༄༅།། བོད་ཀྱི་སྲོལ་རྒྱུན་པིར་བཟོའི་ལག་རྩལ་སྐོར།
སྨན་གྲོང་ནོར་བུ་སྲིད་ཐར། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 02-22
སྨན་གྲོང་ནོར་བུ་སྲིད་ཐར།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་བཟོ་རྩལ་གྱི་རྒྱུན་ཆད་ལ་ཉེ་བའི་བོད་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་ལ་མེད་དུ་མི་རུང་བའི་སྲོལ་རྒྱུན་གྱི་ལག་ཆ་པིར་རིགས་མི་འདྲ་བ་བཞི་ཙམ་གྱི་ལོ་རྒྱུས་དང་གནས་བབས། དབྱེ་བ་དང་བྱེད་ནུས། བཟོ་རྩལ་དང་ཁྱད་ཆོས། དེ་བཞིན་དེ་དག་སོ་སོའི་རྒྱུ་ཆ་སོགས་ལ་དཔྱད་གླེང་བྱས་ཡོད།
[བརྡ་ཆད་གཙོ་བོ།] གྲ་སྤུའི་པིར་སྣ་ཚོགས། གཟི་པིར། སོལ་པིར། རྡོ་པིར།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] J05[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X (2015)03 - 139 -07
ལོ་རྒྱུས་དང་གནས་བབས་མདོར་བསྡུས།
བོད་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་ལ་མེད་དུ་མི་རུང་བའི་པིར་རིགས་མི་འདྲ་བ་དེ་དག་ནི། ཁ་བའི་ལྗོངས་འདིར་འགྲོ་བ་མིའི་རིགས་བྱུང་བ་དང་རིམ་བཞིན་རིག་པའི་གནས་རྣམས་འཕེལ་རྒྱས་བྱུང་ནས་རྡོའི་ངོས་སུ་སྲོག་ཆགས་ཀྱི་གཟུགས་བརྙན་འབྲི་བརྐོས་དང་། རྫ་ཆས་ལ་སོགས་པའི་འཚོ་བའི་ཡོ་ཆས་སྣ་ཚོགས་ཀྱི་སྟེང་དུ་རྒྱན་རིས་འབྲི་བརྐོས་བྱེད་ཆེད་ལག་ཆ་སྣ་ཚོགས་གསར་གཏོད་བྱས་པ་ལས་བྱུང་བ་ཞིག་ཡིན། ལྷག་པར་དུ་སྤྱི་ལོའི་དུས་རབས་བདུན་པ་ཙམ་ནས་བོད་རྗེ་སྲོང་བཙན་སྒམ་པོས་བོད་དུ་ནང་ཆོས་དར་སྤེལ་གཏོང་གནང་མཛད་པ་དང་། མི་རིགས་གཞན་གྱི་རིག་གནས་ཀྱི་ལེགས་ཆ་བཞེས་གང་ཐུབ་ཀྱིས་བོད་ཀྱི་རིག་གནས་དང་། དཔལ་འབྱོར། དམག་དོན་ལ་སོགས་པ་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་རླབས་ཆེ་བའི་ནུས་པ་འདོན་གནང་མཛད་པར་བརྟེན། བོད་ཀྱི་རི་མོའི་སྒྱུ་རྩལ་དེ་ཡང་ཆབ་སྲིད་དང་། ཆོས་ལུགས། གསོ་རིག་དང་གནམ་རིག་སྐར་རྩིས། གྲགས་ཅན་མི་སྣའི་མཛད་རྣམ་ལ་སོགས་པའི་ནང་དོན་སྣ་ཚོགས་ཀྱིས་མཚོན། ཐང་ཁ་དང་གྱང་ལྡེབས་སོགས་སུ་པིར་གྱི་གཡོ་འགུལ་བརྒྱུད་ཞིབ་ཚགས་ལ་གསོན་ཉམས་དོད་པ་དང་། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སྒོ་ནས་མངོན་པར་བྱས་ཡོད་པ་མ་ཟད། ཚོན་རྒྱུ་ཡང་བོད་རང་ནས་སྔོག་འདོན་གྱིས་ལས་སྣོན་དང་། ཇི་ལྟར་བེད་སྤྱོད་བྱེད་དགོས་མིན་བཅས་ཀྱི་ཐད་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད། ཚོན་རྒྱུ་དེ་དག་ལས་གྲུབ་པའི་ལོ་ངོ་སྟོང་ལ་ཉེ་བའི་གནའ་བོའི་ལྡེབས་རིས་དང་ཐང་ཁ་དེ་རྣམས་ཀྱི་ཚོན་མདོག་ལ་དུ་བ་དང་། ཐལ་རྡུལ། ཆུ་ལ་སོགས་པའི་གནོད་སྐྱོན་བྱུང་བ་ཕུད། རྩ་བའི་ཚོས་གཞིར་འགྱུར་བ་གང་ཡང་མེད་པར་ད་ལྟ་ཡང་ཁྲ་ལྷམ་མེར་མཇལ་ཐུབ་པའི་སྒྱུ་རྩལ་ཞིག་ཏུ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེ་དང་ཆབས་ཅིག་བོད་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་གྱི་དགོས་པ་དང་ཡོངས་སུ་འཚམ་པའི་ལག་