༄༅།། ནེའུ་ཆུང་ལུ་གུའི་ཚར་ཡག་གི་འུར་རྡོ་བཤད་པའི་གླུ།
རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 02-21
ན་མོ་གུ་རུ་དེ་ཝ་ཌཱ་ཀི་ཡེ། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
མགོན་རྗེ་བཙུན་སྒྲོལ་མ་ཐུགས་རྗེ་ཅན། །
སྐྲ་ལན་བུ་ཅན་གྱི་སྒེར་ལྷ་ཡིན། །
ལྷ་དེ་ཡི་ཡན་ལ་འདི་འབོད་མེད། །
གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །
ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །
སེམས་ཉིད་རང་ངོ་ཟིན་པ་ཡི། །
ཉམས་དང་རྟོགས་པའི་ཕ་ཕོགས་སྩོལ། །
ས་འདིའི་ས་ངོ་ལོས་རེ་མཁྱེན། །
ལྕི་སོས་ཡག་གི་ཁ་མདོ་ཡི། །
ཕྱི་ལྟས་སྦྲིས་ཆུང་བསེ་རུ་ལ། །
ནང་དུ་བདེ་མཆོག་སྦས་ཡུལ་རྫོགས། །
ལྷ་སྲས་ཇོ་རུ་འཁྲུངས་པའི་ཡུལ། །
ཨ་མའི་བཞོ་གླུ་སྙན་ས་དང་། །
ལྷ་སྲས་སྐུ་རྩེད་མཛད་ས་རེད། །
ང་དང་ང་ངོ་མ་མཁྱེན་ན། །
སྔོ་ལོ་ཐར་བའི་བུ་མོ་ལ། །
ནེའུ་ཆུང་ལུ་གུའི་ཚར་ཡག་ཟེར། །
ཆུང་ཆུང་ལུ་གུ་འཚོ་རོགས་དང་། །
ཡང་ཆུང་མེ་ཏོག་འཐུ་རོགས་ཡིན། །
རྨི་ལམ་ཉམས་སྣང་གསལ་ལེ་དང་། །
ཤེས་རིག་བློ་ཁོག་ཡངས་ཙམ་ཡིན། །
དེ་ཚོ་ཡིན་ལུགས་འདྲ་མ་ཙམ། །
དེ་ནས་ལྷ་སྲས་ཇོ་རུ་ལགས། །
དཔེ་དང་འདྲ་མ་འདི་འདྲ་འདུག །
དུང་སྒོང་ནང་གི་ཁྱུང་ཕྲུག་དེ། །
གཤོག་རྩལ་རང་བཞིན་ཤུགས་ཀྱིས་རྫོགས། །
གང་བུའི་ནང་གི་མེ་ཏོག་དེ། །
མཛེས་མདངས་རང་བཞིན་ཤུགས་ཀྱིས་རྒྱས། །
སྦྲིས་ཆུང་ནང་གི་ལྷ་ཡི་སྲས། །
རྫུ་འཕྲུལ་སྟོབས་རྩལ་ལྷུན་གྱིས་གྲུབ། །
རིགས་བཞིའི་མཁའ་འགྲོའི་གཅེས་ཕྲུག་ཁྱེད། །
དགུང་ལོ་བཞི་ལ་ངོ་ལྟས་རེད། །
ལས་བཞིའི་འཕྲིན་ལས་ཐོགས་པ་མེད། །
དགྲ་བཞི་ཟིལ་གྱིས་ལོས་ཀྱང་ནོན། །
བདུད་བཞི་དམ་ལ་ལོས་ཀྱང་ཐོགས། །
སྡེ་བཞིའི་མངའ་ཐང་ལོས་ཀྱང་རྒྱས། །
མི་འཇིགས་བཞི་ཡི་ཁྲི་འཕང་ལ། །
མི་རིང་མྱུར་དུ་ལོས་ཀྱང་འགྱིང་། །
