫོགས་ཞུས་པས་དགེ་སློང་ལྔ་མ་ཚང་བས་མི་འོང་གསུང་བ་དང་། སྔར་ལྷ་ལུང་དཔལ་གྱི་རྡོ་རྗེ་བ་དགེ་སློང་གསུམ་ཀློང་ཐང་དུ་འདུག་པ་མཐོང་བས་བཙལ་ཏེ་དཔལ་གྱི་རྡོ་རྗེ་དང་མཇལ་ནས་ཞུས་པས། ངས་རྒྱལ་པོ་བསད་པས་ཁ་སྐོང་མི་འོང་གི ངས་བཙལ་གྱི་གསུངས་ཏེ། རྒྱ་ནག་ཧ་ཤྭང་ཀེ་བང་དང་། གྱི་བན་བྱ་བ་གཉིས་བཙལ་ཏེ་ཁ་སྐོང་མཛད་དེ་རབ་ཏུ་བྱུང་། གཡོ་དགེ་བའི་འབྱུང་གནས་ཀྱིས་མཁན་པོ་དང་། གཙང་རབ་གསལ་གྱིས་སློབ་དཔོན། དམར་ཤཱཀྱ་མུ་ནེ་ཡིས་གསང་སྟོན་བྱས་ནས་རབ་བྱུང་བསྒྲུབས་པར་བརྟེན། ཁོང་གི་མཚན་ལ་ཡང་མཁན་སློབ་ཀྱི་མཚན་སྦྱར་ཏེ་དགེ་བ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་གསལ་དང་། མདོ་སྨད་དུ་བསྟན་པའི་མེ་རོ་བསླངས་པས་བླ་ཆེན་ཞེས་གྲགས་ཤིང་། ཡོངས་གྲགས་སུ་བླ་ཆེན་དགོངས་པ་རབ་གསལ་ཞེས་འབོད་དོ།།
བླ་ཆེན་དགོངས་པ་རབ་གསལ་གྱིས་མདོ་སྨད་དུ་སློབ་བུ་བསྐྱངས་ཚུལ་ནི། ཐོག་མར་སྤང་ཀོང་ཡེ་ཤེས་གཡུང་དྲུང་དང་། གྲུམ་ཡེ་ཤེས་རྒྱལ་མཚན་གཉིས་བསྐྱངས། དེ་ནས་མཁན་བུ་སོག་པོ་མི་དྲུག་⒄དང་། གཞད་དཔལ་གྱི་རྡོ་རྗེ་དང་། སྲགས་རྒྱ་མཚོ་སྟེ་གཞད་སྲགས་གཉིས་དང་། ཟོང་མཆོག་ཆོས་སྐྱོང་དང་འཚུར་ཤེས་རབ་མཆོག་གཉིས་དང་བཅུ་བསྐྱངས་པ་དང་། གཞན་ཤོ་ཆུང་པ་ཤེས་རབ་གྲགས་པ་དང་། ཨན་འབར་བ་བྱང་ཆུབ་སོགས་ཀྱང་བསྐྱངས་ནས་མདོ་སྨད་དུ་འདུལ་བའི་བསྟན་པ་བཙུགས། 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》 ལས།“གཞན་ཡང་ཤོ་ཆུང་པ་ཤེས་རབ་གྲགས་པ་དང་། ཨན་འབར་བ་བྱང་ཆུབ་དང་། སྒྲོ་མཉྫུ་ཤྲི་ལ་སོགས་པ་ཤིན་ཏུ་མང་པོས་བཀའ་དྲིན་མནོས་ཏེ། མདོ་སྨད་དུ་བསྟན་པའི་མེ་རོ་ལངས་ནས་ཤིན་ཏུ་རྒྱས་པར་གྱུར་ཏོ། དེའི་ཚེ་ཡང་ཡེ་ཤེས་གཡང་དྲུང་གིས། གྲུམ་ཡེ་ཤེས་རྒྱལ་མཚན་རབ་ཏུ་བྱུང(ཕྱུང) སྟེ། མཁན་སློབ་ཀྱི་གྲྭ་བཙུགས་ཏེ། དགེ་འདུན་གྱི་ཆེད་དུ་ཞིང་སྨོ(རྨོ) བ་དང་། ཕྱུགས་བསྲེལ་བ་ཡང་དཀག(བཀག) འོག་ཏུ་འདིང་བའི་དོན་བཏན(སྟན