ཆ་པིར་གྱིས་གཙོས་ལག་ཆ་སྣ་ཚོགས་གསར་གཏོད་བྱས་ཡོད་པ་མ་ཟད། བཟོ་རྩལ་གྱི་མཛེས་ཆོས་མིག་ལམ་དུ་མཛེས་ལ། རྒྱུ་ཆར་ཡང་དང་དོད་ཆེན་པོ་བྱས་པའི་རི་མོའི་ལག་ཆ་དེ་རིགས་སོ་སོར་བྱེད་ནུས་སམ་ཡང་ན་རྒྱུ་ཆའི་མིང་དང་མཐུན་པའི་ཆེད་སྤྱོད་ཀྱི་ཐ་སྙད་ཀྱང་རེ་རེ་ལྡན་ལ། རིམ་བཞིན་བོད་ཀྱི་ཁྱད་ཆོས་དམིགས་བསལ་ཡོད་པའི་རི་མོའི་ལག་ཆ་ཞིག་ཏུ་གྲུབ་ཡོད། དེས་ན་རང་རེའི་མེས་པོ་ཚོས་རི་མོའི་ལག་ཆ་ཆེ་ཆུང་ཅི་རིགས་དང་། སྤྱོད་ནུས་མི་འདྲ་བ། བཟོ་དབྱིབས་མི་འདྲ་བ་སོགས་ག་རེ་དགོས་ཀྱང་སྐབས་འཕྲལ་དུ་བཟོ་ཐུབ་པ་དེ་ལྟར་ལགས་ཀྱང་། དེང་དུས་ཀྱི་གཞོན་སྐྱེས་རི་མོ་བ་མང་པོས་སྐྱིད་ལུག་དང་། སྟབས་བདེ། ལས་སླ་བཅོས་ཁོ་ནར་བརྟེན་ནས་ཁྲོམ་རའི་ཐོག་ཕྱི་རྒྱལ་དང་རྒྱལ་ནང་སོགས་ནས་ཐོན་པའི་པིར་འདྲ་མིན་འཚོང་རྒྱུ་ཡོད་པ་དེ་དག་ཉོས་ཏེ་ཐང་ཁ་དང་ལྡེབས་རིས་འབྲི་རྒྱུར་འཚམ་མིན་ལ་མི་ལྟོས་པ་དང་། དེ་དག་བེད་སྤྱོད་བྱས་ཚེ་རི་མོའི་སྤུས་ཚད་ལ་དགེ་སྐྱོན་ཡོད་མིན་ཐད་དོ་སྣང་རྩ་བ་ནས་མི་བྱེད་པར་ཨུ་ཚུགས་ཀྱིས་བེད་སྤྱོད་བྱེད་ཀྱི་ཡོད། མ་གཞི་ཁྲོམ་རའི་ཐོག་པིར་ལ་སོགས་པའི་རི་མོའི་ལག་ཆ་སྣ་ཚོགས་བཙོང་རྒྱུ་ཡོད་པ་དེ་དག་གིས་རི་མོ་འབྲི་མཁན་ལ་སྟབས་བདེ་བསྐྲུན་ཐུབ་ཀྱང་། ད་བར་བོད་ཀྱི་སྲོལ་རྒྱུན་རི་མོར་དམིགས་ནས་བཟོས་པའི་པིར་ལ་སོགས་པའི་རི་མོའི་ཡོ་ཆས་ཧ་ལམ་མཐོང་རྒྱུ་མེད་ཅེས་བརྗོད་ཆོག དེར་བརྟེན། སྲོལ་རྒྱུན་གྱི་རི་མོའི་བརྩམ་བྱ་རྩེར་སོན་ཞིག་ཐོན་དགོས་ན་ལག་རྩལ་བྱང་ཆུབ་པ་ཞིག་དགོས་པ་ཕུད། རང་གི་རི་མོའི་འབྲི་སྟངས་དང་མཐུན་པའི་ལག་ཆ་རྩེར་སོན་པ་ཞིག་ངེས་པར་དུ་ཡོད་དགོས། དེའི་ཐད་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། “ཡོན་བདག་རྒྱུ་ལ་མི་བཟབ་པའི། །འབྲས་བུ་བཟང་འདོད་ལྟས་ངན་ཡིན། །བཟོ་བོ་ལག་ཆ་མི་བཟབ་པའི། །བཟོ་ལ་བཟོབས་པ་ལྟས་ངན་ཡིན། །” ①ཞེས་དང་། ཕྲེང་ཁ་པ་དཔལ་ལྡན་བློ་གྲོས་བཟང་པོས་ཀྱང་། “རས་གཞི་ལ་སོགས་རྒྱལ་བའི་ཡུམ་དུ་བསམ། །ལག་ཆ་རྣམས་ཀྱང་ལས་ཀྱི་ལྷར་བསྐྱེད་ནས། །”② ཞེས་སོགས་བསྟན་གནང་ཡོད་ལ། དེ་བཞིན་རི་མོ་བའི་ངག་རྒྱུན་དུ་ཡང་“བཅད་པིར་བཟང་པོ་རྟས་མི་ཁུག་”ཅེས་སོགས་ཤོད་སྲོལ་ཡོད་པ་དེ་དག་གི་ཐོག་ནས་ལག་ཆར་ཧ་ཅང་མཐོང་ཆེན་བྱེད་དགོས་ཚུལ་གསལ་པོར་རྟོགས་ཐུབ་པ་ཡིན། དེ་ལྟར་ནའང་ང་ཚོས་རྒྱུན་དུ་ལག་ཆའི་བཟོ་རྩལ་ཐད་སློབ་སྦྱོང་མ་བྱས་པ་དང་། ལག་ཆ་དེ་དག་བེད་སྤྱོད་མ་བྱས་པར་བརྟེན། དེ་དག་གི་དམིགས་བསལ་སྤྱོད་ནུས་དང་ཁྱད་ཆོས་བཅས་ཀྱི་རིན་ཐང་རྟོགས་ཐུབ་མེད་པ་དང་། དེ་བཞིན་ལག་ཆ་དེ་དག་གི་བེད་སྤྱོད་ཀྱི་ནུས་པ་དང་། ཁྱད་ཆོས། རིན་ཐང་། ལོ་རྒྱུས། བཟོ་རྩལ་སོགས་ཀྱི་སྐོར་ལ་ཞིབ་འཇུག་ཞིབ་ཚགས་བྱས་པའི་ཡིག་ཚང་རྙིང་པ་ཧ་ལམ་མཇལ་རྒྱུ་མེད་ལ། གསར་རྩོམ་གྱི་ནང་དུ་ཡང་བཟོ་སྟངས་མདོར་བསྡུས་ཙམ་ལས་དཔྱད་ཞིབ་གཏིང་ཟབ་བྱས་པའི་དཔྱད་རྩོམ་མིག་ལམ་དུ་མཐོང་དཀོན་པ་བཅས་ནི། མེས་པོས་ཤུལ་དུ་འཇོག་ གནང་མཛད་པའི་ཕུལ་བྱུང་གི་བཟོ་རྩལ་དེ་དག་རྩ་སྟོང་དུ་འགྲོ་རྒྱུའི་རྐྱེན་དུ་གྱུར་ཡོད། དེས་ན་སྲོལ་རྒྱུན་རི་མོའི་ལག་ཆ་དེ་དག་གི་ལོ་རྒྱུས་དང་གནས་བབས། དབྱེ་བ་དང་བྱེད་ནུས། བཟོ་རྩལ་དང་ཁྱད་ཆོས། དེ་བཞིན་རྒྱུ་ཆ་སོགས་ལ་ཞིབ་འཇུག་གཏིང་ཟབ་ཀྱིས་ཡིག་ཆར་ཞིབ་ཏུ་བཀོད་དེ། མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་། སྲུང་སྐྱོབ། བེད་སྤྱོད་བཅས་གང་ལེགས་ཐུབ་པ་བྱ་རྒྱུ་ནི། རྒྱུན་འཛིན་པ་ཚང་མའི་ཕྲག་ཏུ་བབ་པའི་འགན་འཁྲི་གལ་ཆེན་ཞིག་ཏུ་མཐོང་སྟེ། འདིར་ཁོ་བོས་དེའི་སྐོར་གྱི་དཔྱད་ཡིག་ལྟ་ཀློག་དང་། བགྲེས་རབས་ལ་བཅའ་འདྲི། ལྷག་པར་དུ་བཀའ་དྲིན་ཆེ་བའི་བཤེས་གཉེན་ལས་པིར་བཟོའི་ལག་རྩལ་གྱི་དམར་ཁྲིད་དང་མན་ངག་ཐོབ་པ་སོགས་བརྒྱུད། བོད་ཀྱི་རི་མོའི་པིར་གྱི་བཟོ་རྩལ་སྐོར་ཅུང་ཟད་བརྗོད་པར་འདོད་དོ།
དང་པོ། པིར་གྱི་དབྱེ་བ་དང་བྱེད་ནུས།
སྤྱིར་མིའི་རིགས་ཀྱིས་ཡི་གེ་དང་རི་མོ་སོགས་འབྲི་བར་པིར་སྣ་ཚོགས་བཟོས་པ་དང་བེད་སྤྱོད་བྱས་རུང་། དེ་དག་གི་བཟོ་ཚུལ་དང་། བཟོ་བཀོད། རྒྱུ་ཆ། སྤྱོད་ཡུལ། སྤྱོད་ནུས་སོགས་མི་འདྲ་བ་མ་ཟད། དེ་དག་གི་ལོ་རྒྱུས་ཀྱང་མི་འདྲ་བ་ནི་སྨོས་ཅི་དགོས། བོད་ཀྱི་རི་མོ་འབྲི་བྱེད་ཀྱི་པིར་ལ་དབྱེ་ན་ཁག་བཞི་ཙམ་སྟེ། སྤུ་ལས་གྲུབ་པའི་པིར་དང་། ཤིང་མེར་སྲེགས་པ་ལས་བྱུང་བའི་སོལ་པིར། གཟི་གཤགས་རྗེས་རྩེ་རྣོ་ལ་འཇམ་པོར་བཟོས་པའི་གཟི་པིར། དེ་བཞིན་རྡོ་དཀར་མཉེན་པོའམ་རྡོ་རྒྱུས་དཀར་པོ་ལས་བཟོས་པའི་རྡོ་པིར་དང་བཞིའོ། གཅིག སྤུ་ལས་བཟོས་པའི་པིར་ལ་སྤྱིར་རིགས་བཅོ་བརྒྱད་ཙམ་ཡོད་པ་ནི། བཅད་པིར་ལ་ཕྲ་སྦོམ་མི་འདྲ་བ་བཞི་ལྔ་ཙམ་དང་། བྱུག་པིར་ལ་ཕྲ་སྦོམ་མི་འདྲ་བ་བཅུ་གྲངས་ཙམ་དང་། མདངས་པིར་ལ་ཆེ་ཆུང་མི་འདྲ་བ་གསུམ་བཞི་ཙམ་ཡོད་པ་ལས། ༡ བཅད་པིར་ནི་བཅད་རྒྱག་བྱེད་དང་ཞལ་འབྱེད་སྤྱན་དབྱེ་སོགས་ཞིབ་ཚགས་ཤོས་ཀྱི་རི་མོ་འབྲི་བྱེད་ཀྱི་པིར་ཞིག་ཡིན་པས། སྤྱོད་ཡུལ་མི་འདྲ་བར་གཞིགས་ནས་ཕྲ་སྦོམ་བཞི་ནས་ལྔ་བར་བཟོ་དགོས་ཀྱི་ཡོད། ༢ བྱུག་པིར་ནི་ཐང་ག་དང་ལྡེབས་རིས་ལ་སོགས་པའི་སྐྱ་རིས་ཀྱི་འཆར་བཀོད་ཡོངས་སུ་ཟིན་རྗེས་ཚོན་འབྱུག་བྱེད་ཀྱི་པིར་ཞིག་ཡིན་པས་ན་བྱུག་པིར་ཞེས་འབོད་པ་དང་། དེ་ཡང་སྤྱོད་ཡུལ་དང་བསྟུན་ནས་ཆེ་ཆུང་སྣ་ཚོགས་བཟོ་ཆོག ༣ མདངས་པིར་ནི་རློན་མདངས་རྒྱག་སྐབས་སྤྱོད་བྱེད་ཀྱི་པིར་ཞིག་ཡིན། མདངས་ཞེས་པ་ནི་སྲོལ་རྒྱུན་གྱི་རི་མོའི་འབྲི་ལུགས་ལྟར་ན་ཚོན་མདོག་གཉིས་སམ་གསུམ་ཙམ་ཚོན་མདོག་སྣུམ་ས་ནས་སྐྱ་སར་ཡལ་བ་ལྟར་བཟོ་བའི་ཐབས་རྩལ་ཤིག་གོ (གསལ་བཤད། གྲ་སྤུའི་པིར་རིགས་ནང་སྐྱ་ཚོན་དང་ཤིང་ཚོན་གཏོང་རྒྱུར་སྤྱོད་པའི་ཕག་ཟེ་དང་། སོལ་ལེབ། (གཙང་ཁུལ་དུ་ཁ་བབ་ཀྱང་བརྗོད། )དེ་བཞིན་རྩྭ་ནེར་མ་ལས་བཟོས་པའི་ནེར་པིར་བཟོ་ཚུལ་སོགས་དཔྱད་རྩོམ་འདིའི་ནང་བཀོད་མེད། )གཉིས། སོལ་པིར་ནི་སྐྱ་རིས་སློབ་སྦྱོང་བྱེད་མཁན་དང་དངོས་གཞིའི་རི་མོ་འབྲི་མཁན་ཚང་མར་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཡིན། སོལ་པིར་ལ་ཕྲ་སྦོམ་གཉིས་ཙམ་དགོས་པ་ལས་ལྡེབས་རིས་འབྲི་བྱེད་ཀྱི་སོལ་པིར་ནི་སྤོམ་ཙམ་དང་། ཐང་ག་འབྲི་བྱེད་ཀྱི་སོལ་པིར་ནི་ཕྲ་ཙམ་བཟོ་དགོས་པའོ། གསུམ། གཟི་པིར་ནི་ཐང་ཁ་དང་ལྡེབས་རིས་སོགས་ལ་གྲང་གསེར་སྤྱོད་སྐབས་འོད་མདངས་དང་རི་མོ་གཉིས་འདོན་བྱེད་ཀྱི་ལག་ཆ་མེད་དུ་མི་རུང་བ་ཞིག་ཡིན་ལ། རིན་ཐང་ཆེ་བའི་ལག་ཆ་ཞིག་ཀྱང་ཡིན་ནོ། བཞི། རྡོ་པིར་ནི་སོལ་པིར་གྱིས་སྐྱ་རིས་འབྲི་སའི་ཁྱབ་ཁོངས་མ་ཡིན་པའི་ཚོས་གཞི་སྣུམ་པོའི་ངོས་སུ་ཐོག་མའི་རི་མོ་འཆར་བཀོད་བྱེད་རྒྱུར་མེད་དུ་མི་རུང་བའི་པིར་ཞིག་ཡིན།
གཉིས་པ། བཟོ་རྩལ་དང་། ཁྱད་ཆོས། རྒྱུ་ཆའི་སྐོར།
གཅིག གྲ་སྤུའི་པིར་གྱི་སྐོར།
“བཅད་པིར་གྱི་གྲ་སྤུ་ནི་ཁྱིམ་དུ་གསོས་པའི་ཞི་མི་དང་རི་ཞུམ་དཀར་དམར་སེར་གསུམ་གྱི་གྲ་སྤུའམ་སྲེ་མོང་གི་མཇུག་མའི་གྲ་སྤུ་དགོས་ཀྱི་ཡོད། རི་ཞུམ་དང་སྲེ་མོང་གི་གྲ་སྤུ་ནི་དེ་དག་ཤི་བའི་རོ་བཙལ་རྙེད་ཐུབ་ན་སྤྱོད་ཀྱི་ཡོད་པ་ལས་ཆེད་དུ་སྲོག་གཅོད་བྱེད་སྲོལ་རྩ་བ་ནས་མེད་ལ། ཁྱིམ་དུ་གསོས་པའི་ཞི་མིའི་སྤུ་ཡང་དུས་གཅིག་ལ་པིར་གསུམ་བཞི་བཟོ་ཐུབ་ཙམ་ཇེམ་ཙེས་ག་ལེར་བྲེག་པ་ལས། སྤུ་འཐེན་ནས་ལེན་པ་དང་། དུས་གཅིག་ལ་གང་འདོད་དུ་མང་པོ་བྲེག་མི་རུང་ངོ་། པིར་བཟོ་ཆེད་གསོས་པའི་ཞི་མི་ནི་བསོད་ནམས་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གང་ལགས་ཤེ་ན། དེ་ནི་དུད་འགྲོ་གཞན་དང་མི་འདྲ་བར་རང་ཉིད་ཀྱི་ལུས་སྟེང་གི་སྤུ་འདིས་སངས་རྒྱས་ཀྱི་སྐུ་བརྙན་བཞེངས་རྒྱུར་ཕན་ཐོགས་པ་དེས་སྐྱེ་བ་ཕྱི་མར་བག་ཆགས་བཟང་པོ་འཇོག་ཐུབ་པ་མ་ཟད། ཚེ་འདིའི་སྡོད་ས་དང་ལྟོ་ཆས་ཀྱང་ལྷ་བཟོ་བ་དང་གཉིས་སུ་མ་མཆིས་པ་དེ་ཡིན་”③ ཞིང་། བཅད་པིར་ངེས་པར་དུ་གྲ་སྤུ་དེ་དག་རང་གིས་བཟོ་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། སྤུ་དེ་དག་གི་ཕྲ་སྦོམ་དང་མཉེན་གྱོང་འཚམ་ཤོས་ཡིན་པར་བརྟེན། དེ་དག་གི་བཟོས་པའི་པིར་ནི་མཉེན་གྱོང་འཚམ་པ་དང་། པིར་རྩེའི་ཁ་མི་འཐོར་བ། བེད་སྤྱོད་བདེ་བ། འཕྲོ་ལྷག་མགྱོགས་པོ་མི་འགྲོ་བ་བཅས་ཀྱི་ཁྱད་ཆོས་མང་པོ་ལྡན་ཡོད་པས་ཡིན། གྲ་པིར་གྱིས་ཞལ་འབྱེད་སྤྱན་དབྱེ་སོགས་ཤིན་ཏུ་ཞིབ་ཚགས་པའི་རི་མོའི་ལས་ཀའི་སྐབས་དམིགས་བསལ་གྱི་ནུས་པ་ཆེན་པོ་ཐོན་ནས་བརྩམ་བྱ་སྤུས་ལེགས་ཡོང་རྒྱུར་ཆ་རྐྱེན་བཟང་པོ་མཁོ་འདོན་ཐུབ་ཀྱི་ཡོད་པ་ནི་ཐང་ཁ་དང་ལྡེབས་རིས་ཀྱི་བརྩམ་བྱ་རྙིང་པ་དག་ལས་མཁྱེན་ཐུབ། གྲ་སྤུ་དེ་ཡང་རྩེ་མོར་སྐྱོན་མེད་ཅིང་ཡོ་འཁྱོག་ཕྲན་ཙམ་ཡང་མེད་པའི་སྤུ་རྐང་རེ་རེ་བཞིན་བདམས་དགོས་པ་དང་། དེ་རྗེས་“གྲ་ཐིག་”ཅེས་སྨྱུག་མ་ཕྲ་སྦོམ་མཛུབ་མོ་ཙམ་གྱི་ཚིགས་དང་བཅས་པར་རིང་ཐུང་ལིའི་རྨི་གཉིས་ཙམ་ཡོད་པ། ནང་ངོས་ཀྱི་མཐིལ་སྙོམས་ལ་འཇམ་པོ་ཡོད་པ་ཞིག་གམ། ཡང་ན་རྫ་རྒྱུ་ལས་གྲུབ་པའི་བཟོ་ལྟ་གྲུ་བཞིའམ་སྒོར་མོ་གང་རུང་ཞིག་གི་དཀྱིལ་ངོས་སུ་ཁ་ཞེང་ལ་ལིའི་རྨི་གཅིག་ཙམ་དང་གཏིང་ཚད་ལ་ལིའི་རྨི་གཉིས་ཙམ་ཡོད་པའི་ཁུང་བུའི་མཐིལ་ངོས་ཤིན་ཏུ་སྙོམས་ལ་འཇམ་པ་ཞིག་གི་ནང་དུ་འདེམས་སྒྲུག་ཟིན་པའི་སྤུའི