དེ་རིང་སྔོ་ལོའི་ནེའུ་ཆུང་ངས། །
སྤྲུལ་བའི་ལྷ་སྲས་ཇོ་རུ་ལ། །
བཀྲ་ཤིས་མཚན་མ་རྫས་ཀྱི་མཆོག །
དགྲ་བླའི་རྟེན་མཁར་དང་པོ་ལ། །
དགྲ་འདུལ་མཚོན་གྱི་ཐོག་མ་སྟེ། །
འུར་རྡོ་མ་མགོན་སྒྱོགས་ཐག་འབུལ། །
ནེའུ་ཆུང་ལུ་གུའི་ཚར་ཡག་ངས། །
ལྷ་དང་བླ་མར་འཕྲིན་བཅོལ་བྱས། །
ལྷ་ཀླུ་གཉན་གསུམ་གྲོགས་ལ་བཀུག །
སྣང་སྲིད་དགྲ་བླ་ཝེར་མ་དང་། །
ཡུལ་སྐྱོང་གཞི་བདག་ལས་ལ་བསྡུས། །
རྟེན་འབྲེལ་སྨོན་ལམ་དཔང་དུ་བཞག །
ལྷག་བསམ་དཀར་པོའི་སེམས་མཆོག་བསྐྱེད། །
ཏིང་ངེ་འཛིན་གྱི་རྩལ་ལ་བརྟེན། །
ཉེར་ལྔ་གསུམ་གྱིས་དུས་བཟང་ལ། །
གནས་ཡུལ་མཁའ་སྤྱོད་ས་སྤྱོད་ཉུལ། །
མཁའ་འགྲོ་སྟོང་ལ་དབུ་སྐྲ་བསླངས། །
སྔ་མོ་དཀར་ཡག་གངས་སྒོ་འགྲིམས། །
གངས་སེང་དཀར་མོའི་གཡུ་རལ་བཙལ། །
ཉི་དྲོས་ཁྲ་ཡག་རྫ་ལམ་བཟུང་། །
བྲེ་སེར་འབྲོང་གི་དཔུང་རྩིད་བླངས། །
དགོང་ཆེན་རྒྱ་རྫོང་ནགས་ལ་ཉུལ། །
དམར་ཡག་སྟག་གི་ཁ་སྤུ་དང་། །
སོག་དཀར་དྲེད་ཀྱི་སྙིང་རྩིད་བསྡུས། །
རྡོ་རྗེའི་རྫས་མཆོག་སྣ་ལྔ་ཡིས། །
དམ་ཅན་འུར་གྱི་རྒྱུ་རྩ་བྱས། །
རོག་ནག་གཡག་གི་རྩིད་རྒོད་དང་། །
གཡང་དཀར་བལ་གྱི་འཇམ་ཤ་བསྣན། །
འུར་རྡོ་ཕ་བོང་སྟོང་འཁོར་བཟོས། །
ཡར་མཆོག་ཡར་ངོ་གསུམ་ལ་བསླས། །
ཡར་ངོ་གསུམ་ལ་དཀར་སླས་བྱས། །
དཀར་སླས་ཆུ་མིག་དགུ་སྒྲིལ་བསླས། །
དཀར་ཕྱོགས་ལྷ་ཞལ་དགྱེས་ལེ་ཡོད། །
མཛུབ་ལུང་བཅོ་ལྔ་གསུམ་ལ་བསླས། །
དམ་ཅན་རྒྱ་མཚོའི་རྟེན་མཁར་བཟོས། །
རང་སྲོག་བྲག་ལས་སྲ་ལེ་ཡོང་། །
མར་མཆོག་མར་ངོ་གསུམ་ལ་བསླས། །
མར་ངོ་གསུམ་ལ་ནག་སླས་བྱས། །
ནག་སླས་ཟུར་མང་སྒང་ཁྲ་བསླས། །
ལེགས་ལྡན་དགྲ་བླའི་སྟོབས་ཤུགས་བཟོས། །
ནག་ཕྱོགས་མགོ་བོ་ནོན་ལེ་ཡོད། །
རྡོ་ལེན་གནམ་སྟོང་གསུམ་ལ་བསླས། །
རྡོ་རྗེའི་མདུད་པ་དགུ་སྒྲིལ་ལ། །
བྲེ་སེར་འབྲོང་གི་ཐོད་ཀོས་དཀྲིས། །
སྲ་བརྟན་རྡོ་ལྕགས་མཉེན་ལྕུག་ལྡན། །
ཚར་ལྕེ་ཉེར་དགུ་གསུམ་ལ་བསླས། །