)ཡང་ཡི་གེ་འཛུག(མཛུབ)མོས་མནན་ཏེ་ཕྱུང་། བཙུན་པའི་ཕུལ་དུ་ཕྱིན་ཏེ། གྲུམ་ཨ་ཙརྱ་ཡེ་ཤེས་རྒྱལ་མཚན་ཞེས་གྲགས་ལ། དེའི་མཁན་བུ་རྣམས་ལའང་བཙུན་རྒྱུད་དུ་གྲགས་སོ། སྣུབས་དཔལ་གྱི་བྱང་ཆུབ་དང་། ཨན་འབར་བ་བྱང་ཆུབ་གཉིས་ཀྱིས། མཁན་སློབ་ཀྱི་གྲྭ་ལོགས་སུ་བཟུང་སྟེ། དགེ་འདུན་གྱི་ཆེད་དུ་ཞིང་རྨོ་བ་དང་། ཕྱུགས་བསྲེལ་བ་དང་ཉོ་ཚོང་དང་། འབུན་སྐྱེད་དང་། རྒྱལ་སྲིད་ཕྱེད་ཀྱང་བཙངས་པས་བསླབ་པ་ཕན་ཆུང་བར་གྲགས་ཏེ། འོན་ཀྱང་སློབ་མ་རྣམས་ལ(སྡོམ་པ་མེད་ཟེར་མ་ནུས་པར)མཁས་རྒྱུད་དུ་གྲགས་སོ།”⒅ཞེས་གསུངས་པ་ལྟར། བླ་ཆེན་པོས་མདོ་སྨད་དུ་སློབ་བུ་དུ་མ་བསྐྱངས་ཤིང་མཆོད་གཞིས་བཙུགས་པར་བརྟེན། འདུལ་བའི་བསྟན་པའི་མེ་རོ་མདོ་སྨད་ནས་སོས་ཐུབ་པར་གྱུར།
བཞི། མཁས་པ་མི་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་གྱིས་མདོ་སྨད་དུ་སྡོམ་རྒྱུན་སྤེལ་བའི་ལོ་རྒྱུས་དོན་སྙིང་།
གཅིག བཙན་པོ་གླང་དར་མས་བསྟན་པ་བསྣུབས་པའི་དུས་དབུས་གཙང་དུ་འདུལ་བའི་རྒྱུན་ཆད་ལ་ཉེ་བ་ལ། མཁས་པ་མི་གསུམ་མདོ་སྨད་དུ་ཕེབས་ནས་བླ་ཆེན་དགོངས་པ་རབ་གསལ་ལ་སྡོམ་པ་གནང་བས། དེ་སྔོན་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་སྡོམ་རྒྱུན་ཟམ་མ་ཆད་པར་གནས་ཐུབ་པར་བྱས། སྨད་འདུལ་གྱི་སྡོམ་རྒྱུན་ནི། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “དེ་ལྟར་དབུས་གཙང་གི་མི་དྲུག་འ་འབྲེ་དང་བཅས་པ་ལ་གྱེས་པ་ནི་སྨད་འདུལ་དུ་གྲགས་པ་ཡིན་ལ། སྡོམ་རྒྱུན་ནི། སྟོན་པ། ཤ་རིའི་བུ། དགྲ་གཅན་འཛིན། ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། བོ་དྷི་ས་ཏྭ་རྣམས་ཡིན། དེ་ཕྱིན་ལ་འདོད་ལུགས་དུ་མ་སྣང་སྟེ་མཁན་པོ་ཞི་བ་འཚོ། རྦ་རཏྣ། ལི་སངས་རྒྱས་ཡེ་ཤེས། ཀ་བ་འོད་མཆོག་གྲགས། དེས་སྨར་གཡོ་གཙང་གསུམ་ཞེས་འདོད་པ་དང་། ཁ་ཅིག་ཞི་བ་འཚོའི་མཁན་བུ་ཀ་མ་ལ་ཤ་ལ། དེས་གཡོ་དགེ་འབྱུང་ཞེས་འཆད་པ་དང་། རྦ་རཏྣའི་མཁན་བུ་སྨར་གཡོ་གཙང་གསུམ་ཡིན་པར་འཆད་པ་ཡང་སྣང་ལ། ཁ་ཅིག་ཛི་ན་མི་ཏྲའི་མཁན་བརྒྱུད་དུ་འདོད་ཀྱང་བོ་དྷི་ས་ཏྭ་བོད་ཀྱི་གདུལ་སྐལ་ཡིན་པའི་རྟེན་འབྲེལ་ལས་དེའི་སྡོམ་རྒྱུན་དུ་གོར་མ་ཆག་གོ”⒆ཞེས་གསུངས་པ་ལྟར། མཁས་པ་སོ་སོའི་ལུགས་ལ་སྡོམ་པའི་བརྒྱུད་ཚུལ་མི་འདྲ་བ་ཅུང་ཙམ་ཡོད་ཀྱང་། བསྟན་པ་སྔ་དར་སྐབས་ཀྱི་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་སྡོམ་རྒྱུན་ཟམ་མ་ཆད་པར་གནས་པ་ཀུན་ཀྱི་འདོད་ཚུལ་གཅིག་ཏུ་འཁུམས། དེ་མ་ཟད། མཁས་པ་མི་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་གྱི་སྡོམ་རྒྱུན་ལ་བརྟེན་ནས་བསྟན་པ་ཕྱི་དར་གྱི་དབུ་ཚུགས་ཐུབ་པར་གྱུར་ཏེ། བླ་ཆེན་པོས་དབུས་གཙང་གི་མི་བཅུ་ལ་སྡོམ་པ་གནང་ཞིང་། སྨད་འདུལ་ལ་བརྟེན་ནས་དབུས་གཙང་དུ་བསྟན་པ་ཕྱི་དར་གྱི་དབུ་ཚུགས་པ་ཡིན་ནོ།། བསྟན་པ་ཕྱི་དར་གྱི་སྐབས་སུ། སྨད་འདུལ་དར་ཁྱབ་ཆེན་པོ་བྱུང་ཚུལ་སྐོར་ནི། ཀཿཐོག་རིག་འཛིན་ཆེན་པོས་“དེ་ཡང་ཕྱི་དར་ལ་འདུལ་བའི་སྡོམ་རྒྱུན་གསུམ་བྱུང་བ་སྡེ་པ་གཞི་ཡོད་སྨྲ་བ་འབའ་ཞིག་པ་སྣང་ཞིང་། དེ་ལས་སྟོད་འདུལ་ནི་ཧ་ཅང་འཕེལ་བ་མ་བྱུང་བར་མངོན་ལ་སྨད་འདུལ་དུ་གྲགས་པའི་མཁན་པོ་ཞི་བ་འཚོ་ནས་བརྒྱུད་པ་འདི་ཉིད་གོང་དུ་བཤད་པའི་ཆུ་གླང་(སྤྱི་ལོ་893)ལོ་ལ་དབུ་བརྙེས། ས་སྟག་(སྤྱི་ལོ་978)ནས་དར་བར་གྱུར་ཏེ་རབ་བྱུང་གསུམ་པའི་ཤིང་བྱ་(སྤྱི་ལོ་1165)ལོ་བར་གྱི་ལོ་ཉིས་བརྒྱ་དང་དོན་གཉིས་རིང་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་དགེ་སློང་རྣམས་སྡོམ་རྒྱུན་འདི་ཁོ་ནར་བརྟེན་པ་ཤས་ཆེ་ཞིང་། བཀའ་གདམས་ཀྱི་དགེ་བསྙེན་འབྲོམ་དང་། དགེ་སློང་ཁུ་རྔོག་གཉིས། སྐུ་མཆེད་གསུམ། གླང་རི་ཐང་པ། ཤ་ར་བ། སྣར་ཐང་པ་སོགས་མཐའ་ཡས་པ་དང་། བཀའ་བརྒྱུད་ཀྱི་འབྱུང་ཁུངས་ཆེན་པོ་དྭགས་པོ་ལྷ་རྗེ་དང་། ཁམས་པ་མི་གསུམ། འབྲི་སྟག