་རྩེ་མོ་རྣམས་བཅུག་པ་དང་། སྤུ་རྩར་སྤོས་ཐལ་ལམ་གོ་ཐལ་བླུགས་ནས་ཤུགས་ཆུང་ངུས་རྡེབ་རྡེབ་བཏང་སྟེ་སྤུ་རྩེ་རྣམས་གྲལ་སྒྲིག་པོ་བཟོ་དགོས། དེར་གྲ་ཐིག་རྒྱག་པ་ཞེས་བརྗོད། སྤུ་རྩེ་རྣམས་གྲལ་སྒྲིག་པོ་བྱུང་རྗེས་སྤྱིན་ཆུ་བྱུགས་ནས་སྐམ་དགོས། པིར་གྱི་ཡུ་བའམ་པིར་རྐང་གི་རྒྱུ་ཆ་ནི་ཙན་དན་དཀར་དམར་རམ་ཤུག་པ། སྐྱེར་པ་བྱུང་ཚེ་རབ་དང་། དེ་མིན་སྨྱུག་མ་སོགས་ཀྱིས་ཀྱང་རུང་ངོ་། པིར་གྱི་རིང་ཐུང་ནི་ལིའི་རྨི་ཉི་ཤུ་རྩ་སུམ་ཙམ་དགོས་པ་དང་། དབྱིབས་ནི་སྤོམ་སར་ཧའོ་རྨིའི་གསུམ་ཙམ་ཡོད་པ་ནས་རིམ་བཞིན་ཕྲ་པོ་བཟོ་དགོས་ཤིང་།
སྦོམ་སར་སྤུའདོགས་སའི་ལྕེ་རྩེ་ཕྲ་པོ་ཞིག་བཟོ་དགོས། དེ་ལྟར་སྤུ་དང་པིར་རྐང་གྲ་སྒྲིག་ལེགས་པར་ཟིན་རྗེས། པིར་ཁ་རིང་ཐུང་རང་གི་དགོས་མཁོ་ལྟར་སྐམ་ཟིན་པའི་སྤུའི་རྩ་བ་ནས་བཅད་རྗེས། སྤུ་འདོགས་སའི་ལྕེ་རྩེར་སྤྱིན་ཆུ་བྱུགས་ཏེ་འགྱིག་རྒྱུ་མ་འདྲེས་པའི་དར་སྐུད་ཀྱིས་གྲ་སྤུ་ཡོ་འཁྱོག་རྩ་བ་ནས་མེད་པར་གཟབ་ནན་གྱིས་ལེགས་པར་བསྡམ་དགོས། གྲ་སྤུ་དྲང་པོར་སྡོམ་མ་ཐུབ་ཚེ། པིར་བེད་སྤྱོད་ཡག་པོ་བྱེད་མི་ཐུབ་པས་ངེས་པར་དུ་ཡིད་གཟབ་ཆེན་པོ་བྱ་དགོས། པིར་ཕྲ་ཙམ་དགོས་ཚེ། སྤུ་སྐོན་སའི་ལྕེ་རྩེ་ཕྲ་ཙམ་བཟོས་ནས་སྤུ་ཉུང་ཙམ་སྤྱད་ན་ཆོག་ཅིང་། སྤོམ་པོ་དེ་ལས་ལྡོག་པའོ། བྱུག་པིར་གྱི་བཟོ་སྟངས་ནི་གོང་ཞུས་ཀྱི་བཅད་པིར་དང་མཚུངས་ཤིང་། སྤུའི་རྒྱུ་ཆ་ནི་ར་ཡི་ལག་པའི་ནང་ངོས་ཀྱི་སྤུ་ལེགས་གྲས་བདམས་ན་ཆོག་ལ། འབྲོག་ཁུལ་གྱི་རྟ་ཡི་མགྲིན་པའི་སྤུ་ཡིས་བཟོས་ཀྱང་ཆོག་གོ མདངས་པིར་ནི་རློན་མདངས་རྒྱག་སྐབས་སྤྱོད་བྱེད་ཀྱི་པིར་ཞིག་ཡིན་ཅིང་། སྤུ་དང་ཡུ་བ་སོགས་ནི་གོང་གི་བྱུག་པིར་ལྟར་ལ། སྤུ་སྐོན་སའི་རྩེ་མོ་ལེབ་ཙམ་བཟོས་པ་དང་དར་སྐུད་ཀྱིས་སྡོམ་སྐབས་ལེབ་མོ་ཡོང་ཐབས་བྱེད་དགོས། ཆེ་ཆུང་ནི་སྤྱོད་ཡུལ་གྱི་དགོས་པར་གཞིགས་ནས་རང་འདོད་དུ་བཟོ་ཆོག “ པིར་རྐང་ངམ་པིར་ཡུ་ཙན་དན་དང་ཤུག་པ་སོགས་དྲི་བཟང་ལྡན་པའི་ཤིང་གིས་བཟོས་ཚེ་དྲི་བཟང་དེར་མི་གཙང་བ་ཐམས་ཅད་སེལ་བའི་ཕན་ནུས་ལྡན་ཡོད་པ་དང་། སྐྱེར་པ་ནི་བསིལ་བའི་རང་བཞིན་གྱི་ཤིང་སྨན་གྱི་རིགས་ཞིག་ཡིན་པས། དེའི་བར་ཤུན་ལས་གྲུབ་པའི་ཁཎྡ་ནི་མིག་ནད་ཀུན་ལ་ཕན་པ་ཞིག་ཡིན་ཚུལ་གསོ་བ་རིག་པའི་གཞུང་ལས་བསྟན་པ་དང་། བོད་ཀྱི་རི་མོ་བས་པིར་རྣ་བའི་གོང་དུ་གཟེར་སྲོལ་ཡོད་པ་དེ་ཡང་། ཐོག་མར་པིར་རྐང་སྐྱེར་ཤིང་ལས་གྲུབ་པའི་པིར་དེ་དག་རྣ་བའི་གོང་དུ་གཟེར་ཚེ། དེས་མིག་རྩ་བསིལ་པོ་བཟོས་ཏེ་མིག་ངལ་གསོ་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་ཤེས་ནས་གཟེར་བ་ཞིག་ཡིན་ཀྱང་། རིམ་བཞིན་པིར་ཡོད་རྣ་གོང་དུ་གཟེར་སྲོལ་དར་བ་ཞིག་ཡིན།” ④“དེ་བཞིན་གོང་ཞུས་པིར་རྣམས་ཀྱི་སྤུའི་ཚོས་མདོག་ཀྱང་ནག་པོ་རྩ་བ་ནས་སྤྱོད་མི་རུང་། གང་ལགས་ཤེ་ན། སྤུ་ནག་པོའི་པིར་གྱིས་ལྷ་སྐུ་བཞེངས་ཚེ། དེར་ཡེ་ཤེས་མི་འཇུག་ཅེས་ཆོས་ལུགས་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་སྲོལ་ཡོད་པ་”⑤ཅེས་གསུངས་པ་དེ་ཡང་དོ་སྣང་དང་བརྩི་སྲུང་བྱ་དགོས་པའི་གནད་ཅིག་ཏུ་མཐོང་ངོ་།