དགུ་ཟུར་དཔུང་བ་རྣོ་བའི་ཕྱིར། །
གང་ལ་དམིགས་པའི་དགྲ་བགེགས་ལ། །
གནམ་ལྕགས་ཐོག་མདའ་ལྟ་བུ་ཡོད། །
འུར་མཐིལ་འབྲོང་མོའི་རྐན་སླས་ཡིན། །
ཐོ་རེངས་གསུམ་ལ་ཞིབ་མོར་བསླས། །
སྟག་གི་དུས་སུ་བཟོས་པ་ཡིས། །
གཉན་སྟག་འཁོར་བའི་ཕོ་བྲང་དང་། །
ཁྲོ་བོ་འབར་བའི་ཞལ་སྒོ་ནས། །
དགྲ་ཤ་མངོན་གསུམ་ཟ་ལེ་ཡོད། །
རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་ནས། །
ཤེས་རབ་མཚོན་ཆའི་ཡ་གྱལ་ལ། །
བྱིན་གྱིས་རླབས་ཏེ་རབ་གནས་བྱས། །
བསྐོར་ན་ཉི་ཟླ་གཡས་སུ་འཁོར། །
འཕངས་ན་འབྲུག་སྒྲ་ལྡིར་རེ་འགྲོ། །
ཐོག་འབྲུག་གློག་གསུམ་རོལ་དུ་རྒྱུ། །
ཁོབ་སྒྲས་དགྲ་སྙིང་འགས་ལེ་ཡོད། །
འཆང་ན་དགྲ་བླའི་དཔའ་རྫོང་ཡིན། །
བཏགས་ན་བསམ་དོན་ལྷུན་གྱིས་གྲུབ། །
འུར་འདི་ཚངས་པའི་བླ་གནས་ཡིན། །
འུར་འདི་ཝེར་མའི་ལྷ་རྫོང་ཡིན། །
འུར་འདིའི་ཡོན་ཏན་བརྗོད་ལས་འདས། །
འུར་བྱུང་དང་པོ་ལྷ་ལ་བྱུང་། །
ཚངས་སྲས་ཕོ་མོ་སྟོང་གིས་བཟོས། །
ལྷ་དབང་དགྲ་བླའི་ཕྱག་ལ་བཟུང་། །
དྲག་རྩུབ་སྒྱོགས་ཀྱི་དང་པོར་གྱུར། །
ལྷ་མིན་དཔུང་བ་འུར་གྱིས་བཅོམ། །
འུར་བྱུང་གཉིས་པ་བོད་ལ་བྱུང་། །
མངའ་མཛད་ཡབ་ཀྱི་དུས་སུ་བྱུང་། །
ཀྲོག་ཀྲོག་འདྲེ་སྲིན་ཕོ་མོས་བཟོས། །
རྒྱང་ཐུབ་མཚོན་གྱི་ཐོག་མ་ཡིན། །
གཏུམ་ཆེན་སྲོག་ཆགས་སྡེ་དགུ་བཏུལ། །
འུར་བྱུང་གསུམ་པ་གླིང་ལ་བྱུང་། །
ནེའུ་ཆུང་ང་ཡིས་འཕྲུལ་གྱིས་བཟོས། །
ཤེས་རབ་མཚོན་ཆའི་བརྡ་ཐབས་དང་། །
ཇོ་རུའི་ཕྱག་མཚོན་དང་པོ་ཡིན། །
ཕྱི་ཡི་ནག་ཕྱོགས་བདུད་སྲིན་ཐུབ། །
ནང་གི་ཉོན་མོངས་དུག་ལྔ་ཐུབ། །
གསང་བ་བདག་འཛིན་རུ་ཏྲ་ཐུབ། །
མི་ཐུབ་དགྲ་ལ་གཅིག་ཀྱང་མེད། །
རྗེ་བླ་མའི་བསྣམས་ན་གཅོད་འུར་ཡིན། །
ནང་སློང་ཚད་འཁྲུལ་རྩ་དབྱིངས་སུ་གཅོད། །
སྟག་ཤ་རས་བཟུང་ན་དཔའ་ཆས་ཡིན། །
ཕྱི་དགྲ་སྡེའི་བཙན་རྫོང་ཐལ་བར་བཟོ། །