འབྲུག་པ་སོགས་ཀྱིས་མཚོན་སྒྲངས་(བགྲང་) བར་དཀའ་བ་དང་། སྙིང་མ་ཡི་ཟུར་ཆེན་འཛམ་འགྲོ་བའི་མགོན་པོ། ཀཿདམ་པ་བདེ་གཤེགས་སོགས་འབྱམས་ཀླས་པ་དང་། གཞན་དུ་མཁས་གྲུབ་ཁྱུང་བོ་རྣལ་འབྱོར་ཡང་རྡོ་རྗེ་གདན་པས་ལུང་བསྟན་པ་ལ་བརྟེན་གླང་རི་ཐང་པ་ལ་བསྙེན་པར་རྫོགས་པར་མཛད་པ་དང་། བཀའ་གདམས་གསར་མར་གྲགས་པ་གངས་རིའི་ཁྲོད་འདིར་འདུལ་འཛིན་རྣམས་ཀྱི་གཙུག་ནོར་མཁན་ཆེན་ཞི་བ་འཚོ་ཡི་གདུང་འཚོབས་ཤར་གཙོང(ཙོང)ཁ་པ་ཆེན་པོ་ཡང་སྨད་འདུལ་གྱི་སྡོམ་རྒྱུན་འཛིན་པར་གྲགས” ⒇ཞེས་གསུངས་པ་ལྟར། སྨད་འདུལ་ལ་བརྟེན་ནས་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་སྡོམ་རྒྱུན་ཟམ་མ་ཆད་པར་ད་བར་དུ་གནས་ཐུབ་པ་དེའོ།།
གཉིས། མཁས་པ་མི་གསུམ་མདོ་སྨད་དུ་མ་ཕེབས་གོང་དུ་མདོ་སྨད་དུ་འདུལ་བའི་བསྟན་པ་སྤེལ་བའི་ལོ་རྒྱུས་ཡིག་ཆ་མི་གསལ་བས། མཁས་པ་མི་གསུམ་གྱིས་བླ་ཆེན་དགོངས་པ་རབ་གསལ་ལ་སྡོམ་པ་གནང་ནས་མདོ་སྨད་དུ་སྡོམ་རྒྱུན་སྤེལ་བ་དེ་ནི་མདོ་སྨད་དུ་འདུལ་བསྟན་གྱི་སྲོལ་བཙུགས་པའི་ཐོག་མ་ཡིན་ནམ་སྙམ། མཁས་པ་མི་གསུམ་དང་བླ་ཆེན་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཨན་ཆུང་གནམ་རྫོང་དང་། རྨ་ཀླུང་རྡོ་རྗེ་བྲག དན་ཏིག ཀ་མདོ་གདོང་དམར་སྣ། ཕུ་ལ་ཡང་རྫོང་། དམར་གཙང་བྲག ཟི་ལིང་གི་ཏཱ་ཧྥོ་ཟི་སོགས་ཡོད་ལ། གནས་དེ་དག་ནི་འདུལ་བའི་བསྟན་པའི་མེ་རོ་མདོ་སྨད་ནས་སོས་པའི་གནས་གཞི་དང་མདོ་སྨད་སངས་རྒྱས་བསྟན་པའི་ཆུ་འགོ་ལྟ་བུ་ཡིན་པར་བརྟེན། ཡུལ་དེ་སོ་སོའི་ཡུལ་མི་དང་བསྟན་འཛིན་ཕྱི་མ་རྣམས་ཀྱིས་གནས་དེ་དག་གི་མཆོད་པ་ད་བར་དུ་མ་ཉམས་པར་རྒྱུན་བསྐྱངས་ཏེ་མཁས་པ་མི་གསུམ་དང་བླ་ཆེན་པོའི་མཛད་རྗེས་དྲན་གསོ་ཞུ་བཞིན་ཡོད་པ་ལགས་སོ།།
གསལ་བཤད།
①⒅《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་2005ལོར་པར་དུ་བསྐྲུན་པའི་《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》ཞེས་པའི་ནང་འཁོད། P30-31.P33 – 34. P36 – 37.