གཉིས། སོལ་པིར་གྱི་སྐོར།
སོལ་པིར་གྱི་རྒྱུ་ཆ་ཤིང་ནི་གང་བྱུང་དུ་ཤིང་གསར་པ་གཅོད་མི་དགོས་པར་རི་རྩེ་དང་ཁང་སྟེང་སོགས་སུ་བཙུགས་པའི་དར་ཤིང་རྙིང་པ་སྤྱད་ན་ཆོག ཤིང་གི་རིང་ཐུང་ལ་ལིའི་རྨི་ཉི་ཤུ་ཙམ་དང་ཟ་ཐུར་གྱི་ཕྲ་སྦོམ་ཙམ་དགོས་ཤིང་། དེ་ཡང་ལྕགས་མདོང་ཕྲ་སྦོམ་འཚམ་པོ་ཞིག་གི་ནང་ཚགས་དམ་པོས་རྐྱང་དགོས་པ་ཡང་སོལ་པིར་ཀྱོག་ཀྱོག་མི་ཆགས་པའི་ཆེད་དུ་ཡིན། དེ་རྗེས་ལྕགས་མདོང་གི་མགོ་མཇུག་གཉིས་སྐམ་རློན་རན་པའི་འདག་བག་གིས་ལེགས་པར་བཀག་སྟེ་དུ་བའམ་དབུགས་ཕྱིར་མི་ཐོན་པ་བྱེད་དགོས། གལ་ཏེ་དབུགས་ཕྱིར་ཐོན་ཚེ་སོལ་པིར་སོབ་སོབ་ཆགས་ནས་རི་མོ་འབྲི་རྒྱུར་ཕན་མི་ཐོགས། མགོ་མཇུག་གི་ཁ་ལེགས་པར་བཀག་ཟིན་རྗེས་མེ་ཐབ་ནང་ལྕགས་གདོང་དམར་པོ་མ་ཆགས་བར་བསྲེག་དགོས་པ་དང་། དམར་པོ་ཆགས་རྗེས་ཕྱིར་བཏོན་ཏེ་ས་འོག་ཏུ་བཅུག་ནས་གྲང་མོ་བཟོས་རྗེས་ག་ལེར་ཁ་ ཕྱེ་ནས་བེད་སྤྱོད་བྱེད་ཆོག དེ་སྔོན་ལྕགས་རིགས་ཀྱི་ཆ་རྐྱེན་འཛོམས་པོ་མེད་སྐབས་རྫ་རྒྱུ་ལས་གྲུབ་པའི་རིང་ཐུང་ལ་ལིའི་རྨི་ཉི་ཤུ་རྩ་ལྔ་ཙམ་དང་ཁ་ཞེང་ལ་ལིའིེ་རྨི་བཞི་ཙམ་ཡོད་པའི་རྫ་མདོང་ནང་སྲེག་སྲོལ་ཡང་ཡོད། དེས་ན་སྐྱ་རིས་ངེས་པར་དུ་སོལ་པིར་གྱིས་འབྲིང་དགོས་དོན་གང་ཡིན་ནམ་ཞེ་ན། དེར་ཞ་སྨྱུག་གིས་བྲིས་པ་ལས་དགེ་མཚན་གསུམ་གྱིས་མང་བ་ཡོད་པས་ཡིན་ཏེ། ༡ སོལ་པིར་གྱི་རི་མོར་བཟོ་བཅོས་བྱེད་སྐབས་ཧ་ཅང་སྟབས་བདེ་བས་རི་མོའི་སྤུས་ཚད་ལེགས་པོ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་དང་། ༢ཞ་སྨྱུག་གིས་བྲིས་པའི་རི་མོ་ལ་བཟོ་བཅོས་བྱེད་སྐབས་ངེས་པར་དུ་སུབ་འགྱིག་བེད་སྤྱོད་བྱེད་དགོས་སྟབས། དེས་རས་གཞིའི་ངོས་ནས་སྤུ་ལངས་ཀྱི་ཡོད་སྟབས་བཅད་རྒྱག་སྐབས་ཤར་རེར་འཐེན་མི་ཐུབ་པའི་སྐྱོན་ཆེན་པོ་ཡོང་གི་ཡོད། སོལ་པིར་གྱིས་སྐྱ་རིས་འབྲི་སྐབས་སུབ་འགྱིག་སྤྱོད་མི་དགོས་ལ། སྤུ་ཡང་ལངས་མི་སྲིད་པས་བཅད་རྒྱག་རྒྱུར་འགོག་རྐྱེན་གང་ཡང་ཡོང་གི་མེད། དེ་བཞིན་ལྡེབས་རིས་ཀྱི་སྐྱ་རིས་ནི་ཞ་སྨྱུག་གིས་ཧ་ལམ་འབྲི་མི་ཐུབ་པ་ཞིག་ཡིན་ཞིང་། གལ་ཏེ་ཨུ་ཚུགས་ཀྱིས་བྲིས་ཏེ་སུབ་འགྱིག་གིས་བཟོ་བཅོས་ཐེངས་མང་བྱས་ཚེ། ཞལ་བར་སྐྱོན་ཤོར་ཏེ་ཚོན་བྱུགས་ནས་དུས་ཡུན་གང་ཙམ་སོང་རྗེས་ལྡེབས་རིས་གོག་འགྲོ་བ་ནི་ལག་ལེན་དངོས་ལས་ཐོབ་པའི་མྱོང་བ་ལས་ར་སྤྲོད་བྱེད་ཐུབ། ༣ སོལ་པིར་ནི་འབྲི་ཡུལ་དང་བསྟུན་ནས་ཕྲ་སྦོམ་གང་དགོས་རང་འདོད་ལྟར་བཟོ་ཆོག་སྟེ། ལྡེབས་རིས་སོགས་རི་མོ་ཆེན་པོ་འབྲི་སྐབས་སོལ་པིར་སྦོམ་ཙམ་གྱིས་སྟབས་བདེ་པོའི་ངང་འབྲི་ཆོག་པ་ལྟ་བུ་དང་། ལྷག་པར་དུ་དར་གོས་དང་རས་སོགས་འབྲི་གཞི་སོབ་སོབ་ཡིན་པའི་ངོས་སུ་ཐོག་མའི་སྐྱ་རིས་ནི་སོལ་པིར་ཁོ་ན་ལས་གཞན་ཞ་སྨྱུག་ལ་སོགས་པས་འབྲི་ཐབས་བྲལ་བ་བཅས་སོ།
གསུམ། གཟི་པིར་གྱི་སྐོར།
