རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཚམ་འདྲིའི་ཡི་གེ་བཏང་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་འཚམ་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


        ལོ་གསར་འཆར་ལ་ཉེ་བས་གངས་ལྗོངས་ས་མཐོར་དགའ་སྤྲོའི་དཔལ་ལ་རོལ། ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཚམ་འདྲིའི་ཡི་གེ་བཏང་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་འཚམ་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད།

        འཚམ་འདྲིའི་ཡི་གེའི་ནང་འདས་ཟིན་པའི་ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་མཐའ་འཁྱོངས་བྱེད་པ། ཏང་གི་བོད་སྐྱོང་མཛད་ཇུས་དང་ཁྲིམས་ལྟར་བོད་སྐྱོང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་བོད་ཡུན་རིང་བདེ་འཁོད་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན། ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐོང་རྒྱུ་འགན་ལེན། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱས་ནས་འགན་འཁུར་ཕོད་པ་དང་། ཤུགས་སྣོན་ཆད་མེད། སྙིང་རུས་གཏན་འཁྱོངས་བཅས་ཀྱི་སྒོ་ནས་བོད་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུ་དང་གོམ་སྟབས་གསར་པ་སྤོ་རྒྱུར་སྐུལ་འདེད་བཏང་ཡོད། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1310.6ཟིན་པ་དེ་དུས་མཚུངས་ལས་10%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་30671དང་སྒོར་10330ཟིན་ནས་10.3%དང་13.6%སོ་སོར་འཕར་བ། ཞིང་འབྲོག་པའི་ཡོང་འབབ་ཐོག་མར་སྒོར་ཁྲིའི་འགག་སྒོ་ལས་བརྒལ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་ཅིང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་1705ཡི་དབུལ་ཞྭ་ཕུད་པ། དབུལ་པོའི་རྫོང(ཆུས)25དབུལ་སྒྲོལ་དང་དབུལ་ཞྭ་འབུད་པའི་ཆ་རྐྱེན་འཛོམས་པ། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་བཀོད་སྒྲིག་ས་ཚིགས་433བསྐྲུན་པ། ཐོན་ལས་དབུལ་སྐྱོར་རྣམ་གྲངས་1720མངོན་འགྱུར་བྱུང་ནས་མང་ཚོགས་སྔར་ལས་མང་བ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་ནང་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་ཡང་རྙེད་ཡོད། དམངས་འཚོ་འགན་ལེན་དང་ལེགས་གཏོང་གི་བཀྲག་མདངས་འཚེར་ས་མང་པོ་མངོན་ཞིང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་བྱེད་ཐབས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་པས་མཐོ་སློབ་སློབ་ཐོན་སློབ་མ་9134ཡིས་ཁྲོམ་རའི་ལས་ཞུགས་བརྒྱུད་ཁྲོམ་རས་ལས་ཞུགས་ལ་གཙོ་ཁྲིད་བྱ་རྒྱུར་ཚད་བརྒལ་རང་བཞིན་གྱི་ཕན་འབྲས་ཐོན་ཏེ་ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་མཁན་ཁྲི་5.5མང་དུ་ཕྱིན་ཡོད། སློབ་གསོ་དང་། ཚན་རྩལ། འཕྲོད་བསྟེན། རིག་གནས། ལུས་རྩལ་སོགས་སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཏེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། མི་རིགས་མཐུན་སྒྲིལ་སྔར་བས་སྲ་བརྟན་དུ་ཕྱིན་ནས་སྒོ་དབྱེ་དང་། དགའ་བསུ། བསྟུན་མཁས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ནང་སར་ལས་ཞུགས་ལས་གཏོད་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་ཧུར་ཐག་བྱེད་པ། ནང་སའི་མི་སྣ་བོད་དུ་མ་འཇོག་བྱས་ནས་བྱ་གཞག་གཏོད་རྒྱུར་ཡིད་དབང་འགུག་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ། “ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔའི”བསམ་བློ་མི་སེམས་ལ་གཏིང་ཟབ་ཟུག་པ་བཅས་བྱས་པས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། མཐའ་མཚམས་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་ནས་དམག་དཔུང་འདུས་སྡོད་དང་དམངས་སེམས་བདེ་འགོད་གལ་ཆེ་མཉམ་དུ་འཛིན་རྒྱུ་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཡུལ་སྨད་ཚད་བརྒལ་ཡོང་གཞིར་བྱེད་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་122ལས་འགོ་ཚུགས་ནས་བསྐྲུན་པ། མཐའ་མཚམས་མི་དམངས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་ཤུགས་ཆེན་དང་ཁ་གསབ་ཚད་གཞི་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་མཐའ་མཚམས་མི་དམངས་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་སྐྱོང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་མཁན”ཞིག་བྱེད་འདོད་པའི་བསམ་བློ་སྔར་བས་ཆེ་རུ་ཕྱིན་ཡོད། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འདུ་འགོད་ལག་ལེན་བསྟར་བ། སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་ནུས་ལྡན་བྱེད་པ་བཅས་ཀྱི་ཐད་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཐེངས་དྲུག་པའི་ཁས་ལེན་གང་ལེགས་ཐོབ་ཡོད། ཆོས་ལུགས་འཆམ་མཐུན་དང་ལམ་ལྷོངས་ཡོད་ཅིང་། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པ་དང་། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། “མཐའ་ཚད་གསུམ”ནན་པོ་སྲུང་བ། ཆོས་ལུགས་ཀྱི་ཚ་རླབས་དང་ཆོས་ལུགས་ཐལ་སྐྱོད་ཀྱི་གནས་ཚུལ་ཐོན་རྒྱུ་མཐའ་གཅིག་ཏུ་འགོག་པ་བཅས་བྱས་ནས་དད་ལྡན་མང་ཚོགས་ལ་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོད་ཅིང་། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ། “མ་བྱུང་སྔོན་འགོག་རྩ་དོན་དུ་འཛིན་ནས་ལས་དོན་སྒྲུབ་པ་དང་། དོན་ཆེན་ཐོན་རྒྱུ་སྔོན་འགོག་བྱས་ནས་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་དོན་འཁྱོལ་བྱེད་སྟངས་དེ་ལས་བྱེད་པར་ལྟ་སྟངས་འཛིན་པའི་ཚད་གཞིར་འཛིན་པ”བཅས་བྱས་པས། མི་རིགས་ཁག་གི་མང་ཚོགས་རྣམས་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་ལྡོག་ཡོང་བཞིན་ཡོད། ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་ཐེབས་ཤིང་། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་ཀྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཡག་པོ་ཞིག་བཏོད་ཐུབ་ཡོད་ཅེས་འཁོད་ཡོད་པ་རེད།

        འཚམ་འདྲིའི་ཡི་གེའི་ནང་། བདེ་སྐྱིད་ནི་འབད་བརྩོན་ལས་བྱུང་བ་ཞིག་ཡིན་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ན་གཞི་ནས་ཕུགས་བསམ་མངོན་འགྱུར་ཡོང་ཐུབ། 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་དང་རང་རྒྱལ་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་ལ། རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་རྗེས་མཐུད་ཀྱི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་ནས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ལས་དོན་ཡག་པོ་སྒྲུབ་པ་དང་། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། བོད་ཀྱི་ལས་དོན་ཁག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་བཅས་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་ལ་དྲིན་ལན་འཇལ་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

        མཇུག་ཏུ་འཚམ་འདྲིའི་ཡི་གེའི་ནང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོ། ཁ་གཏད་བོད་སྐྱོར་ལས་བྱེད་པ། གྲོང་སྡོད་དང་དགོན་སྡོད་ལས་བྱེད་པ་ཡོངས། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་བློ་མཐུན་ཡོངས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ལྗོངས་ཡོངས་ཀྱི་སྔོན་གཤེགས་དཔའ་བོའི་ནང་མི་དང་དམག་མིའི་ནང་མི། གསར་བརྗེའི་རྨས་སྐྱོན་ཕོག་པའི་དམག་མི། བྱས་རྗེས་བཞག་པ་དང་། དམག་ལོག དམག་ཞབས་ཐིམས་པ། ལས་སྒྱུར་བཅས་ཀྱི་དམག་མི། དམག་དཔུང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ། དམག་ཁོངས་ནང་མེད་པའི་རྒན་ཡོལ་ཞུས་པའི་ལས་བཟོ། ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས། གཉིས་ལྡན་དུད་སྦྲེལ་དང་། རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་བཅས་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་ལོ་གསར་པའི་ནང་སྐུ་གཟུགས་གསལ་ཐང་དང་། ཁྱིམ་ཚང་འཆམ་མཐུན། བྱ་བ་ལམ་འགྲོ། བཀྲ་ཤིས་བདེ་ལེགས་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1