②⑿⒁《མཁས་པ་ལྡེའུ་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》 བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་1987ལོར་པར་དུ་བསྐྲུན། P361.P391. P391.
③《བུ་སྟོན་ཆོས་འབྱུང》 བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད། རྡོ་རྗེ་རྒྱལ་པོས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1988ལོར་པར་དུ་བསྐྲུན། P193.
④《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྒྲིགས་པའི་1988ལོའི་པར་གཞི P443.
⑥⑧⑩⒂《དེབ་ཐེར་སྔོན་པོ》སྟོད་ཆ། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས1984 ལོར་པར་དུ་བསྐྲུན། P89. P99. P93. P91.
⑦《ཆོས་འབྱུང་དཔག་བསམ་ལྗོན་བཟང》སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས 1992 ལོར་པར་དུ་བསྐྲུན། P384.
⑨⑾《མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ》(དཔྱད་རྩོམ) མི་རིགས་དཔེ་སྐྲུན་ཁང་གིས2004ལོར་པར་དུ་བསྐྲུན། P283 . P284.
⒀《བསྟན་རྩིས་གསལ་བའི་ཉིན་བྱེད》མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ1988ལོར་པར་དུ་བསྐྲུན། P63
⒃《མཁས་དབང་ཚེ་ཏན་ཞབས་དྲུང་གི་གསུང་འབུམ》 (གླེགས་བམ་བཅུ་གསུམ)ལས། “ཁོང་རྣམ་པ་གསུམ་གྱི་དངོས་ཀྱི་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའི་འདུལ་བའི་ལས་ཆོག་ཀརྨ་ཤཱ་ཏམ་གྱི་དཔེ་ད་ལྟ་བཀའ་འགྱུར་གྱི་གྲས་སུ་བཞུགས་པ་འདི་གཏད་ནས་འདི་ལྟར་ནུས་ན་རབ་ཏུ་བྱུང་ཆོག་གསུངས།” ཞེས་འདུལ་བའི་དཔེ་དེ་ནི་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའི་《འདུལ་བའི་ལས་ཆོག་ཀརྨ་ཤཱ་ཏམ་》ཡིན་པར་བཤད།
⒄ ཆོས་འབྱུང་མང་པོའི་ནང་དུ“སོག་པོ་མི་དྲུག”ཅེས་འབོད་སྲོལ་ཡོད་ཀྱང་། ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད་པའི་ལོ་རྒྱུས་ཆོས་འབྱུང《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》ལས། “ཟོག་པོ་མི་དྲུག”ཅེས་འབོད་དགོས་ཚུལ་གསུངས་ཡོད་དེ། “དེ་ནས་ཡར་བྱོན་ཏེ་ཟོག་པོ་མི་དྲུག་གིས་སྣ་བླངས་ནས་ཞབས་རྟོག <ཏོག>བྱས་ཏེ་ཆོས་གྲྭ་བཙུགས་པ་ལ། དེ་ཡང་ཟོག་པོ་མི་དྲུག་བྱ་བའི་རྒྱུ་མཚན་ནི། དམར་གཡོ་གཉིས་ལ་རབ་ཏུ་བྱུང་བར་ཞུས་པས། འདེ་འདུན་མ་འཚོག་སྟེ། དེའི་བར་གཟུགས་བཙུན་དུ་བྱས་པས་ཟོག་པོ་མི་དྲུག་བྱ་བར་གྲགས་ལ།”ཞེས་གསུངས་སོ།། 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྒྲིགས་པའི2005ལོའི་པར་གཞི། P35.
⒆《ཆོས་འབྱུང་མཁས་པའི་དགའ་སྟོན》དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ1985ལོར་པར་དུ་བསྐྲུན། P481.
⒇《རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང》ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་2005 ལོར་པར་དུ་བསྐྲུན་པའི་《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》 ཞེས་པའི་ནང་དུ་འཁོད་འདུག P82.