གཟི་པིར་ནི་ཐང་ག་དང་ལྡེབས་རིས་སོགས་ལ་གྲང་གསེར་སྤྱོད་སྐབས་འོད་མདངས་དང་རི་མོ་ཆབས་ཅིག་ཏུ་འདོན་བྱེད་ཀྱི་ལག་ཆ་མེད་དུ་མི་རུང་བ་ཞིག་ཡིན། དེ་ནི་རང་བྱུང་གི་གཟིའམ་ཡང་ན་མཆོང་སོགས་དུམ་བུར་གཤགས་ནས་རྩེ་མོ་རྣོ་ཞིང་འཇམ་པོ་བཟོས་པ་ལས་བྱུང་བ་ཞིག་ཡིན། “ཆ་རྐྱེན་ལྡན་ཚེ་གཟི་ངོ་མའི་གཟི་པིར་བཟོ་ཐུབ་ཚེ་གསེར་གྱི་འོད་མདངས་དེ་བས་ཆེ་བ་ཡོད་ཚུལ་མེས་པོ་གོང་མའི་ངག་རྒྱུན་ལས་ཐོས་སོ་” ⑥ཞེས་གུས་པའི་སློབ་དཔོན་མཆོག་ནས་གསུངས། “གཟི་པིར་གྱི་ཡུ་བ་ནི་ཙན་དན་དཀར་དམར་རམ་གླང་ཆེན་གྱི་མཆེ་བ་སོགས་ཀྱིས་བཟོ་སྲོལ་ཡོད་ལ། གཟི་དང་ཡུ་བའི་སྦྲེལ་བྱེད་ནི་གསེར་རམ་དངུལ་དང་ཟངས་སོགས་ཀྱིས་བྱེད་པ་མང་ཞིང་། དེའི་སྟེང་གཡུ་དང་བྱུ་རུ་ཆུང་ངུའི་ཕྲ་ཡིས་བརྒྱན་པ་སོགས་བྱས་པས། བཟོ་བཀོད་མིག་ལམ་དུ་མཛེས་ལ་བེད་སྤྱོད་སྟབས་བདེ་བ་མ་ཟད། དེ་ནི་རིན་གོང་ཆེ་བའི་རི་མོའི་ལག་ཆ་ཞིག་ཀྱང་ཡིན། ལག་ཆ་དེ་རིགས་ཐང་གའི་ཐོག་ཏུ་བེད་སྤྱོད་བྱེད་སྐབས་ངེས་པར་དུ་མཁྲེགས་ཤིང་ལས་གྲུབ་པའི་“གཟི་སྤང་”ཞེས་པ་རིང་ཚད་ལ་ལིའི་རྨི་བཅོ་ལྔ་ཙམ་དང་ཞེང་ཚད་དུ་ལིའི་རྨི་བཅུ་ལྷག་ཙམ་ཡོད་པའི་སྤང་ལེབ་ངོས་ཤིན་ཏུ་འཇམ་པོ་ཞིག་གིས་ཐང་གའི་རྒྱབ་ངོས་ཏེ། གཟི་རྒྱག་སའི་ཁ་ཐུག་ནས་བརྟེན་དགོས་པ་དང་། ལྡེབས་རིས་སྟེང་གཟི་པིར་བེད་སྤྱོད་བྱེད་སྐབས་སྤང་ལེབ་མི་དགོས་པར་ཐད་ཀར་སྤྱད་ན་ཆོག་གོ
བཞི་། རྡོ་པིར་གྱི་སྐོར།
རྡོ་པིར་གྱི་རྒྱུ་ཆ་ནི་རྡོ་རྒྱུས་སམ་རྡོམཉེན་པོ་ཚོན་མདོག་དཀར་པོ་ཞིག་དགོས་པ་དང་། རི་མོ་འབྲི་ཡུལ་གྱི་དགོས་མཁོ་དང་འཚམ་པའི་ཕྲ་སྦོམ་གང་དགོས་བཞིན་རིང་ཚད་ལ་ལིའི་རྨི་བཅུ་ཙམ་ཡོད་པ་ཞིག་གཤགས་རྗེས། ཅུང་རིལ་ཙམ་བཟོས་ཚེ་རི་མོ་འབྲི་སྐབས་སྟབས་བདེ་བར་མངོན། དེ་ཉིད་ནག་ཐང་དང་། མཚལ་ཐང་། མགོན་ཁང་ནང་གི་གྱང་ངོས་ནག་པོའི་སྟེང་སྐྱ་རིས་འབྲི་སྐབས་སྤྱོད་པ་མང་ཞིང་། དེ་བཞིན་ཚོན་མདོག་ཁ་སྣུམ་པོའི་སྟེང་གསེར་རིས་རྒྱས་པོ་འབྲི་སྐབས་ཐོག་མའི་རི་མོའི་འཆར་བཀོད་བྱེད་རྒྱུ་སོགས་ལ་ནག་ནོག་གི་རྣམ་པ་ཆེར་མི་མངོན་པར་རི་མོའི་ནང་དོན་རྣམས་སྟབས་བདེ་པོའི་ངང་འབྲི་ཐུབ་རྒྱུར་དམིགས་བསལ་གྱི་ནུས་པ་དང་ཁྱད་ཆོས་མངོན་ཐུབ་ཀྱི་ཡོད།
གསུམ་པ། པིར་གྱི་གྲུབ་ཚུལ།
གཅིག གྲ་སྤུའི་པིར་བཟོ་བྱེད་ཀྱི་རྒྱུ་ཆ་དང་ཡོ་ཆས་གཙོ་བོ་ནི། ཁྱིམ་དུ་གསོས་པའི་ཞི་མི་དང་རི་ཞུམ་དཀར་དམར་སེར་གསུམ་གྱི་གྲ་སྤུ་དང་། སྲེ་མོང་གི་མཇུག་མའི་སྤུ། རའི་ལག་པའི་ནང་ངོས་ཀྱི་སྤུ། འབྲོག་ཁུལ་གྱི་རྟའི་མགྲིན་པའི་སྤུ་སོགས་དང་། པིར་གྱི་ཡུ་བར་ཙན་དན་དཀར་དམར་དང་། ཤུག་པ། སྐྱེར་པ། སྨྱུག་མ་སོགས་དང་། དེ་བཞིན་དར་སྐུད། སྦྱིན། གྲི ཇེམ་ཙེ། ཀོ་སག སྤོས་ཐལ། གོ་ཐལ། གྲ་ཐིག ཆུ་བཅས་སོ། གཉིས། སོལ་པིར་བཟོ་བྱེད་ཀྱི་རྒྱུ་ཆ་དང་ཡོ་ཆས་གཙོ་བོ་ནི། དར་ཤིང་དང་། ཤིང་པད་མ། གྲི ལྕགས་དུང་། རྫ་མདོང་། སོག་ལེ། འདག་བག མེ་ཐབ་བཅས་སོ། གསུམ། གཟི་པིར་བཟོ་བྱེད་ཀྱི་རྒྱུ་ཆ་དང་ཡོ་ཆས་གཙོ་བོ་ནི། གཟི་དང་། མཆོང་། གསེར། དངུལ། ཟངས། གཡུ། བྱུ་རུ། ཙན་དན་དཀར་དམར། གླང་ཆེན་གྱི་མཆེ་བ། སྐམ་པ། སོག་ལེ། ཇེམ་ཙེ། རྩུབ་རྡར། འཇམ་རྡར། ལ་ཆ་བཅས་སོ། བཞི། རྡོ་པིར་བཟོ་བྱེད་ཀྱི་རྒྱུ་ཆ་དང་ཡོ་ཆས་གཙོ་བོ་ནི། རྡོ་རྒྱུས་སམ་རྡོ་མཉེན་པོ་ཚོན་མདོག་དཀར་པོ་ཞིག རྡོ་བྲེག་བྱེད་ཀྱི་སོག་ལེ། ཀོ་སག་བཅས་སོ།