སྨན་བུ་མོས་བཏགས་ན་གཡང་རྟེན་མཆོག །
གཡང་ར་བ་སྒོ་བཞི་རང་འཁོར་ཡིན། །
མཐོ་ལ་ཁའི་ལུག་རྫི་མན་ཆོད་དང་། །
དམའ་ཞིང་མཐའི་བྱིའུ་འགོག་ཡན་ཆོད་ལ། །
འདི་འདོད་དོན་འགྲུབ་པའི་འུར་རྡོ་ཡིན། །
བོད་འཇིག་རྟེན་གངས་རིའི་གླིང་དགུ་ན། །
འུར་ཁྲ་ཐུང་མང་མོད་འདི་འདྲ་མེད། །
འདི་དམ་ཅན་མངོན་མཁོར་རྫོང་རབ་ཡིན། །
བུ་ཇོ་རུའི་སྐུ་དང་འབྲལ་མེད་མཛོད། །
གཟུགས་རགས་པའི་ཕྱོགས་བཞིའི་དགྲ་བཞི་ལ། །
འུར་ཕ་བོང་སྟོང་འཁོར་སྒྱོགས་རྡོ་རྒྱོབས། །
གཟུགས་སྣང་དང་མི་སྣང་འདྲེ་སྲིན་ལ། །
འུར་ཡེ་ཤེས་མེ་ལྕེ་རྣོན་པོ་གཡུགས། །
འུར་དམིགས་བྱ་གང་ལ་གཡུག་ཙམ་གྱིས། །
ཕྱི་རུས་པའི་བསེ་མཁར་ཞིག་ནས་འགྲོ། །
ནང་རྣམ་ཤེས་མར་མེ་འབར་ནས་འགྲོ། །
གསེང་བདེ་ཆེན་ལམ་དུ་ཁྲིད་ནས་འགྲོ། །
གཏམ་སྨྲས་པ་བཞིན་དུ་འགྲུབ་པ་ནི། །
ང་ནེའུ་ཆུང་དབྱིངས་ཕྱུག་ཚར་ཡག་མ། །
དབྱིངས་མཁའ་འགྲོའི་རིགས་སུ་གནས་པ་ཡི། །
བརྡ་རྟེན་འབྲེལ་བསླུ་བ་མེད་པས་ཡིན། །
དོན་ཨེ་གོ་ལྷ་སྲས་རིན་པོ་ཆེ། །
ཁྱེད་དུས་གསུམ་མཁྱེན་པའི་ཡེ་ཤེས་ལ། །
དོན་མང་པོ་གསལ་ཞུ་དགོས་ལེ་མིན། །
འུར་ཁྲ་ཐུང་བསྐོར་བའི་གདུགས་ཞབས་ནས། །
སྐུ་དགྲ་བླའི་དཔའ་རྫོང་བརྟན་པར་ཤོག །
སྐུས་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །
འུར་ཁྲ་ཐུང་འཕངས་པའི་ཁོབ་སྒྲའི་ཁྲོད། །
གསུང་འགག་མེད་འབྲུག་སྒྲ་བརྗིད་པར་ཤོག །
སྒྲ་གྲག་སྟོང་འགྲོ་སྣང་དབང་བསྡུད་ཤོག །
འུར་ཁྲ་ཐུང་འཆང་བ་སྲུང་འཁོར་འོག །
ཐུགས་བདེ་སྟོང་ཉམས་བརྒྱ་འཕེལ་བར་ཤོག །
ཉམས་བདེ་ཆེན་རྒྱུན་ཆད་མེད་པར་ཤོག །
འུར་ཕུལ་བ་ཤེས་རབ་རྫས་མཆོག་ཡིན། །
གླུ་བླངས་པ་རྟེན་འབྲེལ་མཆོད་པ་ཡིན། །
ཚོགས་རྣམ་གཉིས་ངང་གིས་རྫོགས་པར་ཤོག །
རྗེ་ཇོ་རུའི་ཐུགས་ལ་དེ་ལྟར་ཞོག །
འཁྲུངས་གླིང་རྡོ་རྗེའི་རོལ་མོ་ལས་དྲངས།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1