བཞི་པ། དར་ཡུལ།
པིར་བཟོའི་ལག་རྩལ་གྱི་དར་ཡུལ་གཙོ་བོ་བོད་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་དར་ཁྱབ་བྱུང་བའི་ས་ཁུལ་ཁག་ཏུ་ཡིན་ཏེ། དེ་ཡང་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱིས་གཙོས་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཡུན་ནན། ཕྱི་སོག་འབྲུག་ཡུལ། བལ་ཡུལ། འབྲས་ལྗོངས། རྒྱ་གར་སོགས་ཀྱི་ཡུལ་དུ་ཡིན།
མཇུག་གི་གཏམ།
པིར་བཟོའི་བཟོ་རྩལ་ནི་རི་མོ་བ་དང་དུས་ནམ་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཅིང་། རི་མོའི་བརྩམ་བྱ་རྩེར་སོན་ཞིག་དགོས་ཚེ། ངེས་པར་དུ་ལག་རྩལ་གྱི་ཆུ་ཚད་གཟེངས་སུ་ཐོན་པ་ཞིག་དགོས་པ་ཕུད། ད་དུང་ཚོན་རྒྱུ་སྤུས་དག་དང་། ལག་ཆ་རྩེ་གྲ་ཞིག་མེད་ན་དེ་ལྟར་འགྲུབ་ཐབས་བྲལ། དེར་བརྟེན་ང་ཚོ་བོད་ཀྱི་སྲོལ་རྒྱུན་གྱི་རི་མོ་བ་ཚང་མས་རི་མོའི་ལག་རྩལ་དང་རིག་གཞུང་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་སྲོལ་རྒྱུན་གྱི་ལག་ཆའི་བཟོ་རྩལ་དེར་ཡང་སློབ་སྦྱོང་ནན་ཏན་བྱས་ཏེ། མེས་པོ་གོང་མ་རྣམས་དང་འདྲ་བར་རང་གི་ལག་ཆ་རང་གིས་བཟོ་ཐུབ་པ་དང་བེད་སྤྱོད་བྱེད་ཐུབ་པ་ཞིག་བྱུང་ཚེ། དེ་ནི་རང་ཉིད་ཀྱི་རི་མོའི་བརྩམ་བྱའི་སྤུས་ཚད་གང་འདྲ་ཞིག་ཡོང་མིན་དང་ཐད་ཀར་འབྲེལ་བ་ངེས་ཅན་ཡོད་པ་མ་ཟད། བཟོ་རྩལ་དེ་རྒྱུན་འཛིན་སྲུང་སྐྱོབ་ཐུབ་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཀྱང་ཡིན། དེས་ན་ཁོ་བོས་ཀྱང་སློབ་དཔོན་དམ་པས་བསྩལ་བའི་ལག་ལེན་དམར་ཁྲིད་དང་། མན་ངག རང་གི་ཉམས་མྱོང་། དེ་བཞིན་དཔྱད་ཡིག་ལྟ་ཀློག་དང་རྒན་རབས་ལ་བཀའ་འདྲི་ཞུས་པ་རྣམས་ལ་ཕྱོགས་བསྡོམས་དང་དཔྱད་ཞིབ་བྱས་ཏེ་སྦ་གསང་གང་ཡང་མེད་པའི་ཐོག་ནས་ལག་ལེན་རྒྱུན་འཛིན་དང་སྲུང་སྐྱོབ་གནང་མཁན། ཞིབ་འཇུག་གནང་མཁན་རྣམས་ལ་དཔྱད་གཞིར་ཕན་ན་སྙམ་ནས་ཡིག་ལམ་དུ་བཀོད་པ་ལ། སྐྱོན་དང་ནོར་འཁྲུལ་གྱི་ཆ་མི་ཉུང་བ་ཞིག་མཆིས་ངེས་ན། རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱིས་བཀའ་སློབ་ལྷུག་རྩོལ་ཡོད་པ་མཁྱེན། །
ལུང་འདྲེན་དཔྱད་ཡིག
①སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། 《རྟེན་གསུམ་བཞུགས་གནས་དང་བཅས་པའི་སྒྲུབ་ཚུལ་དཔལ་འབྱོར་རྒྱ་མཚོ》བཟོ་གནས་དང་སྡེབ་སྦྱོར། 《དཔལ་ལྡན་ས་སྐྱའི་གསུང་རབ་》པོད་གསུམ་པ། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2004ལོར། ཤ166
②ཕྲེང་ཁ་པ་དཔལ་ལྡན་བློ་གྲོས་བཟང་པོ། 《བཟོ་རིག་པའི་བསྟན་བཅོས་མདོ་རྒྱུད་གསལ་བའི་མེ་ལོང་》ཞོལ་དཔར་མ། ཤ3
③④⑤⑥གུས་པའི་ཐོག་མའི་རི་མོའི་སློབ་དཔོན་སྨན་གྲོང་ཟླ་བ་དོན་གྲུབ་ལགས་ཀྱི་གསུང་ལྟར་༡༩༩༠ལོར་ཟིན་བྲིས་སུ་བཏབ་པ་ཞིག་ལས་དྲངས།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1